ཞབས་བརྟན་རིན་པོ་ཆེ་ཡིད་བཞིན་ནོར་བུའི་ཚེ་བུམ་ཞེས་བྱ་བ།།

ཞབས་བརྟན་རིན་པོ་ཆེ་ཡིད་བཞིན་ནོར་བུའི་ཚེ་བུམ་ཞེས་བྱ་བ།།

ན་མོ་གུ་རུ་པདྨ་ཀ་ར་ཡེ༔
པདྨའི་ཐུགས་རྗེ་རྟ་ལྗང་གཟི་འོད་ཀྱིས༔
ཛམ་གླིང་བཀྲ་ཤིས་སྣང་བས་ཁྱབ་པར་དཀྲིག༔
ཕན་བདེའི་མཛེས་སྐུ་སངས་རྒྱས་ཡེ་ཤེས་གཟུགས༔
རིགས་སྔགས་འཆང་བའི་རྒྱལ་པོར་ཞབས་བརྟན་གསོལ༔
པདྨས་ལུང་བསྟན་པདྨའི་རྒྱལ་ཚབ་ཆེ༔
པདྨའི་གཏེར་འབྱེད་པདྨ་རང་གྲོལ་རྩལ༔
པདྨ་དབང་དྲག་པདྨ་མཆོག་བསྟན་འཛིན༔
གསང་སྔགས་མཛོད་འཛིན་གླིང་པར་ཞབས་བརྟན་གསོལ༔
ཁྱོད་སྐུ་སྣང་སྲིད་ཟིལ་གནོན་གྲུབ་པ་ལ༔
གསུང་གི་རིག་སྔགས་རྡོ་རྗེའི་སྒྲ་ཆེན་སྒྲོགས༔
ཟབ་ཞི་འགྱུར་མེད་བདེ་ཆེན་འོད་གསལ་ཐུགས༔
ཡོན་ཏན་འཕྲིན་ལས་མཁའ་ཁྱབ་འཚོ་བཞེས་གསོལ༔
དེ་ལྟར་གསོལ་བ་བཏབ་པའི་ནུས་མཐུ་ཡིས༔
དཔལ་ལྡན་བླ་མའི་ཞབས་པད་བསྐལ་བརྒྱར་བརྟན༔
བོད་ཁམས་དུས་ཀྱི་རྒུད་པ་ཀུན་ཞི་ནས༔
བསྟན་འགྲོར་བདེ་སྐྱིད་རྒྱས་པའི་བཀྲ་ཤིས་སྩོལ༔
ཅེས་པ་ཡང་གཏེར་ཆེན་པདྨ་དྲག་སྔགས་གླིང་པ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་བགྱིས་པར་སརྦ་བི་ཛ་ཡནྟུ་མངྒ་ལཾ།། །