• May 2021

    ༄༅། །བོད་པ་སྤྲུལ་སྐུའི་རྣམ་ཐར་ཉུང་བསྡུས་བཞུགས།

    ༄༅། །བོད་པ་སྤྲུལ་སྐུའི་རྣམ་ཐར་ཉུང་བསྡུས་བཞུགས། ༄༅། །འཇམ་མགོན་མི་ཕམ་པའི་རང་ལུགས་གཙང་མ་སྐྱོང་བའི། ཀུན་དཔལ་རིན་པོ་ཆེའི་སློབ་མ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ནི། བོད་རབ་བྱུང་བཅོ་ལྔ་པའི་ནང་བོད་ཡུལ་དབུས་ཀྱི་ཤར་ཕྱོགས་དྭགས་པོའི་ཡུལ་དུ་འཁྲུངས། སྐུ་ན་ཕྲ་མོ་ནས་སྔོན་གྱིས་རིགས་སད་དེ་ཆོས་ལམ་ལ་ཞུགས། བར་ལམ་ཁམས་པའི་ཚོང་བ་དང་གནས་སྐོར་བ་སོགས་དང་མཉམ་དུ་སྡེབ་ཏེ་ཁམས་སུ་ཆོས་འཚོལ་དུ་ཕེབས་པར་སྐུ་ན་ཕྲ་བ་དང་ཕ་ཡུལ་ཐག་རིང་རྐྱེན་གྱིས་ཆོས་རྒྱགས་མ་འབྱོར་ཞིང་ན་བཟའ་གསོལ་བ་སོགས་ལ་དཀའ་བ་དཔག་ཏུ་མེད་པ་རྗེ་མི་ལའི་རྣམ་ཐར་བཞིན་སྤྱད་དགོས་ཤར། རིམ་པར་མདོ་ཁམས་རྫོགས་ཆེན་དགོན་དུ་འབྱོར། དེར་བཞུགས་བླ་སྤྲུལ་མཁན་སློབ་རྣམས་ལས་གཞུང་ཆེན་བཅུ་གསུམ་གཙོའི་མདོ་སྔགས་རིག་པའི་གནས་ལ་གསན་སྦྱངས་གནང་ནས་མཁས་པའི་གྲལ་དུ་ཐོན། རྫོགས་སྤྲུལ་ཐུབ་བསྟན་ཆོས་རྡོར་ལས་དབང་ལུང་གི་རྒྱུན་མང་པོ་ཐོབ། དེར་རྫོགས་སྤྲུལ་རིན་པོ་ཆེས་སྤྲུལ་སྐུའི་མཚན་གནས་དང་ཁྲི་ཐོབ་དང་ཞབས་ཞུ་གྲྭ་བ་རེ་ཟུང་ཕན་ཚུན་བྱོན་སྐབས་གཏོང་གནང་བྱེད་པ་སོགས་བདག་རྐྱེན་དང་ཐུགས་བརྩེ་ཆེན་པོས་བསྐྱངས་བོད་པ་སྤྲུལ་སྐུ་ཞེས་ཀུན་གྱིས་གུས་པས་བཀུར། དེ་ཙམ་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་རང་ལུགས་ལ་ཐུན་མིན་གྱི་ངེས་ཤེས་འཁྲུངས། དེའི་རིང་ལུགས་འཛིན་པའི་བཤེས་གཉེན་ཞིག་མ་མཇལ་ཐབས་མེད་དུ་དགོངས་ཏེ་བརྟགས་ཤིང་དཔྱད་པས་དགེ་གོང་དགོན་ཀུན་དཔལ་རིན་པོ་ཆེ་དཔལ་སྤྲུལ་དང་མི་ཕམ་གཉིས་ཀྱི་དངོས་སློབ་དང་། ཐུན་མིན་བརྒྱུད་འཛིན་མཁྱེན་ཏེ་མཁན་ཆེན་དེ་ཉིད་ཀྱི་ཞབས་བཅར་གྱི་སྐུ་ཚེ་ཡུན་རིང་པོར་རྫ་བརྒྱུད་དུ་བཞུགས། མདོ་སྔགས་རིགས་གནས་ཐམས་ཅད་མཁྱེན་རབ་ཕུལ་དུ་ཕྱིན། ལྕང་མ་རི་ཁྲོད་དུ་བཱ་ཐུར་མཁན་ཐུབ་དགའ་ཡང་མཇལ། ཕྱོགས་ཀྱི་སློབ་ཚོགས་མང་དུ་འདུས་སར་འཇམ་མགོན་མི་ཕམ་པའི་རང་ལུགས་བཟུང་སྟེ་བསྐྱངས་བས་སློབ་ཚོགས་མཁན་ཆོས་ཁྱབ་དང་། པདྨ་ཚེ་དབང་ལྷུན་འགྲུབ། རྨེ་བ་མཁན་ཐུབ་བསྟན། ར་ཧོར་མཁན་ཐུབ་བསྟན། མཁན་ཟླ་ཟེར་སོགས་མང་པོ་བྱོན། གཞུང་ལ་ལྟ་གྲུབ་ཤན་འབྱེད་དང་ཤེར་ཕྱིན་སྤྱི་དོན་འབྲུ་འགྲེལ་སོགས་ཆེ་ཕྲ་མང་པོ་བརྩམས། གཟིམ་ལམ་དུ་རྒྱལ་ཚབ་བྱམས་མགོན་གྱི་ཞལ་གཟིགས་ནས་ཕྱག་གཉིས་མེ་ལོང་གཉིས་བསྣམས་པར་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་རྩ་འགྲེལ་སོ་སོར་གསལ་བར་གཟིགས་ནས་ཐུགས་ངེས་འཁྲུངས་པས། མངོན་རྟོགས་རྒྱན་གྱི་འགྲེལ་བ་མ་ཕམ་ཞལ་ལུང་དང་། མ་ཕམ་དགོངས་རྒྱན་གཉིས་བརྩམས་པ་ཡིན། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ཏེ་ཆོས་འཁོར་བསྐོར་ཞིང་བཤད་གྲྭར་བཞུགས་པ་སོགས་མཛད། བླ་མ་ཀུན་དཔལ་གཤེགས་རྗེས་སུ་རྫ་རྒྱུད་ཀུན་ཏུ་ཕྲིན་ལས་རྒྱ་ཆེར་བསྐྱངས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་མདུན་དུ་ཕེབས་ཉིད་ནས་ཀྱང་དེ་རིང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཕེབས་རྒྱུ་ཡིན་གསུངས་ནས་བསུ་བ་ལ་བྱོན། དགྱེས་ཚོར་ཆེན་པོ་མཛད་ནས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་སྤྲུལ་པར་ངེས་འཛིན་དང་། བླ་མ་རང་རྡོ་བླ་འཇིགས་མེད་སྐལ་བཟང་གི་བག་ཆགས་མངའ་ཚུལ་སོགས་གསུངས་ནས་ཚད་མེད་གུས་བསུ་ཆེན་པོ་མཛད་པ་དང་། ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། རྗེ་བོད་སྤྲུལ་རིན་པོ་ཆེའི་སྐུ་ཚེ་དེར་འཇམ་མགོན་མི་ཕམ་པའི་གསུང་འབའ་ཞིག་གསུངས་པས། ཁྱད་པར་འཕགས་པའི་རྣམ་དཔྱོད་ལ་བྱ་བྲལ་རིན་པོ་ཆེ་ནས་བསྔགས་བརྗོད་ཡང་ཡང་མཛད། སྨད་དུ་ཡུལ་དབུས་བྱང་འབྲི་གུང་ཉི་མ་ལྕང་རའི་བཤད་གྲྭར་ཆིབས་བསྒྱུར་གནང་སྟེ། སྐལ་ལྡན་མང་པོ་ལ་ཞིང་བསྒྲུབ་དང་མདོ་སྔགས་ཀྱི་ཆོས་སྦྱིན་ཕངས་མེད་དུ་བསྩལ། རྣམ་བསྡུས་འདི་ནི་གང་གི་དངོས་སློབ་མཁན་ཆེན་པདྨ་ཚེ་དབང་ལྷུན་འགྲུབ་ནས་ཕྱི་གླིང་དབྱིན་རྗེས་ལ་བྱོན་ནས་རྙིང་མའི་ཆོས་རྒྱུན་སྤེལ་སྐབས་འཚོལ་བསྡུད་ཁ་སྐོང་གནང་བ་ལགས་སོ།།

  • May 2021

    ༄༅།།གཙང་བ་མཆོག་སྤྲུལ་རིན་པོ་ཆེ་འཁྲུངས་སྐར་བསུ་བ་

    ༄༅།།གཙང་བ་མཆོག་སྤྲུལ་རིན་པོ་ཆེ་འཁྲུངས་སྐར་བསུ་བ་ དམ་གཙང་གི་ལྷ་དར་དཀར་པོ།  ཨོཾ་སྭ་སྟི།  རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རིས་གཟིགས།། རྒྱལ་ཀུན་ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས།། རྒྱལ་ཀུན་མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཆང་།། རྒྱལ་བ་ཀུན་འདུས་པདྨ་ཀ་ར་རྒྱལ།། རྒྱལ་ཀུན་ཡེ་ཤེས་གོ་འབྱེད་ནམ་མཁའ་ཁམས།། ཕན་བདེའི་དཔལ་ཡོན་རྒྱ་མཚོའི་རླབས་ཕྲེང་ཅན།། མ་རིག་མུན་སེལ་ཨེ་ཝཾ་ཉི་ཟླའི་གཟུགས།། ཁྱབ་བདག་འོད་གསལ་སྙིང་པོ་རྒྱལ་གྱུར་ཅིག། གཙང་རིགས་གྲུབ་པའི་ཁྱུ་མཆོག་རིག་པ་འཛིན།། མཁྱེན་བརྩེ་ནུས་པས་འགྲོ་འདུལ་བྱམས་པས་སྐྱོང་།། གསང་ཆེན་སྔགས་ཀྱི་བསྟན་པ་སྤེལ་བའི་མགོན།། མཆོག་སྤྲུལ་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག། མཚན་དཔེའི་སྐུ་ལ་གཟི་བྱིན་རྟག་ཏུ་རྒྱས།། ཚངས་དབྱངས་སྙན་པའི་དམ་ཆོས་བརྟན་དུ་གནས།། སྤངས་རྟོགས་ཡོན་ཏན་འགྱུར་མེད་གཡུང་དྲུང་ངང་།། བསྟན་འགྲོའི་དཔལ་དུ་ཞབས་པད་བརྟན་གྱུར་ཅིག། ཅེས་པ་འདི་ཡང་རབ་གནས་ལྕགས་གླང་ས་ག་ཟླ་བའི་ཚེས་པ་བཅོ་ལྔ་ལ་དུས་ཆེན་སུམ་འཛོམ་དང་སྙིང་ཉེ་བའི་རིག་མཆོག་རིན་པོ་ཆེའི་འཁྲུངས་སྐར་གྱི་སྨོན་ཚིག་བརྟན་གསོལ་དུ་ཨེ་མ་ཧོས་སྙིང་ནས་སྨོན་པར་དགེའོ།། །།

  • May 2021

    འདྲ་འབག།

    འདྲ་འབག། ཨ་ལ་ལ་ཧོ༔ ཨེ་མ་ཧོ༔ ༼༡༽ ང་རྒྱལ་བ་རིག་འཛིན་མཚོ་སྐྱེས་ཀྱི་རྡོ་རྗེ།། ཞིང་དག་པ་ཟངས་མདོག་དཔལ་རི་ཡི་ཕོ་བྲང་།། འཁོར་ཚོམས་བུ་དཔའ་བོ་མཁའ་འགྲོ་ཡི་ཚོགས་གྲལ།། ཆོས་བདུད་རྩིས་རོལ་བར་སྐྱིད་པོ་རང་འདུག་གོ། ༼༢༽ ལུས་མ་བཅོས་དག་པ་གདན་གསུམ་གྱི་ངོ་བོ།། སྐྲ་མ་བཅོས་ལྕང་ལོ་མཁའ་འགྲོ་ཡི་རང་བཞིན།། སེམས་མ་བཅོས་གཉུག་མ་སངས་རྒྱས་ཀྱི་ཐུགས་རྗེ།། མགོན་པདྨའི་བཀའ་དྲིན་སྙིང་དབུས་ནས་བཞད་འདུག། ༼༣༽ དཔལ་འདོད་ཡོན་ལོངས་སྤྱོད་མཆོད་སྤྲིན་དུ་ཕུལ་བས།། མ་འགྲོ་ཀུན་འདྲེན་པའི་ཕྲིན་ལས་ལ་དབང་ནས།། དོན་གང་བསམ་ལྷུན་གྲུབ་ཡིད་བཞིན་གྱི་ནོར་བུ།། སྐྱབས་དཀོན་མཆོག་རིག་པ་རང་གསལ་འདི་དགའ་བ།། ༼༤༽ ཕ་རིག་འཛིན་བརྒྱུད་པའི་གདུང་སྲས་ཀྱི་རྒྱལ་པོ།། མ་གནས་གསུམ་མཁའ་འགྲོའི་ཚོགས་དཔོན་གྱི་ཁྱབ་བདག། བུ་དམ་ཚིག་འགྱུར་མེད་ཐུགས་དམ་ལ་བསམ་ཚེ།། ངས་འཇིགས་མེད་རྟོགས་མགུར་ཐད་ཀ་རུ་བླངས་ཡོད།། ༼༥༽ སྐུ་མཚན་དཔེ་ལང་འཚོ་བགྲེས་རྒུད་དང་བྲལ་ཞིང་།། གསུང་ཚངས་དབྱངས་དམ་ཆོས་ཆད་མེད་དུ་བསྐོར་ནས།། ཐུགས་སྤངས་རྟོགས་ཀུན་རྫོགས་སངས་རྒྱས་སུ་ཕྱིན་པའི།། དཔལ་ཀུན་བཟང་བླ་མའི་རྒྱལ་ཚབ་ཀུན་རྒྱལ་ལོ།། ཞེས་པ་འདི་ཡང་རབ་གནས་ལྕགས་གླང་ས་ག་ཟླ་བའི་ཡར་ངོའི་ཚེས་པ་བཅུ་ལ་རྨི་ལམ་བཟང་པོ་དང་རྟེན་འབྲེལ་ལེགས་འགྲིགས་སུ་བྱུང་བས་གང་ཤར་དག་པའི་དོ་ཧ་ཉིད་རིག་འཛིན་ཨེ་མ་ཧོས་ཨེ་ཝྃ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་བླངས་པ་དོན་དང་ལྡན་པར་གྱུར་ཅིག་གུ།། ཤྲཱིཿསརྦ་བི་ཛ་ཡནྟུ་མངྒ་ལྃ།

  • May 2021

    ས་གནོན་སྒྲུབ་ཐབས་བྷྲཱུྃཿཡིག་འོད་འབར།

    ས་གནོན་སྒྲུབ་ཐབས་བྷྲཱུྃཿཡིག་འོད་འབར། སྐྱབས་འགྲོ་ནི། ཨཱཿ  རང་ཉིད་སྣང་སྲིད་ཟིལ་གནོན་ལ།། རང་ངོ་ཤེས་པས་སྐྱབས་སུ་མཆི།། རང་སྣང་འཁྲུལ་བའི་སེམས་ཅན་ཀུན།། རང་གྲོལ་ཆེན་པོས་སེམས་བསྐྱེད་དོ།། ལན་གསུམ།། བྷྲཱུྃ༔བྷྲཱུྃ༔བྷྲཱུྃ༔ རང་ཉིད་སྐད་ཅིག་གུ་རུ་རིན་པོ་ཆེ།། སྣང་སྲིད་ཟིལ་གནོན་ཨོ་རྒྱན་གསེར་གྱི་མདོག། ཕྱག་གཡས་ས་གནོན་གཡོན་པ་མཉམ་བཞག་ཅན།། བྱང་ཆུབ་ཤིང་དབང་དྲུང་དུ་མི་གཡོ་བར།། སྟོང་ཁམས་ཆེན་པོའི་འཇིག་རྟེན་ཁེབས་པ་ཡི།། པདྨའི་དབུས་ན་རྡོ་རྗེ་དཀྱིལ་ཀྲུང་གིས།། ས་མནན་བཞུགས་པའི་བྱིན་རླབས་ནུས་མཐུ་ཡིས།། ས་གསུམ་འཇིག་རྟེན་བདུན་པོ་སུ་ཡིན་ཡང་།། བ་སྤུ་ཙམ་ཡང་འགུལ་བསྐྱོད་མི་ནུས་བསམས།། ཨོྃ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།། ཨོཾ་ཧེ་ཧེ། ཏིཥྛ་ཏིཥྛ། བྷནྡྷ་བྷནྡྷ། དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་བྷུ་མི་ཙ་ལ་ཨུརྞྞ་མ་ཎི་ཡེ་སྭཱ་ཧཱ། ། ཞེས་དང་བྷྲཱུྃ་ཅི་ནུས་བསགས། དད་གུས་དག་སྣང་དགེ་བ་ཡིས།།གུ་རུ་ཉིད་ལ་གསོལ་འདེབས་ཚེ།།ཕྱི་ནང་གསང་བའི་བར་ཆད་ཀུན།།བཟློག་གྱུར་འདི་ལ་ཐེ་ཚོམ་མེད།།  ཨེ་མ་ཧོ༔ རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས།། ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ།། མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོག། གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག། ཅེས་པ་རབ་གནས་ལྕགས་གླང་ས་ག་ཟླ་བའི་ཡར་ངོའི་དགའ་བ་གསུམ་པར་ཨེ་ཝྃ་རིག་འཛིན་དང་འོད་གསལ་ཆོས་སྒྲོན་དང་དགེ་བཤེས་བསྟན་འཛིན་ཆོས་རྒྱལ་སོགས་ཀྱིས་སྔོན་གྱི་ལུང་བསྟན་དང་ད་ལྟའི་དུས་བབས་ཀྱི་སྒྲུབ་ཐབས་དགོས་པར་ཡང་ཡང་བསྐུལ་ངོར་གང་ཤར་དག་པའི་ཉམས་རྩལ་ལ་བཅོས་བསྒྱུར་མེད་པར་རིག་འཛིན་ཨེ་མ་ཧོས་ཐོལ་བྱུང་དུ་ཨེ་ཝྃ་ཀུན་བཟང་དུར་ཁྲོད་ནས་བགྱིས་པས་རྒྱལ་ཁམས་བདེ་བའི་རྒྱུ་རུ་གྱུར་ཅིག་གུ། བྷྲཱུྃཿསརྦ་ལོ་ཀ་བི་ཛ་ཡནྟུ།། སྤྱི་ལོ་༢༠༢༡/༥/༢༢་ལ།།

  • May 2021

    ༄༅།།ཀུན་དགའ་ལྷ་མོ་ལ་འཁྲུངས་སྐར་བསུ་བ་

    དུང་ཟླ་དཀར་པོའི་རང་འོད་ཅེས་བྱ་བ།། ཨོཾ་བདེ་ལེགས་སུ་གྱུར་ཅིག། ༼༡༽ ཀུན་དགའ་ཡིད་ཀྱི་ནམ་མཁའ་ཡངས་པ་རུ།། སྣང་སྲིད་ཉི་ཟླ་གསལ་བའི་འཇའ་འོད་ཤར།། བདེ་ཆེན་རྒྱ་མཚོ་འཁྱིལ་བའི་བརྩེ་སེམས་ཅན།། ཕ་མའི་གཅེས་ཕྲུག་ཆེན་མོའི་འཁྲུངས་སྐར་བསུ།། ༼༢༽ གཉེན་ལ་བྱམས་པས་ཕ་མེས་སྲོལ་བཟང་འཛིན།། ཆོས་ལ་དད་པས་དམ་ཆོས་ཚུལ་བཞིན་སྐྱོང་།། གྲོགས་ལ་བཟང་བས་ཀུན་ལ་ཕན་བདེ་སྤེལ།། བདེ་སྟོང་ཆོས་ཀྱི་དབང་མོ་འཁྲུངས་སྐར་བསུ།། ༼༣༽ སྐུ་ལ་ནད་མེད་དལ་འབྱོར་བཀྲ་ཤིས་འཕེལ།། གསུང་ལ་འགགས་མེད་ཚངས་དབྱངས་བདེ་ལེགས་ཞིང་།  ཐུགས་ལ་མཚུངས་མེད་གཏེར་མཛོད་ཕུན་སུམ་ཚོགས།། ཡོན་ཏན་ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ལྕགས་གླང་ས་ག་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ལ་རྟེན་འབྲེལ་བཟང་པོའམ། སྤྱི་ལོའི་ཟླ་ཚེས་ལ་ 6/5/2021་ལ་རྨི་ལམ་དབང་ཕྱུག་གིས་ཕུལ་བར་དགེའོ།། །།

  • May 2021

    ཏོག་ནད་ཞི་བའི་སྨོན་ལམ་ཀུན་བཟང་ཞིང་གི་སྒྲོན་མེ་ཞེས་བྱ་བ།

    ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ།། ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ།། འགྱུར་མེད་འོད་གསལ་རིག་པའི་འོད་ལམ་ལས།། སྲས་བཅས་རྒྱལ་བ་རྒྱ་མཚོར་གསོལ་བ་འདེབས།། ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད།། བླ་མ་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་།། ཡི་དམ་ཀུན་བཟང་རྡོ་རྗེ་གོ་ཁྲབ་དཔལ།། མཁའ་འགྲོ་རྗེ་བཙུན་དོན་ཀུན་གྲུབ་མ་དང་།། ཆོས་སྐྱོང་གེ་སར་རྒྱལ་པོས་རྟག་ཏུ་སྐྱོབས།། ཕྱི་ཡི་བར་ཆད་འབྱུང་བཞིའི་ནད་རིམས་བཟློག། ནང་གི་བར་ཆད་སེམས་ཀྱི་སྡུག་བསྔལ་སོལ།། གསང་བའི་བར་ཆད་བར་དོའི་འཇིགས་སྐྲག་ཞི།། ཀུན་ཀྱང་ཀུན་བཟང་ཞིང་དུ་སྐྱེ་བར་ཤོག། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་།། རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།། བདག་ཅག་ལྷག་བསམ་དག་པས་སྨོན་ལམ་གྱིས།། གསོལ་བཏབས་སྨོན་པའི་དོན་ཀུན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ལྕགས་གླང་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་གཉིས་པར་སྤྲུལ་བའི་སྐུ་མཆོག་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་དང་མཁན་པོ་འབུམ་རམས་པ་དྲི་མེད་ཟླ་བ་སོགས་ཆོས་མཆེད་དམ་པ་དུ་མའི་ངོར་རྒྱ་གར་དང་བལ་ཡུལ་སོགས་རྒྱལ་ཁམས་ཀུན་གྱི་ཏོག་ནད་ཞི་བའི་སྨོན་ལམ་དུ་རིག་འཛིན་ཨེ་མ་ཧོས་བདེན་ཚིག་སྙིང་ནས་སྨོན་པར་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། །ཤྲཱིཿསརྦ་མངྒ་ལྃ།།