December 2019

ཨེ་མ་ཧོའི་རྣམ་ཐར་ཡིད་བཞིན་ནོར་བུའི་དོ་ཤལ།།
ན་མོ་གུ་རུ་ཨེ་མ་ཧོ།།
ངོ་བོ་སྤྲོས་བྲལ་དབྱིངས་ལ་མཉམ་པར་བཞག།
རང་བཞིན་འོད་གསལ་ཞིང་ཁམས་མངོན་སུམ་མཇལ།།
ཐུགས་རྗེ་ཀུན་ཁྱབ་འགྲོ་ལ་ཕན་བདེའི་མགོན།།
དཔལ་ཆེན་དགྱེས་པ་རྡོ་རྗེ་རྒྱལ་གྱུར་ཅིག།
ཐོས་བསམ་ཕྱོགས་མེད་བཀའ་བསྟན་ཡོངས་རྫོགས་སྦྱངས།།
སྒོམ་པ་ངེས་མེད་དབེན་གྲོང་དུར་ཁྲོད་འགྲིམས།།
ཨེ་ཝཾ་མཚུངས་མེད་ཕྲིན་ལས་འཛམ་གླིང་ཁྱབ།།
༧མཁན་ཆེན་བླ་མ་རིན་ཆེན་ཡོངས་སུ་གྲགས།།
ཐུབ་བསྟན་རིས་མེད་རྣམ་དག་ཇི་བཞིན་གཟིགས།།
གང་ཟག་རིས་ཅན་མཐོ་དམན་མེད་པར་ཤེས།།
རང་གཤིས་འགྱུར་མེད་གནམ་ལྕགས་རྡོ་རྗེའི་ཐུགས།།
གནུབས་ཆེན་རིང་ལུགས་འཛིན་མཁས་གྲུབ་དབང་ལགས།།
ཐོག་མའི་བླ་མ་འཇིགས་མེད་རྣམ་པར་རྒྱལ།།
བར་དུ་བསྟེན་པ་མོས་གུས་བརྩོན་འགྲུས་བརྟས།
མཐར་ཕྱིན་ལུང་བསྟན་འཛམ་གླིང་རྒྱན་དུ་ཆེ།།
དགེ་མང་མཁན་སློབ་གྲངས་ཚང་མཚན་ལྡན་ནས།།
དགེ་ཚུལ་སྡོམ་པའི་ངེས་འབྱུང་རྩ་བ་བརྟན།།
རབ་ཏུ་བྱུང་ནས་ཐོས་བསམ་སྒོམ་པར་འབད།།
གཞི་གསུམ་ཕྱག་བཞེས་ཚད་དུ་ཕྱིན་པའི་ཚེ།།
སྐྱེན་པོ་མདོ་སྔགས་བཤད་སྒྲུབ་དར་རྒྱས་འཁན།།
མཁན་པོ་དམ་པ་དགེ་ལེགས་ཡར་འཕེལ་ལགས།།
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ།།
ཁྲི་ཕྲག་འཁོར་ཚོགས་བཟང་པོ་སྤྱོད་པར་སྨོན།།
ཆོས་རྗེ་ཡིད་བཞིན་ནོར་བུས་རྗེས་སུ་བཟུང་།།
ཀུན་བཟང་ཆོས་དབྱིངས་བློ་གྲོས་མཚན་དུ་གསོལ།།
མཁས་གྲུབ་མཁྱེན་བརྩེ་རྡོ་རྗེ་འཆང་ཆེན་ལས།།
སྙིང་ཐིག་དབང་ལུང་མན་ངག་སྨིན་གྲོལ་བསྩལ།།
ཀུན་མཁྱེན་གཞུང་ལུགས་ལྗགས་ལུང་ཡོངས་སུ་ཐོས།།
མཉྫུ་ཤྲཱིཿའི་གསང་མཚན་མངོན་པར་གསལ།།
ཀུན་གཟིགས་པན་ཆེན་པདྨ་མ་ཚེ་དབང་དང་།།
མཁན་ཆེན་བསོ་ཚེ་མགོན་བླ་པདྨ་ལས།།
མདོ་སྔགས་རིག་གནས་ཀུན་ཁྱབ་གདལ་བའི་ཚེ།།
སྐལ་བཟང་དཔལ་དགྱེས་རྡོ་རྗེའི་རྣམ་ཐར་བཀྲ།།
ཀུན་བཏང་བྱ་བྲལ་ཆོས་དབྱིངས་ཁྱབ་གདལ་གྱི།།
ཡང་གསང་དམ་ཆོས་བགོས་སྐལ་ལོངས་སུ་སྤྱོད།།
ཁྱད་པར་རོང་ཀློང་གདམས་པས་ཐུགས་རྒྱུད་ཕྱུག།
བྱ་བྲལ་མཁན་པོ་དཔལ་དགྱེས་རྣམ་པར་ཐར།།
རྗེ་བཙུན་མཁའ་འགྲོ་མུ་མེད་འཚོ་མོ་གཅིག།
མཆོག་སྤྲུལ་དམ་པ་བསྟན་འཛིན་རྒྱ་མཚོ་གཉིས།།
ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་གསུམ།།
བླ་མཆེད་སྙིང་གི་ནོར་བུ་བཞིན་དུ་གྱུར།།
རྟེན་འབྲེལ་གནད་ལ་དབང་བའི་སྨོན་ལམ་ལས།།
དགེ་རྩེ་སྐྱེན་པོའི་སྡེ་དགོན་ཡོངས་རྫོགས་ཀྱིས།།
དྲག་སྔགས་གླིང་པའི་ཁྱབ་བདག་རིག་འཛིན་ལ།།
མངའ་གསོལ་གཟེངས་རྟགས་མཁན་སྤྲུལ་རྣམ་ཐར་ལགས།།
ལམ་མཁྱེན་རྗེ་དང་སྐྱེ་སྔ་རིན་པོ་ཆེས།།
བཀའ་ལུང་བཞིན་དུ་ཀུན་བཟང་ནགས་ཁྲོད་དུ།།
མདོ་སྔགས་ཟབ་རྒྱས་རིག་གཞུང་ཆོས་འཁོར་བསྐོར།།
དཔལ་ལྡན་ཕག་གྲུའི་མཁན་ཆེན་ཡོངས་སུ་གྲགས།།
འཕགས་མཆོག་ཕྱག་ན་པདྨོ་དངོས་སུ་མཇལ།།
རྫོགས་ཆེན་དུས་འཁོར་བཀའ་གཏེར་བཀའ་རྒྱ་ཁྲོལ།།
ཐུགས་དམ་དགྱེས་ནས་བསྟན་འཛིན་དགེ་ལེགས་ཞེས།།
ཆོས་ཀྱི་རྒྱལ་མཚན་བསྒྲེང་བའི་རྟེན་འབྲེལ་འགྲིགས།།
ཐོས་བབསམ་སྒོམ་པའི་ཡོན་ཏན་ཟླ་བཞིན་འཕེལ།།
བསྙེན་སྒྲུབ་ཕྲིན་ལས་འོད་སྣང་བརྟས་དྲག་ནས།།
རྨི་ལམ་དབང་ཕྱུག་དད་པའི་དུང་བ་འདྲེན།།
འབུམ་རིམས་དུ་མས་བསྔགས་ནས་གཙུག་ཏུ་བཀུར།།
ཡིད་བཞིན་ནོར་བུའི་བླ་རྫོགས་ཐུགས་གསུམ་དང་།།
པདྨ་གླིང་པའི་ལུས་དཀྱིལ་སྨིན་གྲོལ་དབང་།།
ཉིན་དུ་མཚན་མོར་འབད་པའི་གྲུབ་རྟགས་ཐོན།།
ཆོས་དྲུག་སྦྱོར་དྲུག་ཀྱང་སྒྱུ་འཕྲུལ་མངའ་དབང་འབྱོར།།
དྲིན་ཆེན་ཨ་མའི་ནད་གཡོག་བྱམས་པས་སྐྱོང་།།
རིག་འཛིན་རྣམ་བཞིའི་ཐུགས་དམ་གོང་དུ་སྤེལ།།
སྐུ་གསུམ་རྒྱལ་བའི་རྒྱལ་ས་ཕྱིན་པའི་ཚུལ།།
གསང་བའི་རྣམ་ཐར་རྒྱ་མཚོའི་སྙིང་པོ་མཆིས།།
ཨེ་ཝཾ་ཆོས་ཚོགས་འཛམ་བུ་གླིང་ཀུན་ཁྱབ།།
སྨོན་ལམ་ཆེན་མོ་ལྔ་བརྒྱ་གསར་དུ་བསྐྲུན།།
གཏེར་གསར་འགྲོ་དོན་ཀུན་གསལ་དབྱིངས་དང་མཉམས།།
བསྟན་འགྲོའི་དཔལ་མགོན་དམ་པའི་རྣམ་ཐར་ལགས།།
ཞེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་དབང་ཕྱོགས་རྒྱལ་བ་གསུམ་པར་དཔལ་ལྡན་སངས་རྒྱས་ངོར་ཤྲཱིཿཨེ་མ་ཧོས་ཡེ་ཞི་དུས་སྟོན་སྐབས་སུ་ཨེ་ཝཾ་དགེ་འདུན་གླིང་ནས་༢༠༡༩ལོའི་ཟླ༡༢ཚེས༢༥ ཉིན།། །།

Leave a Reply

Your email address will not be published. Required fields are marked *