ཨེ་མ་ཧོའི་དེབ་གཟུགས།

བོད་བརྒྱུད་རྣལ་འབྱོར་གྱི་སྒོམ་རིམ།། དབྱིན་ཡིག།

ན་མོ་གུ་རུ་བུདྡྷ་ཛྙྰ་ནྰ་ཡ།།

ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།

དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།

འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།

བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།

ཞེས་བརྒྱུད་གསུམ་བླ་མ་དམ་པར་བསྟོད་གསོལ་སྔོན་དུ་བཏངས་ནས་རྟེན་འབྲེལ་ལེགས་འགྲིགས་ཀྱི་གཏམ་ཐུང་ཞིག་ཞུ་འདོད།

ངོས་ནས་དབྱངས་གསལ་ཀྱི་རོ་བཅུད་ལ་ཆགས་ནས་ཕ་སྐད་གཙང་མའི་ལེགས་བཤད་དུ་བཀའ་གཏེར་དུ་མའི་འགྲེལ་བ་དང་ལོ་རྒྱུས་ཆོས་འབྱུང་། སྤྱི་དོན་དང་འབེལ་གཏམ། ཆོས་དང་འཇིག་རྟེན་གྱི་ལེགས་ཉེས་ཆ་དང་། གདམས་མགུར་དང་གབ་ཚིག གླུ་བྲོ་དང་བགྲོ་གླེང་། གསོལ་འདེབས་དང་ཞབས་བརྟན་སོགས་དུས་ཚོད་དམ་འཛིན་གྱིས་ཆོས་མཆེད་ནང་ཚེགས་ཀུན་ལ་གང་ཤར་བྲིས་པ་དག་ཀྱང་དེབ་གྲངས་བརྒྱད་དུ་ཐལ། ད་དུང་མུ་འཐུད་ནས་དྲ་ཐོག་དང་སྨྱུ་གུ་གོས་དང་འབྲལ་མེད་དུ་འགྲོགས་ནས་མི་ལོ་ཉེར་གཅིག་ཕྱིན།

ཁྱད་པར་དུ་དམིགས་བསལ་དུ་རྒྱ་བལ་ལ་འབྲུག་སོགས་ཧི་མྰ་ལ་ཡི་མངའ་ཁུངས་སུ་མཆིས་པའི་བོད་རིགས་དང་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་རིགས་དང་ངོས་ཀྱི་སློབ་ཚོགས་ཡོངས་ལ་ཕན་ཐབས་སུ་བོད་སྒོམ་གྱི་རྣལ་འབྱོར་ཞེས་པ་དབྱིན་ཡིག་ཐོག་ནས་བྲིས་པ་དཀར་བསྐྲུན་ཟིན་པ་ལག་སོན་བྱུང་བས་དགའ་སྤྲོ་བརྟས།།

སྦྱོར་དངོས་རྗེས་གསུམ་ལས་དང་པོ་སྔོན་འགྲོ་ནི་དད་གུས་མོས་པའི་ཕྱག་འཚལ་ནས་སྔོན་འགྲོའི་ཕྱག་རྒྱ་དང་ལུས་སྦྱོང་ཆོས་སྤྱོད་བཅུ་དང་འབྲེལ་བའི་ཞི་ལྷག་གི་གསང་གསུམ་བཤད་པ་དང་།

གཉིས་པ་དངོས་གཞི་ཡིད་བཞིན་མཛོད་ཀྱི་ཟབ་དོན་རྡོ་རྗེ་སྙིང་པོའི་ལུས་སྦྱོང་གི་རྣལ་འབྱོར་ཉི་ཤུ་དང་ཟག་མེད་ཆོས་སྐུའི་རྣལ་འབྱོར་བཅས་ཉེར་གཅིག་གིས་ནད་གདོན་གྱི་གེགས་མི་འབྱུང་ཞིང་ལུས་བདེ་སེམས་སྐྱིད་ཀྱི་མན་ངག་བཤད་པའོ།།

གསུམ་པ་ཕྱི་ནང་གསང་བ་ཡང་གསང་གི་རྣལ་མའི་རྣལ་འབྱོར་དང་ལུས་ངག་ཡིད་ཀྱི་རྣལ་འབྱོར་ལ་འབད་པས་ཡང་དག་ཆོས་པའི་བཟོད་ལྟ་དང་སྒོམ་རིམ་གྱི་དགེ་རྩ་དང་མི་ཚེ་དོན་དང་ལྡན་པའི་འབྲས་བུ་བཤད་པའོ།།

ཀུན་མཁྱེན་བརྒྱུད་པའི་ཟབ་གནད་སྙིང་པོ་ལས།།

ཀུན་ཕན་རྣལ་འབྱོར་སྒྲུབ་པའི་ལམ་བཟང་ཉིད།།

ཀུན་གྱི་གོ་བདེ་མན་ངག་རིན་ཆེན་འདིས།།

ཀུན་བཟང་གདོད་མའི་ས་ལམ་མཐར་ཕྱིན་ཤོག།

ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་སྣྲོན་ཟླའི་ཚེས་པ་བཅོ་ལྔ་འམ་འཛམ་གླིང་སྤྱི་བསང་གི་ཉིན་བདག་གི་དབྱིན་དེབ་ལག་སོན་སོགས་རྟེན་འབྲེལ་ལེགས་འཛོམས་སྐབས་སུ་ཨེ་མ་ཧོས་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་བགྱིས་པར་དགེའོ།། །།