
༄༅༅།།འདས་མཆོད་དང་ལྷ་བབས་ཆོས་བརྡའི་མཆོད་འབུལ།
༄༅༅།།འདས་མཆོད་དང་ལྷ་བབས་ཆོས་བརྡའི་མཆོད་འབུལ།
ཨེ་མ་ཧོ།།
པདྨ་ཀ་རའི་བྱིན་རླབས་ཐུགས་ལ་འཁྲུངས།།
པདྨ་དྲག་གླིང་གསུང་གི་རྒྱལ་ཚབ་མཆོག།
པདྨའི་བརྒྱུད་འཛིན་འོད་ཟེར་མཐར་ཕྱིན་ལ།།
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།
འདིར་རྒྱལ་བ་བརྒྱུད་གསུམ་བླ་མའི་རྒྱུད་འཛིན། གུ་རུ་ཞི་དྲག་དབང་གི་བདག་སྐྱོང་། རྫོགས་ཆེན་སྔགས་དོན་སྤེལ་བའི་སྟོན་པ། རིག་འཛིན་དྲག་སྔགས་གླིང་པའི་ཐུགས་སྲས། ཨེ་ཝྃ་བསྟན་པའི་ཆུ་འགོ། ཨ་ཞང་ལོ་མ་འམ་འོད་ཟེར་མཐར་ཕྱིན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་རྫོགས་པའི་ཉི་མ། སྟོན་པ་ལྷ་ལས་བབས་པའི་དུས་ཆེན། ཨ་མའི་དྲིན་ལམ་བསབས་པའི་དུས་དྲན་ལ་དགེ་རྩེ་སྐྱེན་པོ་དགོན། མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་སྡེ་ཡོངས་ནས་ཀུན་གྱི་རྩ་བའི་བླ་མའི་འདས་མཆོད་འཚོག་རྒྱུ་གཏན་ཁེལ་དང། དེ་ཡང་སྔ་གྲོ་རི་བོ་བསང་མཆོད། མར་མེ་སྟོང་མཆོད་དང་། དགེ་འདུན་པ་ལ་འབུལ་མཚོད་དང་། ཆོས་སྡེ་སྤྱི་ནས་བླ་མ་རིག་འཛིན་འདུས་པའི་ཚོགས་མཆོད་དང་རྡོར་སེམས་སྒྲིབ་སྦྱོང་དང་བླ་མའི་རྣལ་འབྱོར་དང་། གསོལ་ཁ་དངོས་གྲུབ་རོལ་མཚོ་དང་གེ་སར་གསོལ་ལོ་ཆེན་མོ། དགུང་གསུར་དང་བཟང་སྤྱོད་སྨོན་ལམ་དང་བསྟན་རྒྱས་སྨོན་ལམ་གྱིས་མཐར་རྒྱན་པར་བྱེད་རྒྱུ་ཡིན་པས་དད་ལྡན་སློབ་མ་དང་སྦྱིན་པའི་བདག་པོ་ཀུན་དུས་ཐོག་ལ་ཕེབས་བསུ་དང་བདག་གཞན་དགེ་བ་ཐུན་མོང་ལ་ལོངས་སྤྱོད་ཆོག་པས་དེ་ལུགས་ཀྱིས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
༈ ཨེ་ཝྃ་བསྟན་རྒྱས་སྨོན་ལམ།
ༀ་སྭ་སྟི།
མ་བཅོས་བཞི་ལྡན་ཨེ་ཝྃ་རིག་པ་འཛིན། །
འདུས་པའི་སྡེ་ཡིས་ས་ཆེན་ཡོངས་གང་ནས། །
ཐུབ་བསྟན་སྙིང་པོའི་ཡང་བཅུད་རྫོགས་པ་ཆེའི། །
རིང་ལུགས་བཤད་སྒྲུབ་སྒོམ་པས་འཛིན་གྱུར་ཅིག །
ཨོྃ་སྭཱ་སྟི།།
བཀའ་གཏེར་ཟབ་དགུའི་སྲོལ་འགྱེད་སྔ་འགྱུར་པའི།།
མདོ་སྔགས་བཤད་སྒྲུབ་དར་སྨིན་རྒྱས་པའི་གླིང་།།
བསྟན་སྲིད་ཕུན་ཚོགས་ནོར་བུའི་དགའ་ཚལ་འདིར།།
བསླབ་ལྡན་པའི་ཚོགས་ཀྱིས་ཡོངས་གང་ཞིང་།།
སྨྲ་བའི་ཉི་མ་གཏེར་ཆེན་ཡབ་སྲས་ཀྱི།།
རིང་ལུགས་ཐུབ་བསྟན་ཡོངས་རྫོགས་བདུད་རྩི་མཛོད།།
རྩོད་འཆད་རྩོམ་སོགས་རྒྱས་པ་བརླབ་ཆེན་པོས།།
མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་གྱུར་ཅིག།
རྗེ་ཉིད་ཀྱི་སློབ་མཐར་བ་ཤྲཱི་སྨྱོན་པས་སོ།


