• September 2019

    ༄༅༅།།སྔ་འགྱུར་རིག་འཛིན་ཧཱུཾ་གྲུབ་ཆོས་གླིང་།

    ཧཱུཾ་སྭ་སྟི།།སྔ༵་འགྱུར༵་བརྒྱུད་གསུམ་བླ་མའི་ཐུགས་རྗེ་དང་།།རིག༵་འཛིན༵་མཁས་གྲུབ་དམ་པའི་བྱིན་རླབས་ལས།།ཧཱུཾ༵་གྲུབ༵་བསམ་ཡས་དགོན་པའི་ཆོས་གླིང༵་ཉིད།།འཁོར་འདས་རྒྱན་ཏུ་རྟག་ཏུ་བརྟན་གྱུར་ཅིག།ཅེས་པ་རབ་གནས་གྲོ་བཞིན་ཟླ་བའི་དབང་ཚེས་མཁའ་འགྲོ་འདུ་བའི་དུས་ཚེས་དགེ་བར་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་སྐབས་སུ་བསམ་ཡས་དགོན་པའི་ཚོགས་གྲལ་ནས་ཤྲཱིཿཨེ་མ་ཧོས་དེ་ཉིད་དུ་སྙིང་ནས་སྨོན་པར་དགེའོ།། །།

  • September 2019

    དེ་རིང་ནས་ངས་དཀར་ཟས་ཀྱི་ལམ་བུ་བདམས་པ་ཡིན།

    དེ་རིང་ནས་ངས་དཀར་ཟས་ཀྱི་ལམ་བུ་བདམས་པ་ཡིན། ལྷ་རམས་པ་ཧ་ཤེན་རིན་པོ་ཆེས།དེ་རིང་ནི་ང་ལ་མཚོན་ན་དུས་ཚོད་དམིགས་བསལ་བ་ཞིག་ཡིན། ངས་ས་ཆ་དམིགས་བསལ་བ་འདི་འདྲ་ཞིག་བདམས་ནས་རང་ངོས་ནས་སེམས་ཐག་གཙང་བཅད་ཀྱིས་མི་ཚེ་འདིར་དཀར་ཟས་པ་ཞིག་བྱ་རྒྱུར་དམ་བཅས་པ་ཡིན། མ་གཞི་དེང་སང་དཀར་ཟས་ཟ་མཁན་གྱི་མི་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང་། ཁྱད་པར་རྒྱ་བརྒྱུད་ནང་བསྟན་གྱི་སྤྱི་ཚོགས་ལྟ་བུར་མཚོན་ན་ནང་པའི་རྗེས་འཇུག་ཅིག་གི་ངོས་ནས་དཀར་ཟས་ཟ་བ་ནི་ཧ་ཅང་རྒྱུན་ལྡན་ཞིག་དང་། གྲྭ་པ་བླ་མ་ཞིག་གི་ངོས་ནས་དཀར་ཟས་ཟ་བ་ནི་གཞི་རྩའི་བླང་བྱ་ཞིག་ཏུ་ངོས་འཛིན་བྱེད་པ་རེད། ཡིན་ན་ཡང་། ང་ཚོ་བོད་ལ་མཚོན་ན་སྔོན་ནས་མཐོ་སྒང་གི་ཁོར་ཡུག་སོགས་ཀྱི་རྒྱབ་ལྗོངས་ཀྱི་དབང་གིས་དམར་ཟས་ལ་མ་སྟེན་པར་འཚོ་ཐབས་མེད་པ་ལྟ་བུ་རེད། དེར་བསྟེན་དགེ་འདུན་པ་ཡིན་ཡང་ཤ་ཟ་བ་གཏན་ནས་འགོག་པ་ཞིག་བྱུང་མེད། ང་རང་སྒེར་ངོས་ནས་ཞུས་ན་ད་བར་དངོས་གནས་ཤ་ལ་སྲེད་ཞེན་ཆེན་པོ་ཡོད་པ་ཞིག་ཡིན་ལ། ད་བར་ངས་ཤ་ཟོས་པ་འདི་གསང་སྔགས་ཀྱི་དམ་ཚིག་དང་། ཡང་ན་ཐེག་ཆེན་གྱི་སྙིང་རྗེ་སོགས་རྒྱུ་མཚན་དུ་བྱས་ནས་དམིགས་བསལ་གྱི་དུད་འགྲོ་སེམས་ཅན་ལ་ཕན་སེམས་ཀྱིས་ཟོས་པའི་སྐད་ཆ་དེ་འདྲ་མིན་ལ། རང་ཉིད་བླ་མ་སྤྲུལ་སྐུ་ཞིག་གི་མིང་ཡོད་པའི་ཆ་ནས་ཉེས་སྒྲིབ་ཀྱིས་མི་གོས་པའི་དམིགས་བསལ་གྱི་གདེངས་ཚོད་ཡོད་པ་དེ་བས་ཀྱང་མིན། ཤ་ཟ་བ་འདི་ཐེག་པ་ཆེན་པོའི་སྙིང་རྗེའི་ཉམས་ལེན་གྱི་ངོས་ནས་བསམ་ནའང་འདྲ། དུད་འགྲོ་སེམས་ཅན་གྱི་ཚེ་སྲོག་འདྲ་མཉམ་གྱི་གཞི་རྩའི་ལྟ་གྲུབ་ཀྱི་ངོས་ནས་བསམ་ནའང་འདྲ། གང་ལྟར་འོས་ཤིང་འཚམས་པ་ཞིག་མིན་པའི་ལྟ་ཚུལ་དེ་སྔར་ནས་ཡོད་ལ། སྔར་ཡང་ལོ་མང་སྔོན་ལོ་གཉིས་ཙམ་ཞིག་ལ་ཤ་བཅད་པ་ཡིན་མོད། དེ་རྗེས་ཡང་བསྐྱར་དམར་ཟས་གཏན་དུ་མཚམས་འཇོག་ཐུབ་པ་ཞིག་བྱུང་མ་སོང་།ལར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལུང་ལས་རྣམ་གསུམ་དག་པའི་ཤ་རབ་ཏུ་བྱུང་བ་དག་ལ་གནང་ཡོད་པ་ནི་དངོས་ཡོད་རེད་ལ། དེ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱིས་བཀྲལ་བ་ལྟར་ཉན་ཐོས་དག་གི་དབང་དུ་བྱས་ནས་གསུངས་པ་དང་། ཉན་ཐོས་ཀྱི་འདུལ་བ་རང་རྐང་གི་དབང་དུ་བྱས་ན་དེ་ཉིད་སྒྲ་ཇི་བཞིན་དུ་ཁས་ལེན་ཆོག་པ་ཞིག་ཡིན་པར་སྣང་མོད། ཐེག་པ་ཆེན་པོར་དད་ཅིང་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་རྒྱུད་ལ་བླངས་ཟིན་པ་ཞིག་གི་ངོས་ནས་ནི་ཤའི་ཁ་ཟས་འདི་ཉིད་ཟོས་ན་མི་རུང་བ་ཞིག་ཡིན་པ་དང་། ཤའི་རོ་ལ་སྲེད་པ་དང་བཅས་པའི་སྒོ་ནས་ཟོས་ན་དེ་ཉིད་རྣམ་གསུམ་དག་པའི་ཤ་ཚད་ལྡན་ཞིག་འགྱུར་བ་ཤིན་ཏུ་དཀའ་བ་ཡིན་པས་ཐེག་ཆེན་གྱི་ལམ་དུ་ཞུགས་ཟིན་པ་ཞིག་ཡིན་ན་ཤ་གཏན་ནས་མི་ཟ་བ་དེ་གལ་ཆེ་བ་ཡིན་ཚུལ་སྡོམ་གསུམ་ཐུབ་བསྟན་ཕྱི་དོར་དུ་འདི་སྐད་དུ། ཤ་ཟོས་ན་རང་དོན་དུ་ཤ་ལ་སྲེད་པ་དྲག་པོ་སྐྱེ་ཞིང་། དེའི་དབང་གིས་སྙིང་རྗེ་ཆེན་པོ་ཉམས་པར་འགྱུར་བའི་དགག་བྱ་འདྲེན་པའམ། འདྲེན་དུ་དོགས་པའི་ཐེག་པ་ཆེན་པོ་པའི་དགེ་སློང་ངམ། དགེ་ཚུལ་ལམ། རྒྱལ་པོའམ། བློན་པོའམ། གྲོང་དཔོན་ནམ། ཁྱིམ་ན་གནས་པའི་བུད་མེད་དག་གིས་ཀྱང་ཤ་བཟ་བར་མི་བྱ་བ་ཡིན་ལ། ཞེས་དང་། དེས་ན་བྱང་ཆུབ་སེམས་དཔར་ཁས་ལེན་ཅིང་དམ་བཅའ་བ་ཐེག་པ་ཆེན་པོའི་སེམས་བསྐྱེད་ལན་བརྒྱ་ཕྲག་ཅིག་བླངས་པ་དག་གིས་ནི། ཤ་མི་ཟ་བ་ལྟ་ཅི་སྨོས། ཞེས་དང་། ཐེག་པ་ཆེ་ཆུང་གི་མདོ་གང་ལས་ཀྱང་ཤའི་རོ་ལ་ཆགས་པའི་སྲེད་པས་ཤ་བསྙེན་པར་གནང་བ་མེད་དོ། ། ཞེས་དང་། ཤའི་རོ་ལ་ཆགས་པའི་སྲེད་པའི་དབང་གིས་ཤ་ཟ་བ་རུང་བར་འདུལ་བ་ལས་གནང་ངོ་ཞེས་ཁོ་བོ་ཅག་ནི། རྣམ་པ་ཐམས་ཅད་དུ་མི་སྨྲ་ལ། དེ་འདྲ་བ་སྐྱོན་མེད་པར་གཉིད་ཀྱི་རྨི་ལམ་དུ་ཡང་མི་སྨྲའོ།…

  • September 2019

    བསམ་ཡས་དགོན་པ

    བསམ་ཡས་དགོན་པ།་་་་་་༡ ཤར་ཕྱོགས་མཁྱེན་རབ་འཇམ་དཔལ་གྱི་གླིང་།༢ དེའི་གཡས་གཡོན་དུ་རྣམ་དག་ཁྲིམས་ཁང་གླིང་།༣ བརྡ་སྦྱོར་ཚང་མང་གླིང་།༤ ལྷོ་ཕྱོགས་སུ་ཨཱརྱ་པ་ལོའི་གླིང་།༥ དེའི་གཡས་གཡོན་དུ་བདུད་འདུལ་སྔགས་པ་གླིང་།༦ སྒྲ་སྒྱུར་གླིང་།༧ ནུབ་ཕྱོགས་སུ་དགའ་ལྡན་བྱམས་པ་གླིང་།༨ དེའི་གཡས་གཡོན་དུ་དཔའ་བོ་པེ་ཧར་གླིང་།༩ མི་གཡོ་བསམ་གཏན་གླིང་།༡༠ བྱང་ཕྱོགས་སུ་བྱང་ཆུབ་སེམས་བསྐྱེད་གླིང་།༡༡ དེའི་གཡས་གཡོན་དུ་སྣ་ཚོགས་ལྕགས་དྲ་གླིང་།༡༢ པེ་ཧར་དཀོར་མཛོད་གླིང་བཅས་སོ།

  • September 2019

    台湾桑耶寺

    དེ་ཡང་སྔོན་ཚེ་རྒྱ་ནག་རི་བོ་རྩེ་ལྔ་རུ་མི་ལོ་སུམ་ཅུའི་ཡར་ནང་དུ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་སྐུ་དྲུང་ནས་ཆོས་མཆེད་ཡོངས་དང་ཁྱད་པར་ནང་མཆེད་ཕལ་མོ་ཆེའི་གྲལ་ནས་བཟང་སྤྱོད་སྨོན་ལམ་ཆེན་མོའི་སྐབས་སུ་སྨོན་འདུན་དང་བསྟན་འགྲོའི་དོན་ལ་སྨོན་འདུན་དམ་བཅའ་བྱས་པའི་ནང་འདྲིས་པའི་རྡོ་རྗེ་མཆེད་པོ་དབྲ་སྲས་སྤྲུལ་སྐུ་བསོད་ནམས་རྒྱ་མཚོ་དང་མཉམ་དུ་སྐུ་ཉིད་ཀྱིས་ཕྱག་བཏབས་བསམ་ཡས་སུ་བདེ་བར་མཆིས་སོ།། །།

  • September 2019

    ཨེ་ཝཾ་སྨོན་ལམ་ཕྱོགས་ཀུན་རྣམ་པར་རྒྱལ་བའི་རྔ་སྒྲ།

    ཨེ་ཝཾ་སྨོན་ལམ་ཕྱོགས་ཀུན་རྣམ་པར་རྒྱལ་བའི་རྔ་སྒྲ། གདོད་མའི་མགོན་པོ་ཆོས་སྐུ་ཀུན་བཟང་དང་།།བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པ།།བསྟན་པའི་སྲོག་འཛིན་དཔལ་དགྱེས་རྡོ་རྗེ་ཡིས།།ཐུགས་བསྐྱེད་སྣང་བའི་ཨེ་ཝཾ་སྨོན་ལམ་རྒྱལ།། སངས་རྒྱས་གཉིས་པ་ཨོ་རྒྱན་པདྨ་དང་།།རྒྱ་བོད་རིག་འཛིན་མཁས་གྲུབ་བྱེ་བ་སོགས།།མཁན་ཆེན་བླ་མས་བདེན་སྨོན་བསླུ་མེད་ཀྱིས།།ཨེ་ཝཾ་སྨོན་ལམ་ཕྱོགས་ཀུན་རྣམ་པར་རྒྱལ།། སྐྱབས་གནས་མཆོག་གསུམ་རྒྱལ་བ་རྒྱ་མཚོ་དང་།།རྩ་གསུམ་བསྲུང་མས་གདོང་གྲོགས་མཐུན་འགྱུར་སོགས།།འཇིགས་མེད་རིག་པའི་སེང་ཆེན་བདེན་སྟོབས་ཀྱིས།།ཨེ་ཝཾ་སྨོན་ལམ་འཛམ་གླིང་ཕྱོགས་ཁྱབ་ཤོག། ཨེ་ཝཾ་སྨོན་ལམ་ཕྱོགས་ཀུན་རྣམ་པར་རྒྱལ་བའི་རྔ་སྒྲ་འདི་ནི་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་མཆོག་གིས་བཀའ་བསྐུལ་དང་གསུམ་ལྡན་བླ་མ་རིན་པོ་ཆེའི་ཐུགས་བཞེད་ཡོངས་སུ་འགྲུབ་པའི་བདེན་སྨོན་དུ་གཙང་གྲུབ་སྨྱོན་པས་ཉེར་ལྔ་མཁའ་འགྲོའི་དུས་ཆེན་གྱི་ཐོ་རེངས་ལ་་རྫ་དཔལ་དགེའི་རྡོ་རིང་མདུན་དུ་ཤར་བྲིས་བགྱིས།

  • September 2019

    དྲན་སྣང་གི་རི་མོ།

    དྲན་སྣང་གི་རི་མོ།ཨེ་མ་ཧོ།ཕྱོགས་དུས་རྒྱལ་ཀུན་ངོ་བོ་ཀུན་ཏུ་བཟང་།།མཁྱེན་བརྩེའི་ཡེ་ཤེས་རང་བཞིན་རྡོ་རྗེ་འཆང་།།འགྲོ་ཀུན་མ་ལུས་འདྲེན་པའི་ཐུགས་རྗེ་ཅན།།ཆོས་རྗེ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་ཤོག།ཐེ་ཝན་བསམ་ཡས་དགོན་ནས་ཤྲཱིས་སོ།།