May 2021

༄༅། །ཨྃཿམདོ་ཁམས་གནས་ཆེན་ཉེར་ལྔ་ཡན་ལག་དང་བཅས་པའི་མདོ་བྱང་གི་

གསལ་བྱེད་ཟིན་ཐུང་ཉུང་ངུ་བཞུགས་སོ།།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

ཨོཾ་སྭ་སྟི་སིདྡྷི། །གདོད་ནས་འགྱུར་མེད་བདེ་ཆེན་རྡོ་རྗེར་བྱང་ཆུབ་མོད། །རྩོད་དུས་འདིར་ཡང་རིག་འཛིན་རྣམ་བཞིའི་རྒྱལ་ཐབས་པ། །འཕོ་ཆེན་འཇའ་འོད་དྭངས་མའི་སྐུར་བཞེངས་མཚོ་སྐྱེས་རྗེ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་ཡུལ་བླ་མའི་ཕུལ། །རྣམ་འདྲེན་རྒྱལ་བ་མཆོག་དེའི་གསང་གསུམ་དང་། །རྣམ་དབྱེར་གཞར་ཡང་ཡོད་མིན་འཇིག་རྟེན་ན། །ཉི་ཟླ་ལྟར་གྲགས་བཀའ་དྲིན་མཚུངས་མེད་པའི། །གཏེར་ཆེན་བླ་མ་གཉིས་ལ་གཙུག་གིས་འདུད། །རྒྱལ་བ་རྒྱལ་བའི་སྲས་གྱུར་དཔའ་ཆེན་བཅས། །སྒྱུ་འཕྲུལ་སྒྱུ་དྲའི་འཁོར་ལོར་ཡོངས་རྫོགས་པ། །དུས་གསུམ་དུས་མེད་མཉམ་བརྡལ་ཆེན་པོའི་ངང་། །རྟག་ཁྱབ་རྟག་ཅིང་ལྷུན་གྲུབ་ཕྲིན་ལས་ལྡན། །མཐའ་ཀླས་སྐུ་གསུམ་ཞིང་གི་བཀོད་པ་ལས།།བརྩམས་ཏེ་གནས་ཆེན་མདོ་བྱང་གསལ་སྤྲོས་པའི།།རྡོ་རྗེའི་གསུང་གི་བདུད་རྩི་སྐལ་བཟང་འགྲོར། །བསྩལ་བའི་ངོ་མཚར་བླ་མེད་མཆོག་གཅིག་པུ།མཐོང་ཐོས་དྲན་རེག་དོན་དང་ལྡན་འགྱུར་ཕྱིར། །བདག་བློར་ངེས་གསལ་རེག་ཟིག་འདིར་འགོད་ཀྱི། །ཐར་འདོད་དད་གསུམ་རྒྱས་པའི་སྐྱེ་བོ་རྣམས། །དགའ་ཞིང་སྤྲོ་བས་དང་དུ་ལེན་པའི་རིགས། །ཞེས་ཆེད་དུ་བརྗོད་པས་ཉེ་བར་དྲངས་ཏེ་གླེང་བར་བྱ་བ་ནི།

༡-  

དེ་ལ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཐོག་མ་སྐུའི་གནས་ཀྱི་གཙོ་བོ་སྐྱོ་ཞེས་བྱ་བ་རྫ་ཆུ་ཕ་རི་སྐྱོ་བྲག་སེངྒེ་རྫོངས་ཡོངས་གྲགས།

༢-

སྐུའི་སྐུ་གནས་སྐྱི་ཞེས་བྱ་བ་རྫ་ཆུ་ཚུ་རི་སྤྱི་འབྱམས་ཉི་ཟླ་ཕུག  དེར་གྲགས་པའི་མིང་འབྱུང་སོགས་ཀྱི་དོན། གྲགས་པའི་མིང་ནི་སྐྱོ་གྲགས་བླ་མ་གྲགས་པ།དེས་གནས་དེ་ལ་བཀུར་སྟི་ཆེན་པོ་བྱེད། དེ་རྗེས་མི་རབས་ལྔ་ཙམ་གྱི་མཚམས་ནཨོ་རྒྱན་གྱིས་བཞེངས་པའི་རྡོ་ནག་པོའི་མཆོད་རྟེན་དེ་ཞིག་པའི་འོག་ནས་རྡོའི་རིལ་བུ་ནག་པོ་ཞིག་བྱུང་བའི་དུས་སུ་སོག་དམག་གི་ཡོ་ལངས་སོགས་བོད་ཁམས་སྡུག་པའི་དུས་ཡིན་ཞེས་གསུངས། མཆོད་རྟེན་ཞིག་གསོ་བྱེད་མཁན་གྲུབ་ཅེས་བྱ་བ་ནི་ལྷུན་གྲུབ་རབ་བརྟན་ནམ་རྣམ་རྒྱལ་རྡོ་རྗེ་ཡིན་ཞེས་གསུངས། གནམ་ཆོས་མི་འགྱུར་རྡོ་རྗེས་སྐྱོ་བྲག་གི་གནས་སྒོ་ཐོག་མར་ཕྱེས། དེ་རྗེས་ཡོན་དགེ་མི་འགྱུར་རྡོ་རྗེས་སྤྱི་འབྱམས་ནས་ཚེ་སྒྲུབ་སོགས་གཏེར་ནས་སྤྱན་དྲངས། གནས་ཡིག་ཀྱང་ཡོད།

༣-  

སྐུའི་གསུང་གི་གནས་གླེ་ཐུ་ཀརྨ་ནི་ཡོངས་གྲགས་ལྟར་དྭགས་པོ་ལྷ་རྗེས་ཀརྨ་པ་དུས་གསུམ་མཁྱེན་པ་ལ་ས་སྤྱོད་གསུང་གི་གནས་སུ་ལུང་བསྟན་པ་ལྟར་གདན་ས་བཏབ་ཀརྨ་པ་ཡབ་སྲས་ན་རིམ་དང་ཆགས་མེད་དང་ཡོན་དགེ་སོགས་ཀྱིས་ངོས་འཛིན་གཟེངས་བསྟོད་མཛད་མཆོག་གྱུར་གླིང་པས་དམ་ཅན་བྲག་འགགས་ནས་ཟབ་བདུན་དང་། དཔལ་གྱི་དེའུ་ནས་མ་མོ་སྤྱི་བསྡུས་སོགས་ཟབ་གཏེར་སྤྱན་དྲངས་ཤིང་གནས་ཡིག་ཀྱང་གཏེར་ནས་བཞེས། ཆགས་མེད་རིན་པོ་ཆེའི་གནས་བརྟན་གྱི་ཆེ་བཤད་རྒྱས་པར་བཀོད་པའང་ཡོད།

༤-

སྐུའི་ཐུགས་ཀྱི་གནས་ལས་འབྲི་ཀླུང་ཕྱོགས་ཀྱི་མཉན་ནི། ཕ་རིའི་མཉན་པ་ཚང་སྔར་ས་དེའི་བདག་པོ་ཡིན་པས་དེའི་སྒྲས་བསྡུས། པདྨའི་བྲག་རི་སུམ་བརྩེགས་ནི་ཚུ་རིའི་པདྨ་རི་མཐོ། དེར་ང་སྤྲུལ་ནམ་མཁའི་མིང་ཅན་ནི་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ༥-

སྐུའི་ཡོན་ཏན་གནས་ཁ་ཞེས་བྱ་བ་ནི་ནང་ཆེན་ཕྱོགས་རྫ་ཆུ་རྒྱུད་གཏམ་ཁོག་ཁ་བྲག་གམ་ཁ་ལ་རོང་སྒོ། ཕ་རི་ཟངས་མདོག་དཔལ་རི་ཚེ་རི་ཁྲོ་བོ་དབུ་དགུར་གྲགས་པ། འདི་ནས་གཏེར་ཆེན་ཉིད་ཀྱིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་དང་། གནས་ཡིག་སྤྱན་དྲངས་ཤིང་གནས་སྒོ་ཕྱེས།

༦-  

སྐུའི་ཕྲིན་ལས་གནས་ཧེ་ཞེས་བྱ་བ་ནི། འབྲི་རྒྱུད་ས་ངན་ཕྱོགས་ཧེ་པ་ཆོས་འབྱུང་བཞུགས་གནས་ཧེ་བྲག་དཀར་ཡིན། དེའི་ཡན་ལག་སྒ་སྟོད་ཕྱོགས་ཀྱི་གཡུ་བྲག་ཡིན་པར་བཞེད། ཡང་ཀུ་སེ་སྡེ་གཞུང་མདོར་ཆུ་བརྒྱུད་དུ་ཧེ་བྲག་ཅེས་གྲགས་པ་ཁྱུང་གྲགས་རྡོ་རྗེས་གནས་སྒོ་ཕྱེས་ཤིང་གཏེར་ཀའང་བཞེས་སྐད་ཞིག་ཀྱང་ཡོད་དོ། །

༧-    

གསུང་གི་གནས་གཙོ་སྤུ་བོ་དགའ་བ་ལུང་ནི། པདྨ་བཀོད་ཆེན་གྱི་བྱང་ཕྱོགས་དྲག་པོ་བཀོད་ཆུང་ཞེས་བྱ་བ་གཏེར་ཆེན་སྟག་ཤམས་རྡོ་རྗེས་གནས་སྒོ་ཕྱེས། སྐུ་རྟེན་རྟ་ཕག་ཡབ་ཡུམ་སྐུ་ངོ་མཚར་བ་དང་།

༨-

གསུང་གི་གསུང་གནས་པདྨ་ཤེལ་རི་ནི། དངོས་དེ་ད་རུང་ཞལ་མ་འབྱེད། ཡན་ལག་རྟིང་ལྷུང་ཁང་མདོ་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་དང་ཉེ་བའི་ཚུ་རི་ལ་ཡོད།

༩-

གསུང་གི་སྐུའི་གནས་ཚ་བ་རོང་ཁ་བ་དཀར་པོ་ནི་ཡོངས་གྲགས་ལྟར་ལ། འདི་ནི་ཐོག་མར་ཀརྨ་པ་དང་དེ་རྗེས་རང་བྱུང་རྡོ་རྗེས་གནས་སྒོ་ཕྱེས་པར་གྲགས་ཤིང་རང་བྱུང་ཞབས་ཀྱིས་གནས་ཡིག་ཀྱང་ཡོད་སྐད། དཀར་ཆག་སྤོར་ཏེ་བྲག་ཏུ་སྦས་གསུངས་པ་དེ་ནི་རི་བོ་ཆེའི་ཕྱོགས་སུ་ཡོད།

༡༠-

གསུང་གི་ཐུགས་ཀྱི་གནས་ན་བུན་ཞེས་བྱ་བ་ནི། ནང་ཆེན་ཆམ་གཤིས་ན་བུན་རྫོང་བདུད་འདུལ་མི་འགྱུར་རྡོ་རྗེ་ཆགས་མེད་སོགས་ཕེབས་ནས་གནས་ཞལ་ཕྱེས་ཤིང་བདུད་འདུལ་བའི་གནས་་གནས་ཡིག་ཀྱང་ཡོད།

གཏེར་ཆེན་ཉིད་ནས་གཏེར་ཁའི་ཐོག་མ་པདྨ་གཙུག་ཏོར་དྲི་མེད་ཀྱི་སྐོར་སྤྱན་དྲངས།

༡༡-

གསུང་གི་ཡོན་ཏན་གནས་ནི།  ཕར་ནང་རི་བོ་ཆེ་ཚུ་རི་ནང་ཆེན་གྱི་ས་འབྲི་གུང་ཆོས་གྲགས་ཕེབས་ནས་ཁམས་ཀྱི་གླ་བ་རྐང་གཅིག་ཏུ་ངོས་འཛིན་མཛད་ཅིང་། ཡོངས་གྲགས་ལྷོ་ཡེལ་ཕུག་དང་ཉེ་བ་ཡེ་རྒྱལ་ནམ་མཁའ་མཛོད་ཅེས་མཛོད་ལྔ་སྒྲོམ་གསུམ་གྱི་ཟབ་གཏེར་ཆེན་པོ་བཞུགས་པ་ལས།གཏེར་ཆེན་ཉིད་ནས་ཀྱང་གཏེར་ཁ་དུ་མ་ཞིག་སྤྱན་འདྲེན་པར་མཛད། ཆགས་མེད་རིན་པོ་ཆེའི་གནས་ཡིག་ཀྱང་ཡོད། དེ་རུ་གཉགས་བན་གྱི་སྤྲུལ་པ་ཡེ་ཤེས་འབྱུང་གསུང་པ་ནི་ཡེལ་པ་ཡེ་ཤེས་བརྩེགས་པའི་གདན་སའི་གཙོ་བོ་ཉིད་ཡོད་པས་སོ།།

༡༢-

གསུང་གི་ཕྲིན་ལས་ཀྱི་གནས་ནི། ཧོར་ཏྲེ་ཤོད་ལ་བཞུགས་པའམ། ལྕགས་མདུད་ཁ་བ་ལུང་རིང་གང་ཡིན་དཔྱད་དགོས། ཕྱི་མ་འདི་ལ་གྲུབ་ཆེན་གསལ་སྟོང་ཤོ་སྒོམ་གྱི་གནས་ཡིག་ཡོད་སྐད་དོ། །

༡༣-

ཐུགས་ཀྱི་གནས་གཙོ་དན་ཏི་ཤེལ་གྱི་བྲག་ནི། བྱང་ཕྱོགས་རྨ་ཁོག་སྟོད་བླ་ཆེན་དགོངས་པ་རབ་གསལ་སོགས་བཞུགས་པའི་གནས་ཡོངས་གྲགས། འདི་འགའ་ཞིག་གིས་རྒྱལ་བུ་དྲི་མེད་ཀུན་ལྡན་སྤྱུགས་པའི་གནས་བདུད་རི་བྱ་རོག་སྒྲ་ཅན་དེ་ཡིན་པར་ཡང་བཞེད།

༡༤-

ཐུགས་ཀྱི་ཐུགས་གནས་རྨ་སྨད་རྡོ་རྗེའི་བྲག  

༡༥-

ཐུགས་ཀྱི་སྐུའི་གནས་མི་ཉག་བཞག་ར་ལྷ་རྩེ་ཡོངས་གྲགས། གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ཕྱིས་སུ་འབྲི་གུང་ཆོས་གྲགས་བྱོན་ཅིང་གནས་ཡིག་ཀྱང་ཡོད་འདུག  

༡༦-

ཐུགས་ཀྱི་གསུང་གི་གནས་ཝར་ཏིའི་བྲག་དཀྲིག་ཆ་མ་ངེས།   མཚམས་ཞེས་པའི་ས་ཆ་ལ་དཔྱད་བྲག་ཡབ་སྨད་མཚམས་ཀྱི་ཡི་གེ་དྲུག་མ་ཡོད་པའི་ཕྱོགས་དེར་བཞུགས་པ་ཡིན་ནམ།

༡༧-

ཐུགས་ཀྱི་ཡོན་ཏན་གནས་ཞེས་བྱ་བ་ནི། ནང་ཆེན་སྨད་མཁའ་འགྲོ་འབུམ་རྫོང་། དྲུང་རྨ་སེ་བློ་གྲོས་རིན་ཆེན་གྱིས་གནས་སྒོ་ཐོག་མར་ཕྱེས།གནམ་ཆོས་དང་ཆགས་མེད་ཞབས་ཀྱིས་གནས་ཡིག་མཛད། གཏེར་ཆེན་ཉིད་ནས་འཁོར་བ་དོང་སྤྲུགས་སོགས་གཏེར་ཁ་མང་པོ་དང་གནས་ཡིག་ཀྱང་བཞེས། དེའི་གཡས་རི་ཨན་ཆུང་ནམ་མཁའ་རྫོང་ནི་ད་ལྟ་སྤོ་ངུ་ཟེར་བ་དེ་ཡིན་གསུངས།

༡༨-

ཐུགས་ཀྱི་ཕྲིན་ལས་གནས་སྤོ་ནེ་བྲག་དཀར་ཡོད་པའི་ཕྱོགས་ལ་དཔྱད་ན་རྡུའི་སྒྲ་འབྱར་བ། ས་ངན་རྡུ་ཚ་རོང་ནས་འགྲོ་བ་དང་རྒྱལ་རོང་ནས་འབབས་པའི་རྒྱལ་མོ་དངུལ་ཆུ་གཉིས་དང་ཉེ་བར་ཡོད་འདྲའང་དཔྱད་དགོས་ཤིང་། ས་ངན་ཕྱོགས་སུ་ཀློང་གསལ་གཏེར་གནས་སྤོ་ནེ་བྲག་དཀར་ཟེར་བ་ཞིག་ཀྱང་ཡོད་པར་འདུག་གོ། །

༡༩-

ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བ་ནི་ཁྲོ་རི་རྡོ་རྗེ་ཟིལ་ཁྲོམ་སྟེ། འདིའི་གནས་ཡིག་གཏེར་ཆེན་ཉིད་ཀྱིས་རྫོགས་ཆེན་གངས་ཁྲོད་ནས་བཞེས། གཞན་ཡང་ཟབ་གཏེར་འགའ་ཞིག་དང་བདུད་འདུལ་བས་ཀྱང་གཏེར་ཞལ་ཕྱེས།

ལྕགས་རི་ཁྲ་བོའི་སྒོ་ཁང་ལྷོར་བསྟན་ནི་ཟིལ་ཁྲོམ་གནས་ཀྱི་ཞལ་ངོ་ཁྲོ་མཚོའི་ཕྱོགས་སུ་བསྟན་པ་ཤར་དུ་བརྩིས་ཏེ། ལྷོ་ཕྱོགས་དེང་སང་སྒོ་སྲུང་ཏུ་གྲགས་པ་དེར་བྲག་རི་ལ་སྒྲུབ་ཕུག་དང་ཁྱད་འཕགས་ཟབ་གཏེར་བཞུགས་ཤིང་གནས་དང་ས་གནད་ཀྱི་སྙིང་པོའང་འདི་ཉིད་ཡིན། ཤར་གྱི་གཙང་དཀར་འཛུམ་གཙང་དཀར། ལྷོའི་འཁོར་ལོ་ནི་འཁོར་ལོ་མདོ། ནུབ་ཀྱི་སེང་རྫོང་དཔྱད། བྱང་གི་ཕ་ཝ་ནི་རུ་དམ་ཕ་ཝ་ཞབས་ཆེ་ཆུང་། ཤར་ལྷོ་དཔལ་གཏོར་འདྲ་བ་རྡོ་མུ་ནམ། ལྷོ་ནུབ་རྡོ་རྗེ་འདྲ་བའི་བྲག་ནི། ལྷ་ལུང་ཞུད་དང་ཉེ་བ་ན་ལྷ་ལུང་དཔལ་རྡོར་སྒྲུབ་གནས། འགྱུར་ནུབ་བྱང་བྲག་རི་སྒྲོམ་འདྲ་དང་། བྱང་ཤར་གཏེར་བུམ་།དཔའ་བོ་དབང་ཆེན་བྲག20ཡོངས་གྲགས་དཔའ་ར་ཟེར་བ་མདོ་བྱང་འདི་ཉིད་ཀྱི་གཏེར་གནས། གཞན་རྣམས་དཔྱད་དགོས།  ཁྱད་པར་ལྷོ་ཕྱོགས་དབུས་ཀྱི་བྲག་རི་ནི་གོང་སྨོས་སྒོ་ཁང་ལ་ཡོད་པ་དེའོ། །

༢༠-

ཡོན་ཏན་གྱི་ཡོན་ཏན་གནས་ནི། འདིར་སྦས་པ་འཛིངས་ཕྱོགས་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་། ཀུན་མཁྱེན་བླ་མ་གཏེར་ཆེན་ཡབ་སྲས་ལྷན་རྒྱས་པས་གནས་ཞལ་ཕྱེས་ཤིང་ཟབ་གཏེར་ཀྱང་བཞེས།

༢༡-

ཡོན་ཏན་གྱི་སྐུའི་གནས་ནི།  རྔུལ་མདའ་ཕོ་བྲང་སྡེ་དགེ་ལྷུན་གྲུབ་སྟེང་གི་མདུན་ངོས་འབྲི་གཉན་ལྡངས། བདུད་འདུལ་རྡོ་རྗེས་གནས་སྒོ་ཕྱེས་ཤིང་གཏེར་ཆེན་དེ་ཉིད་དང་། གནམ་ཆོས་མི་འགྱུར་རྡོ་རྗེ་སྡེ་དགེ་གྲུབ་ཐོབ་རྣམས་ཀྱི་གནས་ཡིག་ཡོད། འདིར་ང་སྤྲུལ་བརྩོན་འགྲུས་མིང་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོའམ་བརྩོན་འགྲུས་བཟང་པོ་ཕེབས་སྡེ་དགེའི་རྒྱལ་ས་ཐོག་མར་འདེབས་པའི་ས་འདུལ་བྱིན་རླབས་སོགས་མཛད། རྒྱལ་པོ་བྱིས་པའི་མིང་ཅན་ནི་ཆོས་རྒྱལ་བསྟན་པ་ཚེ་རིང་། མུ་ཏིག་སྤྲུལ་པ་ནི་ད་ལྟའི་ལྷ་སྲས་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེའོ། །

༢༢-

ཡོན་ཏན་གསུང་གི་གནས་ནི། སྨན་ཤོད་དམ་ཡོངས་གྲགས་རྨེ་ཤོད་འཛོམ་ནང་གི་ཕུར་བཞུགས་པའི་པདྨ་ཤེལ་ཕུག འདི་ནས་ཡབ་སྲས་ལྷན་རྒྱས་པས་རྫོགས་ཆེན་སྡེ་གསུམ་དང་འདིའི་གནས་ཡིག་སོགས་སྤྱན་དྲངས་ཤིང་གནས་ཞལ་ཕྱེས།

༢༣-

ཡོན་ཏན་ཐུགས་ཀྱི་གནས་ཀྱི་འདྲ་རིན་ཆེན་བྲག་ནི། དཔལ་སྤུངས་དགོན་གྱི་རྒྱབ་རི་ཡོངས་གྲགས་དབུ་ཆེ་བྲག་དཀར་དང་འདབས་འབྲེལ་བ་གནས་རི་སྤྱི་དེ་བཱི་ཀོ་ཊི།ཤར་གྱི་བྲག་རི་ཙཱ་འདྲ་དངོས་ཡིན་ནོ། །བི་མ་ལའི་གནས་མཆོག་གུད་དུ་སྦས་པ་ནི། ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་གི་ཀླད་དེར་ཡོད། འདི་ནས་གསང་ཐིག་སྐོར་གསུམ་དང་གནས་ཡིག་བཞེས་ནས་གནས་ཞལ་ཕྱེས།

༢༤-

ཡོན་ཏན་ཕྲིན་ལས་གནས་ནི། འབྲི་ཆུ་ཕར་ཀ་འཛོམ་ཐོག་ཕུ་སེང་གནམ་བྲག་ཏུ་གྲགས་པ། གཏེར་ཆེན་བདུད་འདུལ་བས་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཡོད། རཏྣའི་མིང་ཅན་ནི་ཆོས་སྒོར་བཞུགས་པའི་མཚན་དཀོན་མཆོག་བསྟན་འཛིན་དུ་གྲགས་པ་མཆོག་གྱུར་གླིང་པ་ཉིད་དེ། དམ་ཆོས་ཤོག་སྡེ་དྲུག་པ། ཆོས་རྒྱལ་བླ་དཔེ། གནས་ཡིག་སོགས་བཞེས་པར་མཛད།

ནམ་མཁའི་མཚོ་ལ་སོགས་ནི་བྱང་གནམ་མཚོ་ཁར་སྐུ་འཁྲུངས་པ། པདྨའི་སྤྲུལ་པ་པདྨ་ཉིན་བྱེད་ཀྱི་ཡང་སྤྲུལ་སི་ཏུ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོའམ།གཏེར་ལུང་རྣམས་ནས་པདྨ་སྙིང་པོ་སོགས་སུ་བསྟན་པ་ཉིད་དོ། །

༢༥-

ཕྲིན་ལས་གནས་ཀྱི་གཙོ་བོ་ཡོངས་གྲགས་ཀ༔ཐོག་རྡོ་རྗེ་གདན།ང་སྤྲུལ་བདེ་གཤེགས་མཚན་ནི་ཀཿདམ་པ་བདེ་གཤེགས་སེང་ཆེན་འདྲ་བའི་མི་རབས་ནི་དམ་གཙང་བྱམས་གསུམ་ནས་བརྩམས་ཏེ་བླ་རབས་བཅུ་གསུམ་དུ་གྲགས་པ་རྣམས་སོ། །

༢༦-

འཕྲིན་ལས་ཀྱི་ཕྲིན་ལས་གནས་ནི།  བྲག་རི་རྡོ་རྗེ་སྤུངས་པ་བབ་དཔྱད་ན་བསེ་རག་ལྕོག་བྲག་ཡིན་ཞིང་། ཕྱོགས་ཤར་དུ་གསུངས་པ་དང་ཡང་འགྲིག  

༢༧-

ཕྲིན་ལས་གསུང་གི་གནས་གཙང་ཞེས་བྱ་བ་ནི། ཚ་སྒང་སྨད་རྔུ་ཆུ་དང་ཉེ་བ་གཙང་གཤིས་རྡོ་རྗེ་གྲོ་ལོད་ཡིན་ལ། སྟག་ཤམས་བསམ་གཏན་གླིང་པས་གནས་ཡིག་རྒྱས་པ་ཡོད། བདུད་འདུལ་དྲག་མོ་སོགས་ཟབ་གཏེར་ཡང་བཞེས།

༢༨-

ཕྲིན་ལས་སྐུའི་གནས་ཕྲ་རགས་བྲག་ཡོད་ཕྱོགས་རྔུ་ཞེས་པ་རྔུ་ཆུ་རྒྱུད་དང་ཉེ་བར་ཡོད་དགོས་འདྲའང་སླར་དཔྱད།

༢༩-

ཕྲིན་ལས་ཐུགས་ཀྱི་གནས་བཀྲ་ཤིས་ཞེས་བྱ་བ་བུ་འབོར་སྒང་། ལི་ཐང་ས་ཕྱོགས་ཡིན་པས་ཡོད་པའི་ཕྱོགས་དང་བབ་ལ་དཔྱད་ན་ཀཾ་པོ་གངས་ར་ཡིན་འདྲ། དེ་ཡི་ཚེ་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་གནས་ཡིག་རྒྱས་པར་བཞུགས།

༣༠-

ཕྲིན་ལས་ཡོན་ཏན་གནས་རྒྱལ་གྱི་བྲག་ནི།   རྒྱལ་གྱི་བྲག་ཅེས་པ་སྒ་སྟོད་ཡོད་སྐད་ཀྱང་དཔྱད་དགོས་སོ། །

ཁྱད་པར་གནས་བཞི་ལས།

༣༡-

སྐུའི་གནས་ཐམས་ཅད་འདུས་པ་མ་ཡོ་གངས་ར་ནི། ནང་ཆེན་སྟོད་ཀྱི་གཟེ་རྒྱལ་གྭ་པ་ཟེར་བ་ཁམས་པ་ཀུན་དགའ་བསྟན་འཛིན་སོགས་གནས་སྒོ་འབྱེད་མཁན་མང་།

༣༢-

གསུང་གི་གནས་འདུས་པ་འཛིན་ཟླའི་བར་ནི།རི་བོ་ཆེའི་སྤོ་ནེ་བྲག སངས་རྒྱས་དབོན། ཛྙཱ་ན་ཤྲཱི་རྣམས་ཀྱིས་གནས་སྒོ་ཕྱེས། དེར་བདུད་འདུལ། གནམ་ཆོས་ཆགས་མེད་རྣམས་ཞལ་འཛོམ་མཛད་པ་ཡིན།

༣༣-

ཐུགས་ཀྱི་གནས་འདུས་པ་སྤོ་ནེ་མདུང་སླར་དཔྱད།

༣༤-

ཡོན་ཏན་གནས་འདུས་པ་རྩི་ཟླའི་བར་སྟབས་རྒྱལ་ངང་པ་སེང་སེང་ཞེས་དེང་སང་ཟུར་མང་སྟབས་སྒྲུབ་སྡེ་ཆགས་པའི་རྒྱབ་རི་དེའོ། །

ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ལས།

༣༥-

ཞི་བས་འདུལ་མཛད་ནི།  རྒྱམ་རྡོ་ཏི་གངས་དཀར་པདྨ་བཀོད་པའི་མཚོ་གླིང་སྟེ་གཏེར་ཆེན་ཉིད་ཀྱིས་གནས་སྒོ་ཕྱེས། གནས་ཡིག་སྒ་སྟོད་རིན་ཆེན་ཤེལ་བྲག་ནས་བཞེས། མདུན་ངོས་མཚོ་ནག་མ་ནས་རོལ་པའི་རྡོ་རྗེའི་ཟབ་གཏེར་ངོ་མཚར་གྱི་ཆོ་འཕྲུལ་བཅས་སྤྱན་དྲངས།

༣༦-

རྒྱས་པས་འདུལ་མཛད་ཇོ་བོ་རི་ནི།  སྒ་སྟོད་ཇོ་བོ་ཞལ་དཀར་རམ།འབྲོག་གནས་མཆེད་ལྔའི་ནང་ཚན་སྲེད་སྤངས་ཕྱོགས་ཆེན་གདོང་རར་གྲགས་པ།དྲུང་ཀུན་དགའི་རིན་ཆེན་ཞེས་པ་གཅོད་ཡུལ་པ་ཞིག་གིས་གནས་སྒོ་ཕྱེས་པར་བཤད།

༣༧-

དབང་གིས་འདུལ་མཛད་རི་བོ་དབང་ཞུ་ནི། རྟིང་ལྷུང་དུ་ཡོད་པ་གཏེར་ཆེན་ཉིད་ལ་རྗེ་བླ་མས་བསྐུལ་ཏེ་གནས་ཡིག་ཀྱང་མཛད། དེའི་དཀར་མོ་བྲག་ནས་ཐུགས་སྒྲུབ་ཆ་ལག་གཏེར་དུ་བཞེས། ཀུན་མཁྱེན་བླ་མའི་ཟབ་གཏེར་ལས་བྱོན་པའི་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་གི་གནས་ཡིག་གི་ཆ་ལག་ཏུ་འདིའི་གནས་ཡིག་བཞུགས་པ་ལགས།

༣༨-

དྲག་པོས་འདུལ་མཛད་ནི། ཀློང་ཐང་སྒྲོལ་མའི་བྱང་ཕྱོགས་ངོས་ཀྱི་རྒྱབ་རི་པདྨ་རི་མཐོའི་ངོས་སུ་འབྲེལ་བ་སེངྒེ་གནམ་རྫོང་དུ་གྲགས་པ་དེ་ཡིན།

༣༩-

རྡོ་རྗེ་རིགས་ཀྱིས་འདུལ་མཛད་སྨུགས་སངས་ནི། རྔུ་ཆོས་རྡོར་གྱིས་གནས་སྒོ་ཕྱེས་ཤིང་གནམ་ཆོས་མི་འགྱུར་རྡོ་རྗེའི་བཞུགས་གནས་ཀུ་སེ་སྨུགས་སངས་རིན་ཆེན་ཡོངས་གྲགས། འདིའི་གནས་ཕུག་གཡས་གཡོན་གྱི་གནས་ཡིག་གནམ་ཆོས་ཀྱིས་མཛད་པ་ཡོད།

དེའི་ཡན་ལག་གཉིས་པ་ལྕགས་རའི་མངའ་འོག་ཚེ་ཚ་ཕྱོགས་དང་ཉེ་བ་རྨུགས་སངས་ཞེས་གྲགས་པའི་གནས་ཀྱི་སྙིང་པོ་བཀྲ་ཤིས་གནས་ཡིན། རྗེ་བླ་མ་དང་གཏེར་ཆེན་ལྷན་རྒྱས་ཀྱི་གནས་སྒོ་ཕྱེས་ཤིང་གནས་ཡིག་ཀྱང་ཐུགས་གཏེར་ལས་བྱུང་།

༤༠-

རིན་ཆེན་རིགས་ཀྱིས་འདུལ་མཛད་རོང་བྲག་ནག་པོ་ནི།

མཁར་མདོའི་མངའ་ཁུལ་འབྲི་ཆུ་ཕར་ཀ་བོན་གནས་ཡོངས་གྲགས་ཞེ་ཞོལ་སྟག་རྩེ་བྱ་བ་བོན་གཏེར་ཁྲོམ་ཚེ་དབང་རྒྱལ་པོས་གནས་སྒོ་ཕྱེས།

ཟབ་གཏེར་སྤྱོད་པ་གྲགས་པའི་མིང་ཅན་ནི་ཀུན་གྲོལ་གྲགས་པ། དེ་ཉིད་འདས་འོག་མི་རབས་གསུམ་ན་གཡུ་སྒྲའི་སྐྱེ་བ་དབང་གི་མིང་ཅན་ནི་ཚེ་དབང་གྲགས་པ་ཡིན་ནམ་དཔྱད་གསུངས།

༤༡-

དེའི་ཤར་ཕྱོགས་སུ་ཡོད་པའི་པདྨའི་རིགས་ཀྱིས་འདུལ་བའི་གནས་ནི། རོང་རྒྱབ་པའི་ལ་ཁར་ཡོད་པའི་དཀར་ཡག་ཟེར་བ་དེའམ། སྤང་མཚེས་དཔའ་བོའི་གནས་སྒོ་ཕྱེས་ཤིང་། ཀུན་གྲོལ་ལུང་དུ་གཡུང་དྲུང་དཀར་ཆུང་ཟེར་བ་དེ་གང་ཡིན་དཔྱད་དགོས། བྲག་རི་པདྨའི་ཞྭ་འདྲ་ལ་བརྟགས་ན་སྔ་མ་ཡིན།

༤༢-

ལས་ཀྱི་རིགས་ཀྱིས་འདུལ་བའི་གནས་ནི། དབོན་སྟོད་ཁྲ་སྤོམ་བྲག་ཅེས་གྲགས་པ་ཀརྨ་ཀཾ་ཚང་གི་གྲུབ་ཐོབ་རྒྱལ་སྲས་སྤོམ་བྲག་པའི་གདན་ས། གྲུབ་ཆེན་པ་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་།གནམ་ཆོས་མི་འགྱུར་རྡོ་རྗེས་མཛད་པའི་གནས་ཡིག་ཀྱང་ཡོད། སྤོམ་བྲག་པའི་དབོན་གཅོད་བརྒྱུད་ངོ་མཚར་ཅན་བྱོན་པའི་གནས་དེ་ལགས་སོ།།

འདིར་དངོས་སུ་གསལ་བ་བཞི་བཅུ་ཞེ་གཉིས་ནི་དངོས་སུ་ཕེབས་གྲུབ་མ་གྲུབ་ཙམ་ལས་དོན་གྱིས་གནས་སྒོ་ཕྱེས་པ་ཡིན་ཞིང་། དེ་ལས་དངོས་སུ་ཕེབས་ནས་གནས་སྒོ་ཕྱེས་པ། གླེ་ཐུ་ཀརྨ། ཁ་ལ་རོང་སྒོ། ན་བུན་རྫོང་། སྒ་སྟོད་གཡུ་བྲག ཡེ་རྒྱལ་ནམ་མཁའ་མཛོད། མཁའ་འགྲོ་འབུམ་རྫོང་། ཁྲོ་ཟིལ་ཁྲོམ། དཔའ་འོག་དབང་ཆེན་བྲག རྫོང་ཤོད། པདྨ་ཤེལ་ཕུག ཙཱའདྲ་རིན་ཆེན་བྲག སེང་གནམ་བྲག  རྡོ་ཏི་གངས་དཀར། རི་བོ་དབང་ཞུ། སྨུགས་སངས་གཉིས་པ་བཀྲ་ཤིས་གནས་བཅས་དང་། འདིར་མ་འདུས་པ་གནས་ཐོར་བུ་གཏེར་ཆེན་ཉིད་ཀྱི་ཡབ་གཞིས་ཕྱོགས་བྲག་དཀར་རྫོང་ཆུང་། ནང་ཆེན་བླ་ཕོ་བྲག་དཀར། དཔའ་རོང་དཀར་བར་བྲག རྫ་ཤར་ལུང་བྱ་རྫོང་། ཨ་འབུམ་རིན་ཆེན་སྤུངས་པ། འཛི་སྨད་མཁའ་འགྲོ་ཤེལ་ཕུག གཏེར་སྒར་སྒྲོལ་མ་ཕུག རག་ཤུལ་གླེ་མཚོ། ཟུར་མང་གཉའ་ན་མེད། སྒ་སྟོང་མེ་སེང་རིན་ཆེན་ཤེལ་བྲག་ཁྲི་འདུ་རི་མགོ་པོ་ཏཱ་ལ།

དཔའ་འོག་འབུར་མོ་བྲག དགེ་རྒྱལ་ནང་བླ་མ་ནོར་ལྷའི་གནས་སྨུག་ཡག་མ། རྨེ་ཤོད་རོང་རྨེ་དཀར་མོ་སྟག་ཚང་བཞི་པ། མ་ཕམ་གསུམ་པ་སེང་ངུ་གཡུ་མཚོ། སྤོམ་འབོམ་པདྨ་ཤེལ་རི། འཛིང་ཡུལ་ཁྲ་བོ་ཁྱུང་ལུང་དངུལ་མཁར། ཉིན་ལྷུང་གཡུ་ལུང་ཤེལ་བྲག  ཁ་རག་ཕྱུག་མོ་དཔལ་རི།  ཨ་ཐང་ཐུགས་རྗེ་ཀུན་སྒྲོལ་གནས། སྤྲེལ་ཟླ་དབལ་གསས་རྔམ་པའི་གནས་ཏེ་ལྔ། ཧོར་ལུང་ཁྱུང་ཚང་གནས་ལྔ། བུ་ལ་གཡུང་དྲུང་རྣམ་བཀོད་རྩ་བ་དང་ཡན་ལག་གི་གནས་དྲུག གོ་སྟོད་རིན་ཆེན་རྣམ་པར་བཀོད་པ་རྩ་བ་དང་ཡན་ལག་གི་གནས་ལྔ། ཡོན་ཏན་སྐུའི་གནས་འབྲི་རྒྱལ་གཉེན་ལྡངས་ཀྱི་གནས་ལག་རྫོང་ཆེན་ཁམས་ཕུག་རྩ་བ་ཡན་ལག་དང་བཅས་པ།  རྨུགས་སངས་གཉིས་པ་བཀྲ་ཤིས་དཔལ་ཕུག་གི་ཕྱོགས་མཚམས་ཀྱི་གནས་རྣམས་ལས་ཁྱད་པར་དུ་གྱུར་པ་ལྷོ་ཕྱོགས་ཞི་ཁྲོ་ཤེལ་ཕུག  བྱང་ཕྱོགས་ཁ་གཏིང་དུ་གནོད་སྦྱིན་ནོར་ལྷའི་གནས་དཔལ་གྱི་དེའུ་བཅས།

རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་ཆེན་པོའི་གནས་ཡིག་ཏུ་གསལ་བའི་གནས་ཀྱི་ཡན་ལག་ཤར་ཕྱོགས་ཨ་རིག་ནང་དུ་དཔལ་ཆེན་དགྱེས་པའི་ཕོ་བྲང་ཡང་ལེ་ཤོད་གཉིས་པ། ལྷོ་ཕྱོགས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་གནས་ཁང་དམར་མདོ་བྲག་དམར་ཟངས་ཡག་ནམ་མཁའ་རྫོང་། ནུབ་ཕྱོགས་ཚེ་དཔག་མེད་ཀྱི་གནས་གོང་དུ་སྨོས་པའི་རི་བོ་དབང་ཞུའི་སྙིང་པོ་བཀྲ་ཤིས་ཟླ་གམ་དབང་ཕུག   འགྱུར་བྱང་ཕྱོགས་གནོད་སྦྱིན་ནོར་ལྷའི་གནས་འབའ་རྒྱལ་ཁོལ་རི་མཆེད་གནས་ཆེན་བཞི་རྣམས་ཏེ། དེ་ལྟར་ན་ད་ལྟ་ཡན་མདོ་བྱང་གིས་དངོས་སུ་ཟིན་པ་བཞི་བཅུ་རྩ་གཉིས་མ་ཟིན་པ་བཞི་བཅུ་རྩ་གསུམ་བཅས་ཁྱོན་དྲིལ་གནས་མཆོག་བརྒྱད་ཅུ་རྩ་་ལྔ་ཙམ་སྤྲུལ་པའི་གཏེར་སྟོན་ཆེན་པོའི་ཡེ་ཤེས་གཟིགས་པའི་བྱིན་རླབས་ཀྱི་བདག་པོའི་རྐྱེན་ལས་སྣང་བར་མཛད་པའི་བཀའ་དྲིན་གྱིས་ཁམས་ཆེན་པོའི་རྫོངས་སྤྱི་དང་བྱེ་བྲག་གི་བསྟན་འགྲོའི་རྒུད་པ་ཐམས་ཅད་ཞི་ཞིང་མཐོང་ཐོས་དྲན་རེག་གི་ཡིད་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་པ་དང་བདེ་བའི་དགེ་ལེགས་ཀྱི་སྣང་བ་རྒྱས་པས་སྤེལ་བར་མཛད་པ་ཡིན་ནོ། །ཞེས་པའི་ཟིན་ཐོ་མདོ་ཙམ་བརྗེད་བྱང་དུ་བྱས་པ་འདིའང་གཏེར་ཆེན་བླ་མ་ཡབ་སྲས་ཀྱི་དགོངས་པ་ལྟར་རབ་བྱུང་བཅོ་ལྔ་པ་མེ་ཡོས་རྒྱལ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱིས་ཚེ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་བྲིས་པ་སུ་ཤྲཱི་ཡེ་བྷ་བ་ཏུ།