• November 2019

    ས་མ་ཡའི་མེ་ལོང་།ན་མོ་གུ་རུ་པདྨ་ཀ་ར་ཡེ།།ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།བདུད་རྩི་ལྟ་བུའི་ཆོས་ཉིད་དོན་རྟོགས་ནས།།བསམ་ཡས་འགྲོ་དོན་མཛད་པའི་ཐུགས་རྗེ་ཅན།།འདྲེན་མཆོག་དཔལ་ལྡན་བླ་མ་གསོལ་བ་འདེབས།།ལམ་སྟོན་རྩ་བ་བླ་མའི་མཚན་ཉིད་དང་།།ལམ་སྒྲུབ་གཙོ་བོ་སློབ་མའི་དམ་ཚིག་ཉིད།།ལམ་བཟང་མཐར་ཕྱིན་ཆེད་དུ་མདོར་ཙམ་འབྲི།།ལམ་ལ་བརྩོན་ཀུན་བྱང་ཆུབ་མྱུར་ཐོབ་ཤོག།དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག།ཕྱི་ནང་དེ་ཉིད་བཅུ་ཡི་ཡོན་ཏན་རྫོགས།།ཟབ་ལམ་དེ་ཉིད་རྟོགས་པའི་སྨིན་གྲོལ་སྐུ།།སློབ་ཚོགས་རྗེས་སུ་འཛིན་པར་ཐབས་མཁས་ལྡན།།ཚིག་གིས་གདམས་ངག་སྒྲོ་འདོགས་གཅད་ནུས་ལྡན།།དོན་གྱི་ངོ་སྤྲོད་རྟོགས་པ་སྐྱེད་ནུས་ལྡན།།བྱིན་རླབས་མ་དག་སྣང་བ་འགོག་ནུས་ལྡན།།ཉམས་མྱོང་གེགས་སེལ་ཉམས་རྟོགས་བོགས་འབྱིན་ནུས།།མཚན་ཉིད་བཞི་ལྡན་བླ་མ་བསྟེན་པར་དགོས།།གཞན་ཡང་སྤྱི་མདོར་སློབ་དཔོན་མཚན་ཉིད་ནི།།བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད་པ་དང་།།གསང་སྔགས་རྒྱུད་ཤེས་དཀྱིལ་འཁོར་བྲི་ལ་མཁས།།དེ་ཉིད་བཅུ་ཤེས་མི་འཇིགས་སྦྱིན་ལ་དགའ།།དེ་ཉིད་བཅུ་ནི་རྡོ་རྗེའི་སྙིང་པོ་ལས།།ཕྱིར་བཟློག་གཉིས་ཆོག་གསང་ཤེར་ཡེ་ཤེས་དང་།།ཁ་སྦྱོར་འབྱེད་ཆོག་གཏོར་མ་རྡོ་རྗེའི་བཟླས་པ་དང་།།དྲག་ཤུལ་སྒྲུབ་ཆོག་རབ་གནས་དཀྱིལ་འཁོར་སྒྲུབ།།སློབ་དཔོན་གསང་བའི་དེ་ཉིད་བཅུ་ཡིན་ནོ།།དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་ཡེ་ཤེས་ངང་།།སྟངས་སྟབས་འདུག་སྟངས་བསྙེན་བསྒྲུབ་བཟླས་བརྗོད་དང་།།སྦྱིན་སྲེག་མཆོད་པ་ལས་བཞིའི་སྦྱོར་བ་དང་།།སླར་ཡང་སྡུད་རྣམ་ཕྱི་ཡི་དེ་ཉིད་བཅུ།།རྟོག་གེའི་སྦྱོང་བ་མཐའ་དག་གལ་ཆུང་ཕྱིར།།འཇིག་རྟེན་རང་གི་ཆོས་ཉིད་བརྗེན་གཅེར་རུ།།སྟོན་པའི་བླ་མ་བཀའ་དྲིན་མཚུངས་མེད་རྗེ།།གསང་བའི་དེ་ཉིད་བཅུ་ཡང་མཁྱེན་པར་མཛོད།།མདོར་ན་གསང་སྔགས་བླ་མའི་མཚན་ཉིད་ནི།།བསྐྱེད་རྫོགས་རྫོགས་ཆེན་མཁས་པས་གསང་མཛོད་འཛིན།།ཕན་ནུས་ཟབ་དབང་ཐོབ་པས་ཆུ་རྒྱུན་སྐྱོང་།།གསང་སྔགས་བབ་ཅོལ་མི་སྤྱོད་ཡང་དག་སྤེལ།།སྣོད་ལྡན་གདུལ་བྱ་ཡལ་བར་མི་འདོར་བ།།རྒྱུད་དངོས་བཅུ་ཡིས་སློབ་བུའི་ཤེས་རྒྱུད་འགྲོལ།།དཀྱིལ་འཁོར་དབང་རིམ་ཞི་རྒྱས་ལས་ཚོགས་བསྒྲུབ།།སྙན་བརྒྱུད་མན་ངག་འཆད་པར་ཉམས་མྱོང་ལྡན།།མན་ངག་གདེང་ཟིན་ལྟ་སྒོམ་སྤྱོད་མཛོད་དབང་།།༼མཆན། ལྟ་བའི་མཛོད་ཨ་ཏི། ཏིང་ངེ་འཛིན་གྱིས་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་ཡོ་གའོ།༽ཕ་ཡུལ་འབྲེལ་ཐག་ཆོད་པས་ཞེན་ཐག་བསྲིངས།།འཁོར་བ་སྡུག་བསྔལ་ཤེས་པས་མི་ཆོས་བོར།།དགོས་མེད་རྒྱུད་ལ་སྐྱེས་པས་ཆགས་ཞེན་ཆུང་།།འདི་གསུམ་ཆོས་པ་ཞིག་ལ་མེད་ཐབས་མེད།།རྒྱུ་འབྲས་ཡིད་ཆེས་སྐྱེས་པས་བླང་དོར་བྱེད།།ཚེ་འདི་སྦུན་པར་བསྒྱུར་ནས་དོན་ཆེན་སྒྲུབ།།ཐེག་ཆེན་འགྲོ་དོན་ཐབས་མཁས་མཛད་གསུམ།།ཐེག་ཆེན་རིགས་ཅན་ཞིག་ལ་མེད་ཐབས་མེད།།རིག་གནས་མཁས་ཤིང་ཤེས་བྱ་ཐོགས་པ་མེད།།ཐེག་པའི་ཚིག་དོན་མཐའ་དག་རྟོགས་པ་དང་།།ཁྱད་པར་ལྟ་སྤྱོད་ཕུལ་བྱུང་ལྡན་པས་ལོག་རྟོག་སེལ།།ཐེག་དམན་ལྟ་གྲུབ་མཐའ་ལས་གྲོལ་བའོ།།ལུས་ངག་རྒྱ་ལས་འདོན་པས་ཆོས་ལམ་བདེ།།ཕྱོགས་ལྷུང་གཟུ་ལུམ་མེད་པས་གདུལ་བྱར་འདུལ།།བློ་རིགས་བརྟགས་པས་བསྟན་པའི་ལམ་སྲོལ་འཇུག།ཆོས་དང་ཆོས་མིན་ཕྱེ་བས་གོལ་སར་གཅོད།།བླ་མ་མཉེས་པས་གྲུབ་ཐོབ་རྒྱུད་པ་འཛིན།།སྙན་བརྒྱུད་གདམ་པས་གོང་མའི་ཕྱག་བཞེས་མཐོང་།།དོན་གཉིས་སྒྲུབ་ལ་མཁས་པས་དངོས་གྲུབ་ཐོབ།།གོང་མའི་བྱིན་རླབས་ཞུགས་པས་གཞན་སྣང་སྒྱུར།།སྣ་ཚོགས་ཐབས་ལ་མཁས་པས་ཐར་ལམ་འདྲེན།།རང་རྒྱུད་ཆོས་དང་འདྲེས་པ་དཀོན་མཆོག་ཚང་།།རྒྱལ་བ་སྲས་དང་བཅས་པའི་བྱིན་བརླབས་དང་།།མདོ་རྒྱུད་བཀའ་བབས་གསང་སྔགས་སྐལ་བཟང་མཐུས།།གསང་ཆེན་དམ་ཚིག་གཙང་མའི་རྣལ་འབྱོར་ཀུན།།སྙིང་དང་སྲོག་ལས་གཅེས་པར་བསྟེན་ཅིག་ཨང་།།མང་ཐོས་ཤེས་རབ་ལུང་རྟོགས་དགོངས་པར་བརྙེས།།ཟང་ཟིང་རྙེད་སོགས་ཆོས་བརྒྱད་དོན་མི་གཉེར།།ཆོས་ཕྱིར་དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང་།།།མན་ངག་ཆེ་ཞིང་སྨིན་གྲོལ་ལམ་ལ་འབད།།རིགས་ལ་མཁས་ཤིང་དྲོད་ཚད་ཤེས་རབ་ཅན།།བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེན་པོར་ལྡན།།བརྒྱུད་གསུམ་བཀའ་བབས་སྒྲུབ་བརྩོན་མཛད་ལ་མཁས།།།སྟོན་པ་མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས།།།རང་རྒྱུད་གྲོལ་ཞིང་གཞན་དོན་འབའ་ཞིག་བརྩོན།།གསང་སྔགས་བླ་མའི་མཚན་ཉིད་ལྡན་པ་ལ།།ལུས་ངག་ཡིད་ཀྱིས་མཆོད་པ་འབུལ་བ་ལ།།བསྐལ་མང་བསོད་ནམས་ཚོགས་ཆེན་མྱུར་ཏུ་རྫོགས།།རྩོད་ལྡན་དབང་གིས་བླ་མ་སྐྱོན་ཡོན་འདྲེས།།རྣམ་པ་ཀུན་ཏུ་སྡིག་མེད་ཡོད་པར་དཀོན།།གང་ཞིག་ཡོན་ཏན་ལྷག་པར་ལེགས་དཔྱད་ནས།།སྐལ་ལྡན་རྣམས་ཀྱིས་བསྟེན་པར་ཤིན་ཏུ་གཅེས།།གཉིས་པ་སློབ་མ་བཟང་པོའི་མཚན་ཉིད་ནི།།སྣོད་སྐྱོན་བཞི་བྲལ་ཡོན་ཏན་ལྔ་ལྡན་སྟེ།།ཐོས་མེད་སྐྱོན་ལ་སྣོད་སྟོང་ཁ་སྦུབས་དང་།།བསམ་མེད་སྐྱོན་ལ་ཞབས་རྡོལ་གཞོག་རལ་ལམ།།སྒོམ་མེད་སྐྱོན་ལ་སྣོད་ངན་དུག་ཅན་གསུམ།།སྐལ་བཟང་སློབ་མས་ཡོངས་སུ་སྤོང་བར་བྱ།།གཤིས་བཟང་ངང་རྒྱུད་ཆུ་བོའི་རྒྱུན་ལས་རིང་།།ལྟ་ཚུལ་དགེ་སྦྱོང་རྟག་ཏུ་ཞི་བ་པ།།བསམ་པ་འགྱུར་མེད་གསེར་ལྟར་བཟང་བ་ནི།།དམ་ལྡན་སློབ་མ་ཀུན་ལ་མེད་ཐབས་མེད།།བློ་ཆེན་རི་རབ་ལྟར་བརྟན་གཡོ་བ་མེད།།ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་ཅན།།བླ་མས་ཅི་གསུང་བཀའ་ལྟར་བརྩི་བ་རྣམས།།དད་ཅན་སློབ་མ་ཡོངས་ལ་ཤིན་ཏུ་གཅེས།།གཞན་ཡང་ཟབ་དོན་གོ་བའི་ཤེས་རབ་དང་།།གཞན་དོན་སྒྲུབ་ལ་སྤྲོ་བའི་སྙིང་རྗེ་ཅན།།བསྟན་པའི་དོན་ལ་འཛིན་སྐྱོང་སྤེལ་ནུས་གསུམ།།ཆོས་དང་བླ་མ་དད་པའི་ཤེས་རབ་ཆེ།།འགྲོ་དང་ཕ་མ་བརྩེ་བའི་སྙིང་རྗེ་ཆེ།།ཅི་གསུང་བཀའ་བཞིན་སྒྲུབ་པའི་དམ་ཚིག་ཅན།།སྐལ་བཟང་སློབ་ཡོངས་ཀྱི་མཚན་ཉིད་དོ།།དད་གུས་དཔག་བསམ་སྡོང་པོ་རྩ་བ་བརྟན།།བརྩོན་འགྲུས་ཡ་ག་བཟང་པོ་ཕྱོགས་ཀུན་གཡོ།།ཤེས་རབ་ལོ་འདབ་རྒྱས་པ་རབ་ཏུ་བཀྲ།།རྟུལ་ཞུགས་སྒྲུབ་པའི་འབྲས་བུ་ཁུར་གྱིས་ཕྱུག།དམ་ཚིག་ཡིད་རྟོན་ནུས་པའི་བླ་སློབ་ལ།།དད་བརྩོན་བརྟུལ་ཞུགས་སྤྱོད་པའི་དཔལ་ལྡན་ན།།མཚུངས་མེད་རིག་འཛིན་བརྒྱུད་པའི་དངོས་གྲུབ་ཀུན།།བདེ་མྱུར་ལྷུན་གྲུབ་བསྟན་འགྲོའི་དཔལ་དུ་ངེས།།ཞེས་པ་འདི་ཡང་རབ་གནས་ས་ཕག་ལྷ་བབས་ཟླ་༩བའི་དུས་ཚེས༣༠་ལ་གསང་སྔགས་སྟོན་པའི་རྡོ་རྗེ་སློབ་དཔོན་བླ་མའི་མཚན་ཉིད་དང་། དམ་ཚིག་ཅན་གྱི་སློབ་མའི་མཚན་ཉིད་གང་དང་གང་ཚང་དགོས་པ་རེད་ཅེས་མཁའ་འགྲོ་རིན་པོ་ཆེ་སྒྲོན་མེ་དཀར་པོ་ནས་སྐུལ་ངོར་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་ལས་རབ་གླིང་གི་དབང་དྲག་རོལ་བའི་ལྷ་ཁང་ནས་གང་ཤར་ཚིགས་བཅད་དུ་བྲིས་པས་འགྲོ་ཀུན་དམ་ཚིག་ལྡན་པའི་རྒྱུ་རུ་གྱུར་ཅིག་གུ།། །།

  • November 2019

    རྟེན་འབྲེལ་བཟང་སྨོན།ཨེ་མ་ཧོ༔དྷཱརྨཱ་ཏ་ཡི་རྡོ་རྗེའི་རྩལ་ཤུགས་ངོམས།།སམཱ་དྷི་ཡི་པདྨའི་དཀྱིལ་འཁོར་རྒྱས།།གནས་བདུན་རྩ་རླུང་འཕྲུལ་འཁོར་བདུད་རྩིའི་གང་།།དཔལ་རིར་ཚོགས་འཁོར་བདེ་ཆེན་མཉམ་རོལ་སྨོན།།ཤྲཱིཿ་ཨེ་མ་ཧོས

  • November 2019

    ༼དྲན་གདུང་གི་སྨེ་ངག༽གྲང་རླུང་འུར་འུར་ལྡང་བའི་དགུན་གྱི་མཚན་མོ་འདིར།།མུན་པ་སྟུག་པོ་འཁྱིལ་བའི་གུས་མོའི་ཉལ་ས་ན།།ཐོབ་དང་རང་དབང་མེད་པའི་ཉམ་ཆུང་དྭ་ཕྲུག་ང་།།མར་མེའི་འོད་ལ་འཁྲེང་སྟེ་ཞེ་ལ་གདུང་བ་འཁོར།།ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གྱི་མཚན་མོ་འདིར།།གྲང་ངར་འཁྱགས་པས་བསྡམས་པའི་ཐབ་ཀའི་ཉེ་འགྲམ་ན།།སད་དང་སེར་བས་བཅོམ་པའི་དྭ་ཕྲུག་ཁེར་རྐྱང་ངས།།འདས་པའི་ཡབ་ཁྱེད་དྲན་ནས་མགོ་བོ་ཐུར་དུ་སྒུར།།ལྷག་རླུང་གྲང་ངར་ཆེ་བའི་དགུན་གྱི་མཚན་མོ་འདིར།།དཀར་གསལ་གློག་འོད་འཕྲོ་བའི་ཉལ་ཁང་གྲུ་བཞི་ན།།ལུས་པོ་སིག་སིག་འདར་བའི་ནུས་མེད་དྭ་ཕྲུག་ང་།།རྒྱང་གི་ཡབ་ཁྱེད་དྲན་པས་སེམས་པ་སྐྱོ་བས་གཟིར།། སྨྱུག་བརྩེ་མས། ༢༠༡༩/༡༡/༢༩ཉིན་བྲིས།

  • November 2019

    ལོ་གསུམ་གྱི་རིང་ལ་ཇ་ཕུད་འདི་དང་ཕུད་བསྐོང་ལ་བརྗེ་བོ་མ་བྱས་རུང་། ཕུད་ཇ་རུལ་བ་དང་གད་སྙིགས་སོགས་གནོད་པ་གང་ཡང་མེད་པར་སྨན་བཟང་དྲི་དང་ཇ་མདོག་ཀྱང་མ་འགྱུར་བ་འོད་འཁྱུག་འཁྱུག་ཏུ་མཆིས་པ་འདི་ཡང་རྩ་གསུམ་ཆོས་སྲུང་རྒྱ་མཚོས་བྱིན་རླབས་དང་གྲུབ་རྟགས་ཤིག་ཅི་ལ་མིན། ཨེ་མ་ཧོས

  • November 2019

    སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ཞིག་ལ་བོད་ནང་འཁོར་ནས་གཙང་བ་གྲུབ་ཆེན་རིག་མཆོག་རིན་པོ་ཆེས་ངོས་ལ་བོང་བ་གསེར་གཟིགས་ཀྱིས་བདག་གི་སྨྱོས་རྩོམ་ཚང་མ་བདག་གིར་བཞེས་ནས་ཡིག་ཚང་དུ་བླངས་པར་བཀའ་དྲིན་དངོས་ནས་ཆེ། དེ་ཡང་སྙིང་གྲོགས་དམ་པ་ཁོང་གིས༼མདང་བདག་གིས་བླ་མ་རིན་པོ་ཆེ་ཚང་གི་འཕྲིན་ཕྲན་རྒྱབ་ལོག་ལས་2015 སྤྱི་ཟླ་4 བའི་28 ཉིན་བཟུང་རིམ་བཞིན་ཉིན་རེས་བཀའ་སློབ་དང་ཞལ་གདམས་ལྟ་མགུར་སོགས་རྣམ་གྲངས་240 ཙམ་ལ་མཇལ་བ་ཡིན། ད་དུང་མི་མཐུད་དུ། ཆ་ཚང་བདག་གི་ཡིག་ཚང་དུ་ལེན་གི་ཡིན་ལགས། ཐུགས་དམ་ལ་འཆང་མཁྱེན། 🙏🙏🙏༽སྙིང་ནས་བཀའ་དྲིན་ཆེ་ཞུ་དང་། ངའི་མི་ཚེའི་ནང་ནུབ་ཕྱོགས་འབུམ་རམས་པ་རིན་ཆེན་དཔལ་ལྡན་ནས་ངའི་ངོ་དེབ་ཀྱི་དེབ་ཕྲེང་ཞེ་གཉིས་པ་དང་། ད་སྐབས་གཙང་བ་རིག་མཆོག་རིན་པོ་ཆེའི་བཀའ་ཚེགས་གཉིས་གལ་ཆེ་ཤོས་ལགས་སོ། ཁོང་གི་ནམ་རྒྱུན་དུ་ངོས་ལ་བླ་མའི་དམ་ཚིག་དང་དག་སྣང་དུ་འཛིན་པ་ལས་གྲོགས་པོ་ཙམ་དང་ཕྲན་ཚེགས་ཀྱི་བེད་སྤྱོད་དུ་གཏན་ནས་བཟུང་མེད། ཞིབ་འཇུག་གནང་བར་བཀའ་དྲིན་ཆེའོ།ལས་སྨོན་རྟེན་འབྲེལ་བཟང་པོས་དག་སྣང་གིས་འབྲེལ་ཞིང་།།ཚེ་རབས་སྒྱུ་འཕྲུལ་དྲྭ་བའི་དད་གུས་ལ་དབང་ཕྱིར།།ཡིད་ཆེས་ཕྱིར་མི་ལྡོག་པའི་སྐྱེས་རབས་ལ་བསམས་ཚེ།།འདི་ཕྱི་བར་དོ་མཇལ་མའི་སྐལ་སྙིང་གྲོགས་སུ་ལགས་སོ།།བཞེད་དོན་ལྷུན་གྲུབ་བཅས་ཤྲཱིཿསྨྱོན་པས་གུས་ཕུལ།།

  • November 2019

    ཨ་མ་རིན་པོ་ཆེ་དྲན་པ།ཨེ་མ་ཧོ།།ཨ་མ་དང་པོ་སངས་རྒྱས་ཀུན་བཟང་།།ཨ་མ་འོད་གསལ་ཞིང་དུ་ཕེབས་ཕྱིར།།ཨ་མ་བདེ་མྱུར་འགྲོ་བའི་མགོན་དུ།།ཨ་མ་མ་བཞུགས་ད་ལྟ་ཕེབས་ཤོག།ཨ་མ་མཆོག་གསུམ་ཡིད་ཆེས་ཅན་པོ།།ཨ་མ་འགྲོ་ཀུན་སྙིང་བརྩེ་བསླུ་མེད།།ཨ་མ་ལས་འབྲས་ཕྲ་ཞིབ་ཆེ་བས།།ཨ་མ་དཀོན་མཆོག་རིན་ཆེན་དྲན་ནོ།།ཨ་མའི་ཐུགས་ཉིད་རྫོགས་པ་ཆེན་པོ།།ཨ་མའི་གསུང་ལ་བདེན་ཚིག་དམ་ཆོས།།ཨ་མའི་ལུས་ལ་རིང་བསྲེལ་ཕུང་པོ།།ཨ་མ་ཚེ་གཅིག་མངོན་སངས་རྒྱས་སོ།།ཨ་མ་ཚེ་དང་སྒྲུབ་པ་མཉམས་ཕྱིར།།ཨ་མ་དྲན་པ་དད་གུས་ཁོ་ན།།ཨ་མ་གཞན་ལས་ཁྱད་པར་འཕགས་ཕྱིར།།ཨ་མ་དམ་པ་སྲིད་ན་དཀོན་པ།།ཨ་མ་དྲན་པ་ཡེ་ཤེས་མཚོ་རྒྱལ།།ཨ་མ་དྲན་པ་མ་གཅིག་ལབ་སྒྲོན།།ཨ་མ་དྲན་པ་དབུས་བཟའ་མཁའ་འགྲོ།།ཨ་མ་དྲན་པ་ཨོ་རྒྱན་སྒྲོལ་མ།།དྲན་པ་རིག་འཛིན་རྒྱལ་མོ་དྲན་ནོ།།དྲན་པའི་ཀློང་ན་ཨ་མའི་ཡེ་ཤེས།།དྲན་པ་ནམ་མཁའ་རིག་པའི་སྙིང་པོ།།དྲན་ནོ་དྲིན་ཆེན་ཨ་མ་རིན་ཆེན།།ཨ་མས་བདེན་བྱིན་འགྲོ་ལ་གནང་ཤོག།ཨ་མའི་བདེན་ཚིག་བདུད་རྩི་འཇོ་བཞིན།།ཨ་མ་དག་ཞིང་གང་ན་བཞུགས་ཡོད།།ཨ་མ་མ་བརྗེད་དངོས་གྲུབ་སྩོལ་ཅིག།།ཅེས་པ་འདི་ཡང་རབ་གནས་མགོ་ཟླའི་དགའ་བ་དང་པོར་རྗེ་མི་ལ་དང་ཞལ་དཀར་སོགས་ཀྱི་ཨ་མ་དྲན་གླུ་ཐོས་པའི་མོད་ལ་ངའི་ཨ་མ་མ་ལོ་སངས་རྒྱས་ལས་ལྷག་པར་དྲན་པའི་མོད་ལ་ནམ་མཁའི་སྤྲིན་དཀར་སྟེང་ནས་ཤྲཱིཿཨེ་མ་ཧོས་གླུ་རུ་བླངས་པར་དགེའོ།། །།