• September 2026

    ཨེ་ཝྃ་སྒོམ་ཐབས་སྐད་ཅིག་མ།

    ཨེ་ཝྃ་སྒོམ་ཐབས་སྐད་ཅིག་མ། ཨེ་མ་ཧོ།། ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་ཀ་དག་སྟོང་གསལ་སྣང་བ་འཁྲུལ་མེད་དམ་པ་ཆོས་ཀྱི་དབྱིངས།། བདེ་ཆེན་བདུད་རྩིའི་དྭངས་གསལ་ཡངས་པ་ལྷུན་གྲུབ་འོད་གསལ་འཛིན་མེད་ལྟ་བ་དབྱིངས་རིག་བརྗེན་པའི་གཤིས།། སངས་རྒྱས་ཡེ་ཤེས་གཉུག་སེམས་དེ་ཉིད་ཨེ་ཝྃ་ཟུང་འཇུག་ཀུན་དང་མཚུངས་མེད་ངང་དུ་རོལ་གཅིག་ཕྱིར།། མ་ལུས་ཆོས་ཀུན་མ་གཡོས་མ་བཅོས་ངོ་བོ་རང་བཞིན་ཐུགས་རྗེ་ཆེན་པོས་དག་མཉམ་ཀློང་དུ་ཨ་།། ཞེས་ཨ་ཅི་ནུས་བཟླའ་བཞིན་དུ་མཐར་ནི་ངག་སྒྲ་མེད་དང་སེམས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞགས་ནས་དད་གུས་བླ་ན་མེད་པའི་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ངང་དུ་མཉམ་པར་བཞག་གོ། ཅེས་པ་འདི་འང་ཤར་ཕྱོགས་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོས་བསྐུལ་ངོར་ཐོ་རངས་ཁར་ཉམས་སྣང་གང་ཤར་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དེ་ཉིད་དུ་ཕུལ་བར་དགེའོ།། །། 7/9/2026

  • August 2026

    ངེས་དོན་གྱི་མཁས་དབང་ཉིད་དགོངས་པ་རྫོགས་ཟིན་འདུག

    ངེས་དོན་གྱི་མཁས་དབང་ཉིད་དགོངས་པ་རྫོགས་ཟིན་འདུག ཀྱེ་མ་ཧོ།། རབ་འབྱམས་མཁས་པ་ངག་གི་དབང་ཕྱུག་མཆོག། རེ་ཞིག་དགོངས་པ་ཆོས་དབྱིངས་སུ་གཟིམས་ཀྱང་།། བསྟན་འགྲོར་ཕན་བདེའི་མཛད་པའི་འོད་སྣང་ཞིག། མྱུར་ཏུ་འཆར་བའི་སྨོན་ལམ་སྙིང་ནས་སྨོན།། ཤྲཱིས་སོ།། རེ་ཞིག་དགོངསགངས་ཅན་བོད་ཀྱི་ཤེས་རིག་གི་དཔེ་མཛོད་ཁང་ཆེན་པོ་ཞིག་ང་ཚོ་དང་གཏན་དུ་བྲལ་བར་མྱ་ངན་ཞུ། མཐའ་ཡས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་། ལུང་རྟོགས་བསྟན་པའི་སྲོག་ཤིང་དུ་གྱུར་པའི་དཔལ་ལྡན་བཤེས་གཉེན་ཆེན་པོ། མཁས་པའི་དབང་པོ་དགེ་བཤེས་ངག་གི་དབང་ཕྱུག་རིན་ཆེན་དངོས་གྲུབ་མཆོག་དེ་རིང་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་བཞེད་སྐྱོ་བའི་གནས་ཚུལ་ཐོས་རྗེས། ཡིད་མ་ཆེས་པའི་མྱ་ངན་དང་སྐྱོ་གདུང་གིས་སེམས་ཁོང་ཡོངས་སུ་ནོན་སོང་། ཁོང་དང་ང་གཉིས་ནི་ཕ་ས་གཅིག་ལས་ཆེ་བའི་ཕ་ཡུལ་གཅིག་པའི་གཉེན་ཟླ་ཙམ་མ་ཟད། ཁོ་བོས་བརྩམས་པའི་དེབ་ཁ་ཤས་ཀྱི་སྔོན་གླེང་དང་མཇུག་བྱང་གི་འཚམས་སྦྱོར་གཞུང་ལུགས་ཀྱི་དཔྱད་སྟོབས་དང་ལྡན་པའི་སྒོ་ནས་འབྲི་གནང་མཛད་མྱོང་བ་དང་། དེ་བཞིན་སྐད་འཕྲིན་ཚོགས་པའི་ནང་དུ་རིག་གཞུང་གི་བགྲོ་གླེང་དང་རྩོམ་ཡིག་གི་ལམ་ནས་དགག་བཞག་བགྲོ་གླེང་མང་པོ་བྱེད་མྱོང་བའི་གཅེས་པའི་རིག་གྲོགས་དང་། བརྩེ་བའི་འབྲེལ་ལམ་ཟབ་པའི་གོ་ས་མཐོ་བའི་བཤེས་གཉེན་ཞིག་ཀྱང་ཡིན། ཁོང་ནི་བོད་ཀྱི་རིག་གནས་དང་བསྟན་པའི་གནས་བབ་གལ་ཆེན་ནང་། རླབས་ཆེན་གྱི་མཛད་རེས་དང་འཕྲིན་ལས་ཀྱིས་ཕྱུག་པའི་ཤེས་རིག་གི་མཛོད་ཁང་ཆེན་པོ་ཞིག་དང་། ཕྱི་རབ་པ་རྣམས་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཆེན་པོ་ཞིག་ཡིན། དེ་རིང་མཁས་དབང་ཁོང་ང་ཚོ་དང་གཏན་དུ་བྲལ་བ་ནི། གངས་ཅན་བོད་ཀྱི་ཤེས་རིག་དང་བསྟན་པ་སྤྱིའི་འཕེལ་རིམ་དང་། ལྷག་པར་དུ་ཁོ་བོ་སྒེར་གྱི་སེམས་ཁོང་དུ་ཕངས་སེམས་དང་གྱོང་གུན་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་གྱུར། ལུང་རྟོགས་ཀྱི་ཡོན་ཏན། གཞུང་ལུགས་རྒྱ་མཚོར་འཆད་རྩོད་རྩོམ་གསུམ་གྱིས་མཁས་པའི་མཛད་པ་མཐར་ཕྱིན་པ། འབྲེལ་ལམ་དང་མཛད་ཕྲིན། ཕ་ཡུལ་གཅིག་པའི་བརྩེ་སེམས་དང་། རིག་གཞུང་བགྲོ་གླེང་དང་དེབ་ཀྱི་སྔོན་གླེང་སོགས་ཀྱིས་འབྲེལ་བའི་རིག་གྲོགས་དམ་པ། སློབ་མ་གྲངས་མེད་ལ་ཤེས་རིག་གི་བདུད་རྩི་འབུལ་མཁན་གྱི་བཤེས་གཉེན་ཆེན་པོ། མྱ་ངན་དང་སྨོན་ལམ། ཁོང་གི་རླབས་ཆེན་གྱི་མཛད་རེས་ལ་རྗེས་དྲན་དང་། གཏན་གྱི་སྐྱབས་གནས་སུ་མྱུར་དུ་སྐྱེ་བ་བཞེས་ནས་ཡང་བསྐྱར་འགྲོ་བའི་དོན་མཛད་པའི་སྨོན་ལམ་ཞུ། ཁོང་གི་སྐུ་ཡི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཡང་། ཐུགས་ཀྱི་ཡོན་ཏན། གསུང་གི་བདུད་རྩི། རིག་གཞུང་གི་འོད་སྣང་དང་རླབས་ཆེན་གྱི་མཛད་རེས་རྣམས་ང་ཚོའི་སེམས་ཁོང་དུ་གཏན་དུ་གནས་པར་ངེས། རིག་གྲོགས་གདོང་མཁན་པས། ༢༠༢༦/༨/༢༡/༩/༤༠ཏྲེ་ཧོར་རྒྱལ་ཡོངས་ལྷན་ཚོགས། See less

  • July 2026

    ༈ ༸སྐྱབས་རྗེ་དམ་པ་མཁན་ཆེན་བསོད་ནམས་དར་རྒྱས་ཀྱི་

    ཞབས་བརྟན་ཚེ་མཆོག་དཔལ་གཏེར་ ཅེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་རཏྣ་པུནྱེ་ཏྲ་ཡཱ་ཡ།། ༼༡༽ ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།། ལྷུན་གྲུབ་ཡེ་ཤེས་རོལ་གར་རྡོ་རྗེ་འཆང་།། བཅོམ་ལྡན་རིག་པའི་དབང་ཕྱུག་པདྨ་འབྱུང་།། ཆོས་རྗེ་ཡིད་བཞིན་ནོར་བུས་དགེ་ལེགས་སྩོལ།། ༼༢༽ བསོད་ནམས་ཡེ་ཤེས་ཚེ་དཔག་མེད་པའི་སྐུ།། ལུང་རྟོགས་བསྟན་པའི་བཤད་སྒྲུབ་སྤེལ་བའི་གསུང་།། རྒྱལ་ཀུན་ཡོན་ཏན་འཕྲིན་ལས་ཀུན་མཁྱེན་ཐུགས།། མཁན་ཆེན་དམ་པའི་བཞེད་དོན་ལྷུན་གྲུབ་ཤོག། ༼༣༽ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་དང་།། རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་དང་།། སྐུ་གསུམ་རྒྱལ་བའི་མཛད་པ་སྐྱོང་བའི་མགོན།། མ་ལུས་འགྲོ་བའི་དཔལ་དུ་ཞབས་བརྟན་ཤོག། ཅེས་པ་འདི་ཡང་རབ་གནས་ཟིལ་གནོན་ཞེས་པ་མེ་ཕོ་རྟ་ཡི་ལོ། སྣྲོན་ཟླའི་ཆོས་འཁོར་བསྐོར་བའི་དུས་བཟང་ངམ་མགོན་པོ་གང་གི་སྐུ་ཡི་འཁྲུངས་སྐར་ལ་རིག་འཛིན་ཀུན་བཟང་ཆོས་སྒྲོན་དང་རིག་འཛིན་དབྱངས་ཅན་ལྷ་མོ་དང་ཨེ་ཝྃ་རིག་འཛིན་དཔལ་སྒྲོལ་སོགས་དད་གུས་དག་སྣང་ཅན་གྱིས་བསྐུལ་ངོ་དང་འོད་གསལ་དག་སྣང་བའི་བར་གསེང་ནས་གང་ཤར་བ་ཉིད་ལ་བཅོས་བསྒྱུར་གང་ཡང་མེད་པར་ནུབ་ཕྱོགས་ཡོ་རོབ་སི་ལོ་ཝི་ནི་ཡའི་ཨེ་ཝྃ་ཀརྨ་ནོར་བུ་གླིང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་སྨོན་ཚིག་ཏུ་བྲིས་པར་དགེའོ།། དགེའོ།། དགེའོ།། །།

  • June 2026

    འཛམ་གླིང་སྤྱི་བསང་གི་དུས་ཆེན་ངོ་སྤྲོད་མདོར་བསྡུས།

    ཨེ་མ་ཧོ། ། གངས་ལྗོངས་ཀྱི་དབུས་གཙང་གི་གཙོ་བོར་གྱུར་པའི་ཡུལ་གྲུར་བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་སྤྱི་བསངས་ཞེས་པའི་དུས་སྟོན་གཏོང་སྲོལ་ཡོད་པ་འདི་ཉིད་ཀྱི་བྱུང་ཚུལ་ནི། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཏེ་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་དམ་ལ་བཏགས་ནས་ལས་ལ་བསྐུལ་བས་བསམ་ཡས་མི་འགྱུར་ལུགས་གསུམ་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་སྐབས་ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་མགྱོགས་པར་བྱུང་ནས་ལེགས་བསྒྲུབས་ཟིན་པའི་གཏང་རག་ཏུ་ཧད་པོ་རི་རྩེར་སློབ་དཔོན་རིན་པོ་ཆེས་རྒྱགས་རྔན་ལྷ་བསང་གི་འདོན་ཆོས་བརྩམས་ཏེ་བསང་མཆོད་ཀྱིས་གཟེངས་བསྟོད་རྒྱ་ཆེར་མཛད་པའི་དུས་ཚོད་དང༌། དུས་དེ་ནས་བཟུང་ལོ་ལྟར་བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་ཡོངས་ཀྱི་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་སྤྱི་བསངས་དང་གསོལ་མཆོད་བྱེད་པའི་སྲོལ་བཟང་འདི་ཉིད་དར་འཕེལ་བྱུང་བ་ཞིག་ཡིན། དབྱར་གསོལ་རྗེས་འབྲེལ་དགའ་སྟོན་གྱི་སླད་ལས་ཁུངས་སོ་སོས་སྤྲོ་ཆུང་ཉིན་གསུམ་ནས་ལྔའི་བར་གཏོང་སྲོལ་ཡོད་པ་བཅས་ཀྱི་ཐོག་དུས་དེར་ལྷ་ས་ཁུལ་དུ་གནམ་གཤིས་དྲོ་ལ་རྩི་ཤིང་ལོ་འདབ་རྒྱས་པ། མེ་ཏོག་བཞད་ཅིང་ཆར་རྒྱུན་གྱི་འགོ་ཚུགས་པ། ཁུ་བྱུག་གི་གྲེ་འགྱུར་རྣ་ལར་འཇེབས་པ། ཞིང་ལས་ལ་བྲེལ་འཚུབ་འཇགས་ཐོག་ཟས་རིགས་སོས་པ་ཁྲོམ་རར་དོན་པ་སོགས་ཀྱི་སྐབས་ཡིན་པས་གྲོང་ཁུལ་ཁོར་ཡུག་གི་གླིང་ཁ་རྣམས་སུ་དབྱར་སྐྱིད་སྤྲོ་གསེང་ལ་རོལ་བའི་སྐྱེ་བོ་རྣམས་གུར་རམ་རས་ཡོལ་གྱིས་བསྐོར་ནས་ཞིམ་མངར་བཟའ་བཏུང་ལ་རོལ་བཞིན་པར་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་ཁྲོད་དུ་གཞས་དང་ཞབས་བྲོས་ཁེངས་པ་དང༌། ལ་ལས་གུར་ནང་ཞག་སྡོད་ཉིན་བཅུ་གྲངས་ཀྱང་བྱེད་སྲོལ་ཡོད། མཆོད་པ་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་པའི་མཛད་སྒོ་དེ་ནི་མི་ལོ་སྟོང་གི་གོང་སྟེ། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ཁང་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་ནས། སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དེ་ཕྱིར་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་གནང་བ་དང་འབྲེལ། གུ་རུ་པད་མ་འབྱུང་གནས་ཀྱིས་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས་པའི་དུས་དང་བསྟུན་ནས། འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་བསང་གི་བརྔན་པའི་དུས་བཟང་དེར། འཛམ་གླིང་སྤྱི་བསང་ཞེས་སུ་གྲགས། ཤྲཱིས་སོ།།

  • May 2026

    ༄༅།།ཐིག་ལེ་འཛིན་མེད་ཆོས་ཀྱི་དབྱིངས་སུ་ཐིམ།

    ༄༅།།ཐིག་ལེ་འཛིན་མེད་ཆོས་ཀྱི་དབྱིངས་སུ་ཐིམ། ཨེ་མ་ཧོ༔ ༼༡༽ ཀ་དག་དེ་བཞིན་ཉིད་ཀྱི་ཏིང་འཛིན་ལས།། ལྷུན་གྲུབ་ཀུན་སྣང་འོད་ཀྱིས་ཞིང་ཀུན་ཁྱབ།། ཨེ་ཝྃ་ཡེ་ཤེས་རིག་པའི་ཐིག་ལེ་ཉིད།། ཆོས་ཉིད་དབྱིངས་སུ་ཐིམ་པའི་རྟེན་འབྲེལ་ཤར།། ༼༢༽ སྣང་བ་ལྷ་རུ་ལྟ་བའི་བསྐྱེད་རིམ་གསལ།། གྲགས་པ་སྔགས་སུ་རྫོགས་པའི་རིམ་པར་གནས།། དྲན་པ་ཐུགས་རྗེ་རྫོགས་པ་ཆེན་པོའི་ངང་།། ཀུན་བཟང་ཀུན་ཁྱབ་ཐིག་ལེས་ཀློང་དུ་ཨ།། ༼༣༽ མཆོག་གསུམ་རིན་ཆེན་དམ་པའི་བྱིན་རླབས་དང་།། སྐུ་གསུམ་རྒྱལ་བ་རྒྱ་མཚོས་ཐུགས་རྗེ་དང་།། དད་གསུམ་མེ་ཏོག་བཀྲ་བའི་ཐིག་ལེའི་དབུས།། རྩ་གསུམ་ཆོས་སྐྱོང་འཕོ་ཆེན་སྐུ་འགྲུབ་ཤོག།། ཅེས་པ་འདི་ཡང་རབ་གནས་ཟིལ་གནོན་ཞེས་པ་མེ་རྟ་ལོའི་ས་ག་ཟླ་བའི་ཡར་ངོའི་རྒྱལ་བ་གསུམ་པར་རིག་འཛིན་ཐིག་ལེ་འཛིན་མེད་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚེ་གང་ཤར་དུ་དེ་ཉིད་ཐོལ་སྨོན་དུ་རྨི་ལམ་དབང་ཕྱུག་གམ་ཤྲཱིཿ གླིང་པས་སོ།། 28/5/26.9.21PM

  • April 2026

    ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་བྲིས་པའི་སྙན་ཚིག

    ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་བྲིས་པའི་སྙན་ཚིག རྩོམ་པ་པོ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། དུང་སེམས་བདུད་རྩིའི་ཟིལ་བ་ཆགས་པའི།།གངས་དཀར་མེ་ཏོག་འདབ་མའི་ངོགས་ནས།།ལང་ཚོའི་མྱུ་གུ་དལ་གྱིས་འབུས་པ།།བུ་གཅིག་མཚོ་བྱུང་འཛུམ་པའི་མེ་ཏོག། ལྷོ་ཕྱོགས་རྒྱ་མཚོའི་རླབས་ཀྱི་ངོགས་སུ།།ལས་ཀྱི་རླུང་གི་རྗེས་སུ་བསྐྱོད་པའི།།ངག་རིག་མགྲིན་པའི་རྫ་རྔ་རྡུང་བཞིན།།བག་ཡངས་ངང་ནས་ལྟད་མོར་རྒྱུ་འོ།། ལྗང་མདོག་ཏཱ་ལའི་ནགས་ཚལ་རྒྱས་པའི།།གཡུ་ཡི་འཇིག་རྟེན་ཞིང་གི་དུམ་འབུ།།མཛེས་སྡུག་གླིང་ཕྲན་གྲུ་ཟུར་ཞིག་ནས།།སྔོ་བསངས་ཡངས་པའི་ཆུ་གཏེར་མཐོང་བྱུང་།། གནམ་སྔོན་ཞུན་མ་དབྱིག་འཛིན་ལྟོ་བར།།འཁྱིལ་བ་འདྲ་ཞེས་སྙན་ངག་རྒྱན་གྱིས།།རབ་བཏགས་མིན་པའི་མཐིང་མདོག་རྒྱ་མཚོ།།ཀྱེ་མ་འདི་ན་དངོས་སུ་སྣང་ངོ།། ལྷ་ཡུལ་ལྷ་ཡི་རྗེས་ཆགས་འདྲེན་བྱེད།།ཟུམ་པ་མེད་པར་སྟོང་ཕྲག་བགྲང་བྱའི།།དུས་ཀྱི་ཁྱུད་མོར་གཡོ་མེད་གཏད་པའི།།ཡིད་ཀྱི་རྒྱ་མཚོ་ཁྱོད་རང་ཡིན་ནམ།། མི་ཡུལ་ཚེ་སྲིག་ཐོག་མའི་འབྱུང་ཁུངས།།གདོད་མའི་རྒྱ་མཚོར་གྲགས་པའི་མཚན་སྙན།།མཚན་རིག་མཁན་པོས་རབ་བཏགས་མིན་ན།།བདག་ཀྱང་ཁྱོད་ཀྱི་བུ་རྒྱུད་མིན་ནམ།། ཡཱ་ལོང་ཝན་གྱི་བྱེ་མའི་སྟེང་དུ།།རྐང་རྗེས་གསར་པའི་རི་མོ་ཕབ་སྟེ།།འབྲོས་དེད་ཚུལ་གྱིས་རླབས་དང་བརྩེས་ནས།།དང་མའི་སེམས་ཀྱི་བྲོ་བ་མྱང་འདོད།། ལྕིད་ཀྱིས་ནོན་པའི་རླབས་སྒྲ་རེ་རེ།།རྣ་ལམ་བརྟོལ་ནས་ཡིད་ལ་ལྷུང་སྟེ།།ཚིག་གིས་མི་མཚོན་འབྱུང་བའི་རང་མདངས།།དེ་རིང་འདི་ན་ཅི་དགའ་མྱོང་སྣང་།། རླབས་ཀྱི་ཟེགས་མ་དལ་གྱིས་ལེན་པའི།།ཐེན་ཡཱ་ཧྭེ་ཅོའི་གོར་མའི་འགྲམ་ནས།།མཚོ་མཐའ་མཁའ་ལ་འདྲེས་པའི་མཚམས་སུ།།མ་བཅོས་སེམས་ཀྱི་གསང་བ་འཚོལ་སྐད།། ཁ་ན་རླབས་ཕྲེང་གྱ་གྱུར་རྩེ་ཡང་།།གཏིང་ན་ལྷོད་ཀྱིས་ལྟེམ་མེར་ཆགས་པ།།རང་བྱུང་འབྱུང་བའི་གནས་ལུགས་འདི་ཡིས།།ནང་ཚུལ་གཤིས་ཀྱི་དེ་ཉིད་མཚོན་ནོ།། མཐོ་བ་གངས་དཀར་སྟོད་ཀྱི་ནམ་མཁའ།།དམའ་བ་ས་གཞིའི་འདབས་ཀྱི་རྒྱ་མཚོ།།ཡུལ་གྱིས་བསྐལ་ཡང་ངོ་བོའི་སྒོ་ནས།།སོ་སོར་འབྱེད་པའི་སྤུ་རིས་མ་དམིགས།། ལྟ་བའི་མིག་གི་རྒྱང་ཐག་ཆད་ཅིང་།།དྲན་པའི་སེམས་ཀྱི་དཔྱང་ཐག་ཆད་མོད།།ཁྱོད་ལས་ཐོབ་པའི་ནང་གི་ཚོར་བ།།སྐྱོ་བ་སངས་པའི་ཡིད་ཀྱི་བདུད་རྩི།། འཇུར་བུའི་བློ་ཡིས་གུད་དུ་མ་བཅད།།གུ་ཡངས་ངང་དུ་ཕྱམ་གྱིས་གློད་སྐབས།།འཁོས་ཆུང་མི་ཚེའི་སེམས་ཀྱི་གསང་བ།།མཐའ་མེད་རྒྱ་མཚོ་ཁྱོད་ལ་ཤོར་སོང་།། ཁྲི་གདུགས་ཉི་མས་ཕྱི་མིག་བལྟས་ཏེ།།རྒྱང་རིང་ནུབ་ཁའི་དམར་འོད་ངོགས་ནས།།མཇུག་མཐའི་དྲོད་ཁོལ་སྙིང་ལ་སྦྱིན་པ།།ཐག་རིང་མགྲོན་པོའི་སེམས་གསོ་ལུས་ཡིན།། ལ་འུར་དྭངས་ཤེལ་པར་ཆས་ཐོགས་ཏེ།།ང་དང་རྒྱ་མཚོའི་རླངས་ཀྱི་གཟུགས་བརྙན།།རིན་ཆེན་བྱེ་མ་བརྡལ་བའི་འགྲམ་ནས།།རྒྱང་བཞུད་དྲན་པའི་རྟེན་དུ་འཇོག་འདོད།། དཀར་གསལ་ཟླ་བ་མཁའ་ལ་ཤར་སོང་།།ཟླ་བའི་འོག་གི་རྒྱ་མཚོའི་བསིལ་ངད།།ས་མཐའི་འཁྱམ་པོའི་སེམས་ཁོང་དབུས་སུ།།སིབ་སིབ་ཐིམ་པའི་ཚོར་བ་བརྗེད་དཀའ།། ཤར་ཕྱོགས་མཁའ་མཐའི་མཚམས་སྤྲིན་བར་ནས།།སང་ཉིན་ཞོགས་པའི་ཉི་རྩེའི་འོད་ཟེར།།གཡོར་གྲུའི་བ་དན་རྩེ་ལ་འཁྱུད་དུས།།གྱེས་ཁའི་མིག་གིས་ཁྱོད་ལ་ལྟ་དགོས།། གྲྭ་རྐྱང་ང་ནི་བར་སྣང་རླུང་པོ།།གནས་གཅིག་དག་ཏུ་སྡོད་པ་མེད་པར།།ཕྱོགས་ཀྱི་ཐ་གྲུ་ལྗོངས་ནས་ལྗོངས་སུ།།རྒྱུ་ཞིང་འགྲོ་བ་རང་གི་ངང་ཚུལ།། བྲེལ་བའི་ལོ་ཟླ་རཝགྱང་དུ་བསྐྱུར་ཏེ།།རྒྱལ་ཁབ་ཉུལ་བའི་ལྡོམ་བུའི་རྐང་རྗེས།།ལྷོ་ཕྱོགས་མཚོ་ཁའི་བྱེ་མར་བཀོད་འདི།།ཐ་མ་མིན་པའི་ཁ་ཚོན་སུས་ཆོད།། ཚུལ་དེ་བསམ་ཞིང་ལྗོངས་རྒྱུའི་མྱོང་བྱང་།།མི་བརྗེད་སྙིང་གི་དྲན་པའི་རྟེན་དུ།།རྟོག་འགྱུའི་སྣང་ཤས་སྨྱུ་གུའི་རྩེ་རུ།།འགོག་པ་མེད་པར་ཐུལ་གྱིས་བབས་སོང་།། ཧྭེ་ནན་གླིང་ཕྲན་གྱི་སན་ཡཱའི་མཚོ་འགྲམ་ནས་༢༠༠༢་ལོའི་ཟླ་ཚེས་ལ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོས་བྲིས། དམར་ཆུང་སེམས་པ་གཙང་པོའི་ཆུ་ལ་བསྐྱུར། དམར་ཆུང་སེམས་པ་གཙང་པོའི་ཆུ་ལ་བསྐྱུར། །རྒྱ་སེའི་མེ་ཏོག་ཐལ་བའི་གསེབ་ཏུ་བོར། །གནག་སྣུམ་སྐྲ་ལོ་རལ་གྲིའི་ཟས་ལ་བྱིན། །འཁོར་བའི་ཆོས་ལ་བཞི་ཤད་རྫོགས་ཚིག་བྲིས། ། གྱེས་ཁའི་ཕྱི་མིག་མདུན་ནས་རྒྱབ་ཏུ་འཕངས། །ཕ་ཡུལ་རི་ལྗོངས་ན་བུན་གསེབ་ཏུ་བསྐྱུར། །ན་གཞོན་ང་དང་སྟོན་གྱི་ཤིང་ལོ་གཉིས། །ལས་ཀྱི་རླུང་གིས་ཕྱོགས་མེད་གནས་སུ་སྤུར། ། ནུབ་ཁའི་ཉི་འོད་གསེར་ཏོག་ངོས་སུ་འཁྱུད། །བྱེའུ་ཆུང་འཇོལ་མོ་བྱ་འདབས་པང་དུ་བསྙེགས། །དགུང་ཁའི་གཟིམ་དུང་དལ་གྱིས་གཉིད་དུ་ཡུར། །ལྷིང་འཇགས་དགོན་པའི་མཚན་མོ་བག་རེ་ཕེབས། ། སྒེའུ་ཁུང་ནང་ནས་རྒྱང་རིང་ནམ་མཁའ་མཐོང་། །ཚེས་བརྒྱད་ཟླ་བ་ཕྱེད་ཆས་བྲི་གྱུར་ཀྱང་། །རབ་དགའི་ཆ་རྫོགས་ཡིད་ཀྱི་རི་བོང་ཅན། །བློ་བདེའི་ལྷ་ལམ་ངོས་ན་འོད་དུ་འཚེར། ། གྲྭ་ཁང་ནང་གི་རྨི་ལམ་ཚོན་མ་ཡིས། །སྤུ་ལོང་རྒྱས་པའི་ངེས་འབྱུང་སྙིང་ནས་བསླངས། །ཞོགས་པའི་ཆོས་སྒྲ་དྲིལ་གཡེར་སྒྲ་དང་བསྡེབས། །དགའ་སྐྱོ་འབྲེལ་བའི་མཆི་མ་སེམས་ལ་ལྷུང་། ། ཟླ་འོད་ཟིལ་དཀར་དལ་གྱིས་ལེན་པ་ཡི། །མུ་འབྲེལ་གྲྭ་ཤག་བསྟར་བའི་ཁོར་ཡུག་ནས། །ཞི་དུལ་དགེ་སྦྱོང་བཙུན་པའི་ཁྱུ་འཁྲིགས་པས། །དད་བརྒྱའི་འདུན་མ་ཐར་བའི་ཕྱོགས་སུ་བསྒྱུར། ། འདས་དོན་འཁོར་བའི་སྣང་བརྙན་སོར་རྩེ་ཡིས། །སྙན་ཚིག་གཟུགས་སུ་ཕབ་པའི་ཡིག་ཆུང་དེ། །ན་བཟའ་དཀར་མོའི་ཁམས་སུ་རྒྱས་བཏབ་པས། །སྙིང་གི་དབུས་སུ་བདེ་བའི་དྲོད་ཁོལ་འབར། ། མི་ཚེ་ཕྱེད་ཀྱི་ཡུན་ལ་བཙལ་བ་ཡི། །ཞི་བའི་ཕ་ཁྱིམ་རྙེད་པའི་དགའ་བ་འདིས། །ཡུན་རིང་དུབ་པའི་སེམས་ཉིད་ངལ་སོས་ཕྱིར། །ད་ནི་མིག་ཟུང་ཟུམ་ཡང་འགྱོད་པ་ཅི། ། དབེན་གསུམ་རི་བོའི་ངོགས་སུ་གནས་བཅས་ནས། །དབུ་སྐྱེས་ལོ་ཟླའི་ཚོན་གྱིས་དཀར་བ་ཡི། །མཚུངས་བྲལ་བླ་མའི་རྗེས་ཞུགས་ཚེ་དང་ཆོས། །སྙོམས་པའི་ཞེ་དམ་སྙིང་ལ་རི་མོར་འབྲི། ། དུར་ཁུང་ནང་གི་ཨ་མ་རྒན་མོ་དེས། །ཕྱི་མའི་ཡུལ་ནས་དུང་བའི་ཤི་མིག་གིས། །བུ་ཡི་ཆོས་ལམ་བསྙེགས་པའི་ལྟད་མོ་དེ། །ཀྱེ་མ་དངོས་སུ་མཐོང་ན་དགའ་བ་ལ། ། ཆོས་རྗེ་མཆོག་གི་གསུང་འབུམ་གྱི་པར་བྱང་སྨོན་ཚིག ༀ་སྭ་སྟི་བི་ཛ་ཡནྟུ། གངས་ལྗོངས་ཐུབ་བསྟན་མེ་རོ་སློང་བ་ལ། །མ་སྨད་ཐུགས་བསྐྱེད་ལྷུན་རྫོགས་ང༵ག་གི་དབ༵ང་། །བློ༵་གྲོས༵་མཚུང༵ས་མེ༵ད་འཇིགས་མེད་ཆོས་ཀྱི་རྗེ། །དྲིན་ཆེན་བླ་མས་དུས་ཀུན་སྐྱོང་གྱུར་ཅིག ། གང་དེའི་ཐུགས་གསང་དཔལ་གྱི་བེ་འུའི་དབྱིངས། །རྡོ་རྗེ་རྣོན་པོ་རྩེན་པའི་དྲྭ་བ་ལས། །རིག་རྩལ་ཤེས་རབ་དགོངས་པའི་ཀློང་རྡོལ་ཏེ། །འཛད་མེད་ལེགས་བཤད་འཇོ་བའི་གཏམ་རྒྱུད་སྙན། ། རྣལ་མའི་དོན་ལ་ངེས་པའི་གདེང་རྙེད་ན། །ཐུགས་ལས་ཆོས་གཏེར་འབུམ་ཕྲག་རང་བྱུང་དུ། །རྩོལ་མེད་རྡོལ་བའི་ལུང་དེའི་བདེན་པའི་དོན། །མཐུན་སྣང་ལམ་དུ་གསལ་བར་མཛད་འདི་རྨད། ། གསུང་གསང་མི་ཟད་རྒྱན་གྱི་འཁོར་ལོའི་དཔ༵ལ། །དཔ༵ལ་སྟུག་ཡི་གེ་སྤྲིན་གྱི་འཁོར་ལོ་ལྟར༵།…