• December 2019

    ༄༅།།རྨི་ལམ་གྱི་རྣལ་འབྱོར་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། དེ་ལ་ས་བཅད་ཆེན་པོ་བཅུ་གཅིག་སྟེ།༡༽ ཇི་ལྟར་རྨི་ལམ་འབྱུང་ཚུལ། ༢༽ རྨི་ལམ་གྱི་རྩལ་སྦྱོང་ཚུལ།༣༽ རྨི་ལམ་བཟུང་བའི་ཚུལ།།༤༽ རྨི་ལམ་སྤྲུལ་བསྒྱུར་དུ་འགྲོ་ཚུལ།༥༽ རྨི་ལམ་འོད་གསལ་དུ་དྭངས་ཚུལ།༦༽ རྨི་ལམ་དང་འབྲེལ་བའི་གཏམ་རྒྱུད།༧༽ རྨིི་ལམ་ལ་བརྟེན་ནས་སྔོན་གནས་རྗེས་སུ་དྲན་པ།༨༽ རྨི་ལམ་གྱི་རྟགས་ཁྱད་པར་ཅན།༩༽ རྨི་ལམ་ངན་པ་བཟློག་ཐབས། ༡༠༽ རྨི་ལམ་ལ་དོན་གཉེར་ཡོད་པ་ཚོ་ལ་གཉིད་བསྐུལ་གྱི་མན་ངག་ལ་བརྟེན་ནས་རྨི་ལམ་གྱི་རྩལ་རྫོགས་ཚུལ་དང་།༡༡༽ རྨི་ལམ་བརྟན་པ་ཐོབ་ནས་རང་གཞན་དོན་གཉིས་སྒྲུབ་ཚུལ་བཅས་སོ། ཐོག་མར་མཆོད་བརྗོད་ནི།ཀ་དག་ཆོས་སྐུའི་བླ་མ་ཀུན་ཏུ་བཟང་།།ལྷུན་གྲུབ་ལོངས་སྐུའི་བླ་མ་རྡོ་རྗེ་འཆང་།།དབྱེར་མེད་སྤྲུལ་སྐུའི་བླ་མ་པདྨ་འབྱུང་།།སྐུ་གསུམ་ཀུན་འདུས་རྒྱལ་བ་སྲས་བཅས་མཆོད།། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོ་སྒྱུར།འགྲོ་བ་མ་ལུས་སྐྱོང་བའི་གཉེན་གཅིག་པུ།འཁོར་འདས་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་ལ།།དད་གསུམ་མི་ཕྱེད་གུས་པས་ཕྱག་འཚལ་ལོ།།་་་

  • December 2019

    ༄༅།།༧སྐྱབས་རྗེ་དམ་པ་གདུང་སྲས་ཕྲིན་ལས་ནོར་བུ་ལ་སྨོན་གསོལ་ཡིད་བཞིན་ནོར་བུ།།ན་མོ་གུ་རུ་པདྨ་ཀ་ར་ཡེ།།དཔལ་ཆོས་དབྱིངས་ནམ་མཁའ་ཡངས་པ་ནས།།སེམས་འོད་གསལ་ཉི་ཟླའི་སྣང་བ་ལ།།རྐྱེན་མ་རིག་མུན་སེལ་ཆོས་ཀྱི་རྗེ།།སྐྱབས་མགོན་གཅིག་རྩ་བའི་བླ་མ་མཁྱེན།།གཞི་གནས་ལུགས་རྟོགས་པར་ཐུགས་རྗེས་ཟུངས།།བླ་མ་མཁྱེན།།དཔལ་བཀའ་གཏེར་ཟབ་རྒྱས་རྒྱ་མཚོ་ལས།།གསུང་དམ་ཆོས་གདམས་ངག་བདུད་རྩིས་ཕྱུག།གནད་ཇི་བཞིན་སྟོན་པའི་མ་ཎི་ཀ།ཆོས་རྩ་བ་ཀུན་འདུས་བླ་མ་མཁྱེན།།ལམ་ཇི་བཞིན་བདེ་མྱུར་དངོས་གྲུབ་སྩོལ།།བླ་མ་མཁྱེན།།དཔལ་འཇའ་འོད་སྤྲིན་དཀར་ཀློང་ཆེན་ནས།།སྐུ་མཚན་དཔེ་ལང་ཚོ་རབ་ཏུ་བརྟས།།དོན་གྲོལ་བ་ལྔ་ལྡན་རིན་པོ་ཆེ།།མགོན་རྒྱལ་བ་ཀུན་འདུས་བླ་མ་མཁྱེན།།མཐར་བྱིན་རླབས་འབྲས་བུ་ལྷུན་གྲུབ་ཤོགབླ་མ་མཁྱེན།།གཞི་ངོ་བོ་སྐྱེ་མེད་ཀ་ནས་དག།ལམ་རང་བཞིན་འབད་མེད་ལྷུན་གྱིས་གྲུབ།།མཐར་ཐུགས་རྗེ་འོད་གསལ་རྫོགས་ཆེན་དོན།།གནད་སྨིན་གྲོལ་སྟོན་པའི་བླ་མ་མཁྱེན།།མ་འགྲོ་ཀུན་སངས་རྒྱས་སར་འགོད་སྨོན།།ཞེས་པ་འདི་ཡང་རབ་གནས་མགོ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོར་༧སྐྱབས་རྗེ་དམ་པ་རིག་འཛིན་གྲུབ་པ་མཐར་ཕྱིན་གྱི་དཔལ་ལྡན་བླ་མ་དམ་པ་དྲན་པའི་གསོལ་བདེབས་སུ་བྱས་པར་མཇལ་བའི་མོད་ལ་ཡང་སྐྱར་གང་ཤར་དད་པའི་གསོས་སྨན་དུ་ཤྲཱིཿསྨྱོན་ཨེ་མ་ཧོས་ཨེ་ཝཾ་དགེ་འདུན་གླིང་ནས་སྨོན་པརདགེའོ།། །།

  • December 2019

    མི་རྟག་པའི་གླུ།——-དཔལ་དགྱེས་པ་རྡོ་རྗེསདུས་དང་ཡུལ་གྱི་འགྱུར་བ་མི་རྟག་པ།།སེམས་དང་ཁམས་ཀྱི་ཕྲེང་བ་མི་རྟག་པ།།ཕྱི་སྣོད་ནང་བཅུད་ཐམས་ཅད་མི་རྟག་ཀྱང་།།གསང་བའི་གཉུག་མའི་ཡེ་ཤེས་རྟག་པར་རྒྱལ།།གྲོགས་དང་ལས་ལ་མི་རྟག་སྐད་ཅིག་འགྱུར།།ཆོས་བརྒྱད་བྱིས་པའི་རྩེད་མོ་མི་རྟག་པ།།བཟང་ངན་སྒྲོ་བཏགས་མ་ལུས་འཇའ་བཞིན་ཡལ།།རྟག་པ་འཇའ་ལུས་འཕོ་ཆེན་རིན་པོ་ཆེ།།རྙེད་པ་མི་རྟག་འཛད་པའི་ཕོ་ཉ་ཡིན།།བདེ་བ་མི་རྟག་སྡུག་བསྔལ་སྣོན་མ་ཡིན།།གྲགས་པ་མི་རྟག་བྲག་ཆ་ཧ་བོ་ཡིན།།བསྟོད་པ་མི་རྟག་སྨད་སའི་རྩ་བ་ཡིན།།མཁས་པ་མི་རྟག་གླན་པའི་ང་རྒྱལ་ཆེ།།བླུན་པོ་མི་རྟག་མཁས་པའི་གོ་སར་ཕྱིན།།ཐམས་ཅད་མི་རྟག་འཇིག་རྟེན་འཁོར་བ་པ།།འདུས་པ་མི་རྟག་འབྲལ་བའི་རང་བཞིན་ལ།།བསགས་པ་མི་རྟག་འཛད་པའི་གར་ལ་ལྟོས།།མཐོ་བ་མི་རྟག་སྒྱུ་མའི་གྲོང་དུ་འཁྱམས།།འཁོར་དང་ལོངས་སྤྱོད་མི་རྟག་འཇིག་པའི་ཆོས།།ཐོབ་དང་གོ་ས་དབང་ཐང་མི་རྟག་པ།།མཛའ་བའི་གཉེན་ཀྱང་མི་རྟག་དགྲ་རུ་ལོག།སྡང་བའི་དགྲ་ཡང་མི་རྟག་གྲོགས་སུ་གྱུར།།མདོར་ན་གནས་ལུགས་རང་ཞལ་མ་མཐོང་བར།།གང་ལ་བསམ་ཡང་མི་རྟག་ཁོ་ནར་འདུག།དང་པོ་མི་རྟག་པ་ཉིད་གོམས་པའི་མཐུས།།བར་དུ་ངེས་འབྱུང་རྣལ་མའི་གྲོགས་དུ་ཤར།།མཐར་ཐུག་རྟག་པ་དམ་པའི་ཕ་རོལ་ཕྱིན།།ཆོས་ཀྱི་སྙིང་པོ་མི་རྟག་སྒོམ་པ་ཡིན།།ཆོས་མིག་དག་པས་ལས་འབྲས་ཚུལ་བཞིན་སྲུང་།།ཆོས་ལ་དོན་དུ་གཉེར་བའི་ཆོས་མཆེད་ངོར།།ཆོས་ཉིད་བདེན་སྨྲ་ཤྲཱིས་དེ་སྐད་ཐལ།།འདིར་སྨྲས་དགེ་བས་བདག་བཞན་འགྲོ་བ་ཀུན།།ཀུན་བཟང་རྫོགས་པ་ཆེན་པོའི་དོན་རྟོགས་ནས།།ཆོས་དབྱིངས་གདོད་མའི་རང་གཤིས་མྱུར་མཇལ་ཞིང་།།བདེ་ཆེན་རྟག་པའི་ཆོས་ལ་རོལ་གྱུར་ཅིག།ཅེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླའི་ཡར་ཚེས་གཅིག་གི་རྨི་ལམ་དང་ཆོས་མཆེད་དམ་པ་ཚེ་དབང་རིན་པོ་ཆེས་སྐུལ་མ་ལྟར་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་སྨྲས་པར་དགེའོ།། །།

  • December 2019

    ལོ་ཆེན་བེ་རོ་ཙ་ནའི་ཡང་སྲིད་རིན་པོ་ཆེ།།ཨེ་མ་ཧོ།།ཆུང་ནས་རིགས་སད་དམ་པའི་སྐྱེས་རབས་དྲན།།དྲན་པ་ནམ་མཁའ་ཆོས་ཀྱི་དབྱིངས་དང་མཉམ།།མཉམ་ཉིད་བདེ་ཆེན་དབང་ཕྱུག་མ་ཎི་ཀ།ཀ་དག་ལྷུན་གྲུབ་ངོ་བོར་བྱང་ཆུབ་ནས།།བསྟན་དང་འགྲོ་བའི་མགོན་ཏུ་རྟག་འཚོ་ཤོག།འབྲུག་རྡོ་རྗེ་ཕུན་ཚོགས་ངོར་ཤྲཱིས་སོ།། །།

  • December 2019

    ཨ་མའི་སྙིང་ཐིག་ཡིད་བཞིན་ནོར་བུ།།ཀུན་བཟང་གདོད་མའི་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ།།འཁོར་འདས་སྣང་སྲིད་སྣོད་བཅུད་ཀུན་ཏུ་བཟང་།།ཀུན་བཟང་གདོད་མའི་རང་བྱུང་ཡེ་ཤེས་ཉིད།།ཡེ་གྲོལ་འབད་རྩོལ་ཡིད་སྨོན་ལམ་བྱེད་བྲལ།།མ་རྟོགས་སེམས་ཅན་ལོག་རྟོག་བསལ་ཕྱིར་བསྟན།།མ་རིག་གཉིད་འཐུགས་ལས་སད་ལེགས་སད་ནས། །འཁྲུལ་སྣང་ཡང་འཁྲུལ་རྨི་ལམ་སངས་གྱུར་ཏེ། །གཞི་ལམ་དབྱེར་མེད་རང་གཤིས་ལེགས་རྟོགས་ན།།མ་རིག་མུན་བསལ་བའི་ཉི་མ་ཤར།།་་་་་་་

  • December 2019

    ཨེ་མ་ཧོའི་རྣམ་ཐར་ཡིད་བཞིན་ནོར་བུའི་དོ་ཤལ།།ན་མོ་གུ་རུ་ཨེ་མ་ཧོ།།ངོ་བོ་སྤྲོས་བྲལ་དབྱིངས་ལ་མཉམ་པར་བཞག།རང་བཞིན་འོད་གསལ་ཞིང་ཁམས་མངོན་སུམ་མཇལ།།ཐུགས་རྗེ་ཀུན་ཁྱབ་འགྲོ་ལ་ཕན་བདེའི་མགོན།།དཔལ་ཆེན་དགྱེས་པ་རྡོ་རྗེ་རྒྱལ་གྱུར་ཅིག།ཐོས་བསམ་ཕྱོགས་མེད་བཀའ་བསྟན་ཡོངས་རྫོགས་སྦྱངས།།སྒོམ་པ་ངེས་མེད་དབེན་གྲོང་དུར་ཁྲོད་འགྲིམས།།ཨེ་ཝཾ་མཚུངས་མེད་ཕྲིན་ལས་འཛམ་གླིང་ཁྱབ།།༧མཁན་ཆེན་བླ་མ་རིན་ཆེན་ཡོངས་སུ་གྲགས།།ཐུབ་བསྟན་རིས་མེད་རྣམ་དག་ཇི་བཞིན་གཟིགས།།གང་ཟག་རིས་ཅན་མཐོ་དམན་མེད་པར་ཤེས།།རང་གཤིས་འགྱུར་མེད་གནམ་ལྕགས་རྡོ་རྗེའི་ཐུགས།།གནུབས་ཆེན་རིང་ལུགས་འཛིན་མཁས་གྲུབ་དབང་ལགས།།ཐོག་མའི་བླ་མ་འཇིགས་མེད་རྣམ་པར་རྒྱལ།།བར་དུ་བསྟེན་པ་མོས་གུས་བརྩོན་འགྲུས་བརྟས།མཐར་ཕྱིན་ལུང་བསྟན་འཛམ་གླིང་རྒྱན་དུ་ཆེ།།དགེ་མང་མཁན་སློབ་གྲངས་ཚང་མཚན་ལྡན་ནས།།དགེ་ཚུལ་སྡོམ་པའི་ངེས་འབྱུང་རྩ་བ་བརྟན།།རབ་ཏུ་བྱུང་ནས་ཐོས་བསམ་སྒོམ་པར་འབད།།གཞི་གསུམ་ཕྱག་བཞེས་ཚད་དུ་ཕྱིན་པའི་ཚེ།།སྐྱེན་པོ་མདོ་སྔགས་བཤད་སྒྲུབ་དར་རྒྱས་འཁན།།མཁན་པོ་དམ་པ་དགེ་ལེགས་ཡར་འཕེལ་ལགས།།གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།ཁྲི་ཕྲག་འཁོར་ཚོགས་བཟང་པོ་སྤྱོད་པར་སྨོན།།ཆོས་རྗེ་ཡིད་བཞིན་ནོར་བུས་རྗེས་སུ་བཟུང་།།ཀུན་བཟང་ཆོས་དབྱིངས་བློ་གྲོས་མཚན་དུ་གསོལ།།མཁས་གྲུབ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་ལས།།སྙིང་ཐིག་དབང་ལུང་མན་ངག་སྨིན་གྲོལ་བསྩལ།།ཀུན་མཁྱེན་གཞུང་ལུགས་ལྗགས་ལུང་ཡོངས་སུ་ཐོས།།མཉྫུ་ཤྲཱིཿའི་གསང་མཚན་མངོན་པར་གསལ།།ཀུན་གཟིགས་པན་ཆེན་པདྨ་མ་ཚེ་དབང་དང་།།མཁན་ཆེན་བསོ་ཚེ་མགོན་བླ་པདྨ་ལས།།མདོ་སྔགས་རིག་གནས་ཀུན་ཁྱབ་གདལ་བའི་ཚེ།།སྐལ་བཟང་དཔལ་དགྱེས་རྡོ་རྗེའི་རྣམ་ཐར་བཀྲ།།ཀུན་བཏང་བྱ་བྲལ་ཆོས་དབྱིངས་ཁྱབ་གདལ་གྱི།།ཡང་གསང་དམ་ཆོས་བགོས་སྐལ་ལོངས་སུ་སྤྱོད།།ཁྱད་པར་རོང་ཀློང་གདམས་པས་ཐུགས་རྒྱུད་ཕྱུག།བྱ་བྲལ་མཁན་པོ་དཔལ་དགྱེས་རྣམ་པར་ཐར།།རྗེ་བཙུན་མཁའ་འགྲོ་མུ་མེད་འཚོ་མོ་གཅིག།མཆོག་སྤྲུལ་དམ་པ་བསྟན་འཛིན་རྒྱ་མཚོ་གཉིས།།ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་གསུམ།།བླ་མཆེད་སྙིང་གི་ནོར་བུ་བཞིན་དུ་གྱུར།།རྟེན་འབྲེལ་གནད་ལ་དབང་བའི་སྨོན་ལམ་ལས།།དགེ་རྩེ་སྐྱེན་པོའི་སྡེ་དགོན་ཡོངས་རྫོགས་ཀྱིས།།དྲག་སྔགས་གླིང་པའི་ཁྱབ་བདག་རིག་འཛིན་ལ།།མངའ་གསོལ་གཟེངས་རྟགས་མཁན་སྤྲུལ་རྣམ་ཐར་ལགས།།ལམ་མཁྱེན་རྗེ་དང་སྐྱེ་སྔ་རིན་པོ་ཆེས།།བཀའ་ལུང་བཞིན་དུ་ཀུན་བཟང་ནགས་ཁྲོད་དུ།།མདོ་སྔགས་ཟབ་རྒྱས་རིག་གཞུང་ཆོས་འཁོར་བསྐོར།།དཔལ་ལྡན་ཕག་གྲུའི་མཁན་ཆེན་ཡོངས་སུ་གྲགས།།འཕགས་མཆོག་ཕྱག་ན་པདྨོ་དངོས་སུ་མཇལ།།རྫོགས་ཆེན་དུས་འཁོར་བཀའ་གཏེར་བཀའ་རྒྱ་ཁྲོལ།།ཐུགས་དམ་དགྱེས་ནས་བསྟན་འཛིན་དགེ་ལེགས་ཞེས།།ཆོས་ཀྱི་རྒྱལ་མཚན་བསྒྲེང་བའི་རྟེན་འབྲེལ་འགྲིགས།།ཐོས་བབསམ་སྒོམ་པའི་ཡོན་ཏན་ཟླ་བཞིན་འཕེལ།།བསྙེན་སྒྲུབ་ཕྲིན་ལས་འོད་སྣང་བརྟས་དྲག་ནས།།རྨི་ལམ་དབང་ཕྱུག་དད་པའི་དུང་བ་འདྲེན།།འབུམ་རིམས་དུ་མས་བསྔགས་ནས་གཙུག་ཏུ་བཀུར།།ཡིད་བཞིན་ནོར་བུའི་བླ་རྫོགས་ཐུགས་གསུམ་དང་།།པདྨ་གླིང་པའི་ལུས་དཀྱིལ་སྨིན་གྲོལ་དབང་།།ཉིན་དུ་མཚན་མོར་འབད་པའི་གྲུབ་རྟགས་ཐོན།།ཆོས་དྲུག་སྦྱོར་དྲུག་ཀྱང་སྒྱུ་འཕྲུལ་མངའ་དབང་འབྱོར།།དྲིན་ཆེན་ཨ་མའི་ནད་གཡོག་བྱམས་པས་སྐྱོང་།།རིག་འཛིན་རྣམ་བཞིའི་ཐུགས་དམ་གོང་དུ་སྤེལ།།སྐུ་གསུམ་རྒྱལ་བའི་རྒྱལ་ས་ཕྱིན་པའི་ཚུལ།།གསང་བའི་རྣམ་ཐར་རྒྱ་མཚོའི་སྙིང་པོ་མཆིས།།ཨེ་ཝཾ་ཆོས་ཚོགས་འཛམ་བུ་གླིང་ཀུན་ཁྱབ།།སྨོན་ལམ་ཆེན་མོ་ལྔ་བརྒྱ་གསར་དུ་བསྐྲུན།།གཏེར་གསར་འགྲོ་དོན་ཀུན་གསལ་དབྱིངས་དང་མཉམས།།བསྟན་འགྲོའི་དཔལ་མགོན་དམ་པའི་རྣམ་ཐར་ལགས།།ཞེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་དཔལ་ལྡན་སངས་རྒྱས་ངོར་ཤྲཱིཿཨེ་མ་ཧོས་ཡེ་ཞི་དུས་སྟོན་སྐབས་སུ་ཨེ་ཝཾ་དགེ་འདུན་གླིང་ནས་༢༠༡༩ལོའི་ཟླ༡༢ཚེས༢༥ ཉིན།། །།