May 2021

ཏོག་ནད་ཞི་བའི་སྨོན་ལམ་ཀུན་བཟང་ཞིང་གི་སྒྲོན་མེ་ཞེས་བྱ་བ།

ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ།།

ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ།།

འགྱུར་མེད་འོད་གསལ་རིག་པའི་འོད་ལམ་ལས།།

སྲས་བཅས་རྒྱལ་བ་རྒྱ་མཚོར་གསོལ་བ་འདེབས།།

ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད།།

བླ་མ་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་།།

ཡི་དམ་ཀུན་བཟང་རྡོ་རྗེ་གོ་ཁྲབ་དཔལ།།

མཁའ་འགྲོ་རྗེ་བཙུན་དོན་ཀུན་གྲུབ་མ་དང་།།

ཆོས་སྐྱོང་གེ་སར་རྒྱལ་པོས་རྟག་ཏུ་སྐྱོབས།།

ཕྱི་ཡི་བར་ཆད་འབྱུང་བཞིའི་ནད་རིམས་བཟློག།

ནང་གི་བར་ཆད་སེམས་ཀྱི་སྡུག་བསྔལ་སོལ།།

གསང་བའི་བར་ཆད་བར་དོའི་འཇིགས་སྐྲག་ཞི།།

ཀུན་ཀྱང་ཀུན་བཟང་ཞིང་དུ་སྐྱེ་བར་ཤོག།

དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་དང་།།

རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་།།

བདག་ཅག་ལྷག་བསམ་དག་པས་སྨོན་ལམ་གྱིས།།

གསོལ་བཏབས་སྨོན་པའི་དོན་ཀུན་ལྷུན་གྲུབ་ཤོག།

ཅེས་པ་འདི་ཡང་རབ་གནས་ལྕགས་གླང་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་གཉིས་པར་སྤྲུལ་བའི་སྐུ་མཆོག་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ་དང་མཁན་པོ་འབུམ་རམས་པ་དྲི་མེད་ཟླ་བ་སོགས་ཆོས་མཆེད་དམ་པ་དུ་མའི་ངོར་རྒྱ་གར་དང་བལ་ཡུལ་སོགས་རྒྱལ་ཁམས་ཀུན་གྱི་ཏོག་ནད་ཞི་བའི་སྨོན་ལམ་དུ་རིག་འཛིན་ཨེ་མ་ཧོས་བདེན་ཚིག་སྙིང་ནས་སྨོན་པར་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ། །ཤྲཱིཿསརྦ་མངྒ་ལྃ།།