• September 2026

    ཀཿ་ ཐོག་རིག་འཛིན་ཆེན་པོ་མཁྱེན་ནོ།

    ཀཿ་ ཐོག་རིག་འཛིན་ཆེན་པོ་མཁྱེན་ནོ། ཨེ་མ་ཧོ༔ པདྨ་ཀ་ར་ནམ་མཁའི་སྙིང་པོའི་དཔལ།། ཀུན་མཁྱེན་རོང་ཟོམ་ས་བཟང་པཎྜིཏ།། ཀཿ ཐོག་རིག་འཛིན་ཚེ་དབང་ནོར་བུ་རྗེ།། པདྨ་དབང་ཆེན་དགྱེས་པའི་རྡོ་རྗེ་ལ།། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།། བསྟན་དང་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག། ཨོྃ་ཛྙཱ་ན་གུ་རུ་བཛྲ་སིདྡྷི་ཧཱུྃ༔ ཕྱི་སྣང་འབྱུང་བ་ཐམས་ཅད་རང་སར་དག། ནང་བཅུད་སེམས་ཁམས་འོད་གསལ་ངང་དུ་རྫོགས།། གསང་ཆེན་རིག་པའི་ཡོན་ཏན་མ་ལུས་སྨིན།། རིག་འཛིན་རྒྱལ་བའི་དགོངས་པ་མཐར་ཕྱིན་ཤོག། ཅེས་པ་འདི་ཡང་རབ་གནས་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་ཁྲུམས་ཟླའི་ཡར་ངོའི་རྒྱལ་བ་གཉིས་པའི་ཐོ་རངས་ཁར་མགོན་པོ་གང་གི་གསུང་སྐད་ཐོས་པ་དང་རྗེ་ཉིད་ལ་མི་ཕྱེད་པའི་དད་གུས་ཅན་རྒྱལ་ཁམས་དངོས་སྟོབས་རིགས་པའི་རྣམ་དཔྱོད་ལ་ཆགས་ཐོགས་ཀུན་བྲལ་ཨེ་མ་ཧོས་གཉུག་སེམས་བདེ་བ་ཆེན་པོས་ངང་ནས་ཤར་བ་བཞིན་ཤྲཱིས་སུག་ལས་བགྱིས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །། 29/9/2026

  • September 2026

    ཨེ་ཝྃ་སྒོམ་ཐབས་སྐད་ཅིག་མ།

    ཨེ་ཝྃ་སྒོམ་ཐབས་སྐད་ཅིག་མ། ཨེ་མ་ཧོ།། ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པའི་ཀ་དག་སྟོང་གསལ་སྣང་བ་འཁྲུལ་མེད་དམ་པ་ཆོས་ཀྱི་དབྱིངས།། བདེ་ཆེན་བདུད་རྩིའི་དྭངས་གསལ་ཡངས་པ་ལྷུན་གྲུབ་འོད་གསལ་འཛིན་མེད་ལྟ་བ་དབྱིངས་རིག་བརྗེན་པའི་གཤིས།། སངས་རྒྱས་ཡེ་ཤེས་གཉུག་སེམས་དེ་ཉིད་ཨེ་ཝྃ་ཟུང་འཇུག་ཀུན་དང་མཚུངས་མེད་ངང་དུ་རོལ་གཅིག་ཕྱིར།། མ་ལུས་ཆོས་ཀུན་མ་གཡོས་མ་བཅོས་ངོ་བོ་རང་བཞིན་ཐུགས་རྗེ་ཆེན་པོས་དག་མཉམ་ཀློང་དུ་ཨ་།། ཞེས་ཨ་ཅི་ནུས་བཟླའ་བཞིན་དུ་མཐར་ནི་ངག་སྒྲ་མེད་དང་སེམས་འཛིན་མེད་ཀྱི་ངང་དུ་མཉམ་པར་བཞགས་ནས་དད་གུས་བླ་ན་མེད་པའི་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ངང་དུ་མཉམ་པར་བཞག་གོ། ཅེས་པ་འདི་འང་ཤར་ཕྱོགས་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོས་བསྐུལ་ངོར་ཐོ་རངས་ཁར་ཉམས་སྣང་གང་ཤར་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དེ་ཉིད་དུ་ཕུལ་བར་དགེའོ།། །། 7/9/2026