འཇམ་དབྱངས་བསྟོད་པ་བྱིན་རླབས་གཏེར་མཛོད།
༒འཇམ་དབྱངས་བསྟོད་པ་བྱིན་རླབས་གཏེར་མཛོད། ན་མོ་གུ་རུ་མཉྫུ་ཤྲཱི་ཛྙཱ་ན་སྭ་ར་སྭཱ་སྟི་ཡེ།། ༼༡༽ བཅོམ་ལྡན་འདས་ཀྱི་དཔལ་ཡོན་ཅན།། རྗེ་བཙུན་མགོན་པོ་འཇམ་པའི་དབྱངས།། བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་བའི།། ཨེ་ཝཾ་ཉི་ཟླའི་འོད་སྣང་རྒྱལ།། ༼༢༽ སྣང་སྲིད་རྣམ་དག་ཡེ་ཤེས་ལ།། མཁྱེན་བརྩེ་ནུས་པའི་འོད་རབ་གསལ།། ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས།། ཐུགས་དམ་གླེགས་བམ་འཛིན་ལ་བསྟོད།། ༼༣༽ འགྲོ་རྣམས་སྲིད་པའི་བཙོན་ར་ནས།། མ་རིག་མུན་འཐིབས་སྡུག་བསྔལ་གྱིས་།། ཤིན་ཏུ་གཟིར་བའི་འགྲོ་ཚོགས་ཀུན།། ཀུན་བཟང་ཞིང་དུ་འདྲེན་པར་བསྟོད།། ༼༤༽ འགྲོ་ཀུན་བུ་གཅིག་ལྟར་བརྩེ་ཞིང་།། ཚངས་དབྱངས་ཡན་ལག་དྲུག་ཅུ་ཡི།། དབྱངས་ལྡན་གསུང་ནི་འབྲུག་ལྟར་སྒྲོག།། འོད་གསལ་སྙིང་གི་ཉི་མ་རྒྱལ།། ༼༥༽ ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་།། ཉོན་མོངས་གཉིད་ལས་སློང་མཁས་པ།། བདུད་བགེགས་མ་རིག་མུན་སེལ་བའི།། ཀུན་བཟང་ཞིང་གི་ཟླ་བ་རྒྱལ།། ༼༦༽ ལས་ཉོན་སྡུག་བསྔལ་མྱུ་གུའི་ཚོགས།། ཇི་སྙེད་མ་ལུས་གཅོད་མཛད་པའི།། མཁྱེན་རབ་རལ་གྲི་མེ་འབར་བསྣམས།། སྐལ་བཟང་ཞིང་གི་སྐར་མ་རྒྱལ།། ༼༧༽ ཀ་དག་གདོད་མའི་ངོ་བོ་ལས།། ལྷུན་གྲུབ་དག་པའི་རང་བཞིན་གསལ།། ཟུང་འཇུག་ཡེ་ཤེས་ཐུགས་རྗེའི་བདག། འཇམ་དཔལ་ངེས་ཤེས་སྒྲོན་མེ་རྒྱལ།། ༼༨༽ མཚན་དཔེས་སྐུ་ཡི་ཡོན་ཏན་བཀྲ།། ཚངས་དབྱངས་གསུང་གི་སྙན་ངག་ཤིས།། རྣམ་མཁྱེན་ཐུགས་ཀྱི་ཁྱབ་བདག་མཆོག། བདག་བློའི་མུན་སེལ་བླ་མ་རྒྱལ།། ༼༩༽ རྒྱལ་སྲས་འཇམ་དཔལ་གཞོན་ནུའི་གར།། རིག་འཛིན་དབྱངས་ཅན་ལྷ་མོའི་དཔལ།། ཨེ་ཝཾ་བདེ་ཆེན་རིག་པའི་དབྱིངས།། བུདྡྷ་ཛྙཱ་ནའི་བསྟན་པ་རྒྱལ།། ༼༡༠༽ བསམ་བློ་མ་ལུས་ཆོས་སུ་འགྲོ།། དམ་ཆོས་མ་ལུས་ལམ་དུ་འགྲོ།། ལམ་གྱི་འཁྲུལ་བ་མ་ལུས་སེལ།། འཁྲུལ་སྣང་མ་ལུས་ཡེ་ཤེས་ཤོག། ཅེས་པ་འདི་ཡང་རབ་གནས་ལྕགས་གླང་གི་ཆོས་འཁོར་དུས་ཆེན་གྱི་དཀར་ཕྱོགས་རྒྱལ་བ་དང་པོ་ཟླ་དཀར་ཀྱི་ཐོ་རངས་ཁར་ངོས་ལ་དད་གུས་དག་སྣང་གི་མིག་ཆུ་ཀློང་ནས་གསོལ་བ་འདེབས་འཁན་སོགས་ཀྱི་རྐྱེན་ལས་གང་ཤར་རིག་པའི་ཀློང་ནས་བྱུང་བ་དག་ལ་བཅོས་བསྒྱུར་རྡུལ་ཙམ་མེད་པར་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་བྲིས་པར་དགེའོ།།།།
རིག་ཚན་ཉེར་གཅིག་ལ་བྱང་ཆུབ་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོ།
རིག་ཚན་ཉེར་གཅིག་ལ་བྱང་ཆུབ་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོ། ཆོས་ཀུ༷ན་མཉམ་པ་ཉིད་ལ་མཁྱེ༷ན་རྩལ་རྫོགས།། གང་ལས་མི༷་ཕ༷མ་བཞི་ལས་རྣ༷མ་པར་རྒྱ༷ལ།། རྟོགས་པ་རྒྱ༷་མཚོ༷་སྤོབས་པའི་གཏེར་ཆེན་གྲོལ།། འཇམ་དབྱངས་བླ་མས་ཀུན་ཏུ་ཤིས་པ་སྩོལ།། ཞེས་མཆོད་ཚིག་ཉུང་ངུ་ངག་གི་མདུན་བསུས་ཏེ་འདིར་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་རྩོམ་ཁྲོད་བཅུ་ཕྲག་རིག་པའི་ཆོས་ཆ་ཚང་བར་བཞུགས་པ་རྣམས་རིག་ཚན་ཉེར་གཅིག་ཏུ་དབྱེ་ན་འདི་ལྟར། ༡ བྱུང་བ་རིག་པ། འཕགས་པ་བཀྲིས་བརྒྱད་པའི་ཚིགས་སུ་བཅད་པས་སྔོན་དྲངས་ཏེ། བྱང་ཆུབ་སེམས་པ་ཉེ་སྲས་བརྒྱད་ཀྱི་རྟོགས་བརྗོད་ནོར་བུའི་ཕྲེང་བ། སྔ་འགྱུར་རྙིང་མའི་རྒྱུད་ཀྱི་བྱུང་ཚུལ་ལ་དོགས་སེལ། ཐུབ་ཆོག་བྱིན་རླབས་གཏེར་མཛོད་ཀྱི་རྒྱབ་ཆོས་པདྨ་དཀར་པོ། གསང་སྔགས་བཤད་སྒྲུབ་ཆོས་གླིང་གི་རྟེན་དང་བརྟེན་པའི་གནས་ཚུལ་ཅུང་ཟད་བརྗོད་པ་ནོར་བུའི་མེ་ལོང་། མཛོད་ཆེན་བདུན་པར་དུ་བསྒྲུབ་པའི་དཀར་ཆགས་རིན་ཆེན་མེ་ལོང་། རོང་ཟོམ་གསུང་འབུམ་དཀར་ཆགས་མེ་ཏོག་ཕྲེང་བ། དཔལ་སྤྲུལ་གསུང་འབུམ་གྱི་བཞུགས་བྱང་འདོད་འབྱུང་རིན་པོ་ཆེའི་མེ་ཏོག །གནས་དུས་དང་བསྟན་པའི་ཕུན་སུམ་ཚོགས་པ་ལྔའི་བཤད་པ། སེང་གེ་སྒྲ་གཟུངས་ཀྱི་ལོ་རྒྱུས། མཐོང་གྲོལ་ཞྭ་ཡི་འབེལ་གཏམ། ༢ ལུགས་ཀྱི་རིག་པ། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན། ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ། ཡུལ་མའི་རྣམས་ལ་གཏམ་དུ་བྱ་བ། དུས་མཐའི་སྔགས་བཙུན་རྣམས་ལ་སྙིང་གཏམ་དུ་བགྱིས་པ་ནོར་བུའི་ཕྲེང་བ། དགེ་སྦྱོང་རྣམས་ལ་གཏམ་དུ་བྱ་བ་སྒྱུ་མའི་ལམ་ཁྱེར་གནད་བསྡུས། བཙུན་ཆུང་རྣམས་ལ་གཏམ་དུ་བྱ་བ་བདུད་རྩིའི་ཐིགས་ཕྲེང་། དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ། སྒྲུབ་བརྩོན་རྣལ་འབྱོར་པ་རྣམས་ལ་གཏམ་དུ་བྱ་བ། གྲོགས་དང་གཏམ་གླེང་བའི་རྐྱེན་ལས་མཚར་གཏམ་དུ་བྱས་པ། ལུགས་ཟུང་བླང་དོར་གྱི་བསླབ་བྱ་ཉུང་ངུ་། གངས་ཅན་པ་སྤྱི་དང་ཁྱད་པར་རྙིང་མ་པ་རྣམས་ལ་གདམས་པ། ༣ བརྟག་ཐབས་རིག་པ། བརྟག་པ་སྣ་ཚོགས་པའི་སྐོར་ནོར་བུའི་མེ་ལོང་། གཏེར་སྟོན་བརྟག་པ་ཆུ་དྭངས་ནོར་བུ། སྦྱིན་བསྲེག་གི་པྲ་ལ་བརྟག་པ། མར་མེ་བརྟག་པ། ཐོད་བརྟག་ནོར་བུའི་ལག་སྟེར། པྲ་ལ་དམོད་པ་འགོག་པའི་གཏམ་དྲང་སྲོང་རྣ་རྒྱན། འཇམ་དཔལ་དཔའ་བོ་ལ་བརྟེན་ནས་པྲ་དབབ་པའི་མན་ངག་སྣང་སྲིད་གསལ་བར་མཐོང་བའི་མངོན་ཤེས། པྲ་བརྟག །རིགས་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ལ་བརྟེན་ནས་བླང་དོར་བརྟག་པ་འཇམ་དཔལ་དགྱེས་པའི་ཞལ་ལུང་། བརྒྱ་བྱིན་མོ་ཡིག ། ༤ གླིང་སྒྲུང་རིག་པ། ངོ་མཚར་རྟོགས་བརྗོད་བརྡ་གསང་ནོ་བུའི་མེ་ལོང་། ཧོར་འདུལ་གསོལ་འདེབས་དཔའ་བོའི་གད་རྒྱང་། རིག་པ་འགྱུར་མེད་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ། གེ་སར་གསོལ་འདེབས། གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ། གེ་སར་གཏེར་བདག་ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན། གེ་སར་ནོར་སྒྲུབ་མན་ངག །སེང་ཆེན་གེ་སར་རྒྱལ་པོའི་གསང་སྒྲུབ་སྙིང་གི་དུམ་བུ། གེ་སར་རྒྱལ་པོའི་ཕྱཱ་གཡང་འགུགས་པའི་ལྕགས་ཀྱུ། ཝེར་མའི་གསོལ་ལོ་ཆེན་མོའི་བྲོ་ཡི་ལས་མཐའ། འདན་གླུ་ཝེར་མའི་ལྷ་བསང་རིང་མོ་དགྲ་བླའི་དཔའ་གླུ། གླིང་གེ་སར་སྐྱེས་བུའི་མཛད་པའི་མདའ་མོ་བདར་བ། གེ་སར་མདའ་མོའི་དཔྱད་དོན་གསེར་གྱི་ལྡེ་མིག །གེ་སར་རྡོ་རྗེ་ཚེ་ཡི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩི་བུམ་བཟང་། གེ་སར་མདའ་མོའི་དཔྱད་དོན་རིན་ཆེན་མེ་ལོང་། གེ་སར་ལམ་ལྷའི་གསོལ་མཆོད། གེ་སར་དབང་བསྡུད། ལྕགས་ཚན་ཡིད་བཞིན་ནོར་བུ་སྒྲུབ་པ། འབུམ་པའི་རྒྱལ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་རླུང་ཤུགས། སྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས། ཀི་ཀི་བསྭོ་བསྭོ་གླིང་གི་དཔའ་ཐུལ། ༥ མངོན་བརྗོད་རིག་པ། སངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་ཕྲེང་བ། མཚན་འབུམ་ནོར་བུའི་ཕྲེང་བ་ལས་ཁུལ་བྱུང་གཅེས་བཏུས། སངས་རྒྱས་སྤྱི་ཡི་མཚན། སྟོན་པ་ཤཱཀྱ་ཐུབ་པའི་མཚན། སངས་རྒྱས་སོ་སོའི་མཚན་སོགས་ཤན་སྦྱར་དུ་གསལ། ༤ ཟློས་གར་རིག་པ། གླུ་བྲོ་སྒྱུ་མའི་རོལ་མོ། གླིང་བྲོ་བདེ་ཆེན་རོལ་མོ། རྟེན་འབྲེལ་ལམ་ཡག་འཆམས་ཚུལ། ཤྭ་མིག་བྱིས་པ་དྲང་བའི་མཚར་རྩེད། རྩིས་ཀྱི་རིག་པ། ༦སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་། གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་། སྐར་རྩིས་སྣ་ཚོགས། ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེའུ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད། གླིང་དུམ་བུ་བཅུ་གཉིས་ཀྱི་ཉི་ལྡོག་ལ་དཔྱད་པ་ཐེ་ཚོམ་སྦུབ་འབྱེད། རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། ཟླ་རྐང་གི་དོགས་གནས་ལ་དཔྱད་པ། བསྟན་རྩིས་ཉེར་འཁོ། རྩིས་སྐོར་ནོར་བུའི་ཕྲེང་བ། དུས་རྩིས་ངོ་མཚར་ཉི་མ། ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་ཀེག་རྩིས་འཆི་མེད་བཅུད་ལེན། ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་གཤིན་རྩིས་ཕན་བདེ་མྱུར་སྟེར།…
མཁའ་འགྲོ་མ་འཆི་མེད་ལ་འཁྲུངས་སྐར་བསུའོ།།
མཁའ་འགྲོ་མ་འཆི་མེད་ལ་འཁྲུངས་སྐར་བསུའོ།། ན་མོ་ཌཱ་ཀི་ནི་ཡེ།། རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི།། བརྩེ་ཆེན་ཨ་མ་འཆི་མེད་དཔལ་མོ་ཉིད།། སྐུ་ཚེ་བརྟན་ཅིང་བསྟན་འགྲོའི་ཕན་བདེ་ཀུན།། ཀུན་བཟང་ཞིང་ཁམས་རབ་འབྱམས་ཁྱབ་པར་ཤོག། ——-ཨེ་མ་ཧོས
༄༅།།འཛམ་གླིང་ཞི་བདེའི་རླུང་རྟའི་སྨོན་ལམ་
༄༅།།འཛམ་གླིང་ཞི་བདེའི་རླུང་རྟའི་སྨོན་ལམ་ དྲི་མེད་གསེར་གྱི་འཁོར་ལོ་རིན་པོ་ཆེ་ ཞེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀ་ར་ཡེ།། ༼༡༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འཛམ་གླིང་དག་པའི་ཞིང་མཆོག་དཔལ་རི་ནས།། འཛམ་བུ་གླིང་དུ་འགྲོ་བའི་དོན་མཛད་པའི།། འཛམ་གླིང་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེས།། འཛམ་གླིང་ཞི་བདེའི་རླུང་རྟ་ཡར་ལ་སྒྲོན།། ༼༢༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྒྱལ་བ་ཀུན་འདུས་ཨོ་རྒྱན་པདྨ་འབྱུང་།། གསོལ་བ་འདེབས་སོ་སྙིགས་དུས་འགྲོ་ཀུན་སྐྱོབས།། ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང།། རྣམ་སྨིན་རིག་འཛིན་དགའ་བའི་རླུང་རྟ་རྒྱལ།། ༼༣༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སངས་རྒྱས་སྨན་བླ་ཨོ་རྒྱན་པདྨ་འབྱུང་།། གསོལ་བ་འདེབས་སོ་ནད་གདོན་ཞི་བར་མཛོད།། ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད།། ཚེ་དབང་རིག་འཛིན་མཆོག་གི་རླུང་རྟ་རྒྱལ།། ༼༤༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྣང་སྲིད་ཟིལ་གནོན་ཨོ་རྒྱན་པདྨ་འབྱུང་།། གསོལ་བ་འདེབས་སོ་ཚེ་བསོད་རྒྱས་པར་མཛོད།། བདུད་ཀྱིས་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་།། ཕྱག་ཆེན་རིག་འཛིན་དབང་དྲག་རླུང་རྟ་རྒྱལ།། ༼༥༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྡོ་རྗེ་གོ་ཁྲབ་ཨོ་རྒྱན་པདྨ་འབྱུང་།། གསོལ་བ་འདེབས་སོ་གསང་གསུམ་སྲུང་བས་གཏམས།། བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི།། ལྷུན་གྲུབ་རིག་འཛིན་སྐྱེས་དགའི་རླུང་རྟ་རྒྱལ།། ༼༦༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྒྱལ་ལོ་རྒྱལ་ལོ་དཀོན་མཆོག་གསུམ་པོ་རྒྱལ།། རྒྱལ་ལོ་མཁའ་འགྲོ་དཔལ་མགོན་ལྷ་ཚོགས་རྒྱལ།། རྒྱལ་ལོ་འགྲོ་བ་རིགས་དྲུག་ཚིམས་པས་རྒྱལ།། རྒྱལ་ལོ་བགེགས་རིགས་ལན་ཆགས་བྱང་བས་རྒྱལ།། ༼༧༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྒྱལ་ཀུན་ཞི་རྒྱས་དབང་དྲག་ལས་ཀུན་རྒྱལ།། རྒྱལ་མཚན་འཛམ་གླིང་ཞི་བདེའི་རླུང་རྟ་རྒྱལ།། རྒྱལ་ཀུན་མཆོད་དང་འགྲོ་བའི་སྨིན་གྲོལ་རྒྱལ།། རྒྱལ་ཁམས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག། ༼༨༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་ཉིད་དོན་དམ་རྒྱལ་བའི་བདེན་པ་དང་།། ཆོས་ཅན་ཀུན་རྫོབ་འཁོར་བའི་རྟེན་འབྲེལ་ལས།། ཆོས་བཞིན་སྤྱོད་པའི་སྔ་འགྱུར་བསྟན་པ་ཉིད།། ཆོས་དབྱིངས་རབ་འབྱམས་ཁམས་ཀུན་ཁྱབ་གྱུར་ཅིག།། ༼༩༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྟེང་ན་རིག་འཛིན་བརྒྱུད་པའི་བྱིན་རླབས་བཀྲ།། བར་ན་ཡི་དམ་ལྷ་ཡིས་དངོས་གྲུབ་ཤིས།། མཐའ་འཁོར་མཁའ་འགྲོ་ཆོས་སྐྱོང་ཕན་བདེས་ལེགས།། འཛམ་གླིང་ཞི་བདེའི་རླུང་རྟ་དཀར་པོ་རྒྱལ།། ༼༡༠༽ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཕྱི་སྣོད་དག་པ་འབྱུང་བའི་རང་བཞིན་བརྟས།། ནང་བཅུད་རྫོགས་པ་ཡེ་ཤེས་དཀྱིལ་འཁོར་ཤར།། གསང་བ་སྨིན་གྲོལ་གདམས་པའི་ལམ་བཟང་རྒྱལ།། རྒྱལ་ལོ་གུ་རུ་ཡིད་བཞིན་ནོར་བུ་རྒྱལ།། ༼༡༡༽ སངས་རྒྱས་ཀུན་འདུས་པདྨའི་ཉི་མ་ཤར།། དམ་ཆོས་ཀུན་འདུས་རྫོགས་ཆེན་ཟླ་བ་ཚེས།། དགེ་འདུན་ཀུན་འདུས་ཀུན་མཁྱེན་ཕྲིན་ལས་རྒྱས།། འཛམ་གླིང་ཞི་བདེའི་སྣང་བ་རྟག་བརྟན་ཤོག། ཞེས་པ་འདི་ཡང་རབ་གནས་ལྕགས་གླིང་སྣྲོན་ཟླ་བའི་ཡར་ཚེས་བཅོ་ལྔ་སྟེ་འཛམ་གླིང་སྤྱི་བསང་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་ཉི་མ་བཟང་པོ་ལ་༸སྐྱབས་རྗེ་བླ་མ་དམ་པ་སྒོ་ཆེན་མཆོག་སྤྲུལ་གསང་སྔགས་བསྟན་འཛིན་རིན་པོ་ཆེས་བཀའ་དགོངས་བསྩལ་བ་བཞིན་དུ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་འཛམ་གླིང་ཞི་བདེའི་རླུང་རྟ་སྒྲོན་ཞིང་། ཁྱད་པར་རང་གིས་འབོད་བསྐུལ་བཞིན་དུ་ཁྲ་ཕུ་འཛམ་གླིང་ལ་རྩེ་ནས་ཁྲ་ལྗོངས་ལྷ་སྡེ་ཕྱུག་མོས་བསྟན་པའི་སྤྱི་རིམ་ཆེན་མོ་འཚོགས་པ་དང་། ངོས་ལ་ཤིན་ཏུ་དད་དང་དམ་ཚིག་གི་སྙིང་ཉེ་བའི་དགེ་འདུན་འཕགས་པའི་ལྷ་སྡེ་དགོན་གྲྭ་ཡོངས་ནས་འཛམ་གླིང་ས་ཕྱོགས་གང་སར་ཕྲིན་ལས་ཀུན་བཟང་གི་མཛད་པ་སྤེལ་བ་ལ་ཡི་རང་བཅས་རང་སྣང་གང་ཤར་སྨོན་ཚིག་ཏུ་རྡོལ་བ་འདི་ཉིད་དབྱིན་ཡུལ་རི་བོ་གངས་ལྡན་གྱི་མཁའ་དཔལ་ཀུན་རིག་གི་ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ནས་མཁན་ཆེན་བླ་མ་འམ་ཨེ་མ་ཧོས་སྙིང་ནས་གསོལ་བ་འདེབས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།། །།
སྨོན་བསྡུས་འཆི་མེད་ཀུན་བཟང་རྒྱལ་མོ།།
སྨོན་བསྡུས་འཆི་མེད་ཀུན་བཟང་རྒྱལ་མོ།། ཨོཾ་ཨཱཿཧཱུཾ་ཧྲཱིཿ སྣང་སྲིད་རྣམ་དག་བླ་མའི་དཀྱིལ་འཁོར་ལ།། སྣང་སྲིད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་འབུལ།། སྣང་སྲིད་ཐམས་ཅད་སྨིན་གྲོལ་དཔལ་ལ་སྤྱོད།། སྣང་སྲིད་རིག་པའི་ངོ་བོར་སངས་རྒྱས་ཤོག། སྣང་བ་དག་པ་ཞིང་ཁམས་མངོན་སུམ་མཐོང་།། སྲིད་པ་ལྷ་ཡི་ཞལ་མཇལ་དངོས་གྲུབ་ཐོབ།། སྣང་སྲིད་བདེ་ཆེན་ཡེ་ཤེས་རྩལ་རྒྱས་ནས།། སྣང་སྲིད་ཕྱག་རྒྱས་རང་བཞིན་བྱང་ཆུབ་ཤོག། སྣང་བ་ཚོགས་དྲུག་རང་གྲོལ་རྒྱན་དུ་དག། སྲིད་པ་ལྷ་དང་ལྷ་མོའི་རྩལ་དུ་རྫོགས།། སྣང་སྲིད་ཕན་བདེའི་རོལ་བ་ཀུན་ལ་སྨིན།། སྣང་སྲིད་ཕྲིན་ལས་ཐུགས་རྗེ་ཀུན་ཁྱབ་ཤོག། ཅེས་པ་རབ་གནས་ལྕགས་གླང་སྣྲོན་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པར་བརྩེ་བའི་ཡུམ་ཆེན་འཆི་མེད་རྒྱལ་མོས་ངོར་ཨེ་མ་ཧོས་ད་བྲིས་ད་སྤེལ་བགྱིས་པར་དགེའོ།།
ཨོ་རྒྱན་པདྨ་འབྱུང་གནས་ཀྱི་པད་ཞྭ་མཐོང་གྲོལ་གྱི་བརྡ་དོན་
ཨོ་རྒྱན་པདྨ་འབྱུང་གནས་ཀྱི་པད་ཞྭ་མཐོང་གྲོལ་གྱི་བརྡ་དོན་ ཡིད་བཞིན་ནོར་བུའི་གཙུག་ཏོར་ཅེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།། ༼༡༽ ཀ་དག་སྤྲོས་བྲལ་བླ་མ་ཆོས་དབྱིངས་ལས།། ལྷུན་གྲུབ་འོད་གསལ་སྙིང་པོ་ལོངས་སྤྱོད་རྫོགས།། ཟུང་འཇུག་རིག་པའི་དབང་ཕྱུག་སྤྲུལ་པའི་སྐུ།། ཀུན་འདུས་པདྨ་ཀ་རས་བདག་སོགས་སྐྱོངས།། ༼༢༽ པདྨ་རྒྱལ་པོའི་པད་ཞྭ་མཐོང་གྲོལ་རྩལ།། ཞྭ་དབྱིབ་བཟླུམ་འཁྱིལ་ཆོས་སྐུ་ཉག་གཅིག་བརྡའ།། མཐའ་བསྐོར་འཇའ་འོད་སྣ་ལྔས་རིགས་ལྔ་མཚོན།། འབྲས་ཆོས་ཉེར་ལྔས་ཕན་དར་སྟེང་དུ་གསལ།། ༼༣༽ ཕྱོགས་མདོག་ནང་མས་སྤྲུལ་སྐུའི་ཕྲིན་ལས་དང་།། སོག་གུར་ལྟ་བུས་མཚམས་བཅད་སྲུང་མའི་བརྡར།། ཞྭ་ཀླད་མཐིང་མདོག་ཀུན་ཁྱབ་རིག་པ་ལ།། ལྕགས་རིའི་འཁོར་ཡུག་གསེར་རྐུད་དམ་ཚིག་འབྲེལ།། ༼༤༽ ལིང་ཚེའི་མདུན་ངོས་རིན་ཆེན་སྣ་ལྔས་མཛེས།། རིགས་ལྔ་ཡབ་ཡུམ་སྲོག་སྔགས་གཟེར་བས་སྡོམ།། འགྱུར་མེད་རྡོ་རྗེ་ཏོག་དང་ཕྲིན་ལས་ཀུན།། བྱ་རྒྱལ་རྒོད་ཀྱི་རྩེ་སྒྲོས་རྣམ་པར་རྒྱན།། ༼༥༽ ཕྱོགས་མཚམས་སྣ་ལྔས་འཇའ་རིས་བཀྲ་བ་ནི།། ཕྱི་ལྟར་འབྱུང་ལྔ་ནང་དུ་རིགས་ལྔ་དང་།། གསང་བ་མཁའ་འགྲོ་སྡེ་ལྔའི་དཔེ་དོན་དང་།། ཡང་གསང་རྩ་གནས་ལུས་ཀྱི་དྲྭ་བར་མཚོན།། ༼༦༽ ཞྭ་རྣ་ཅོད་པན་ཁ་དོག་སྣ་ལྔ་ཉིད།། ཕྱི་ལྟར་འདོད་ཡོན་ཡེ་ཤེས་རྩལ་དུ་གོ། ནང་ལྟར་མདོ་སྔགས་ཐེག་པའི་བདེ་བ་མྱོང་།། གསང་བ་འཁོར་འདས་དབྱེར་མེད་རྟོགས་པའོ།། ༼༧༽ མདུན་གྱི་ཞྭ་རྩེ་རྣམ་གསུམ་ངོམས་པ་ནི།། ཕྱི་ལྟར་སྒོ་གསུམ་དགརྫོགས་སྨིན་པའི་བརྡའ།། ནང་དུ་སྡོམ་གསུམ་རྡོ་རྗེ་འཛིན་པའི་རྟགས།། གསང་བ་ཁམས་འགྲོ་ཀུན་འདྲེན་པར་མཚོན།། ༼༨༽ ཞྭ་རྩེའི་མཐའ་འཁོར་འཇའ་མཚོན་དྲུག་རིས་ཀུན།། ཀུན་བཟང་ཕྱིན་དྲུག་སྤྱོད་པའི་ལྕགས་རི་མཚོན།། ནང་དུ་ཚོགས་དྲུག་ངོ་བོ་ཉིད་གྲོལ་བརྡའ།། གསང་བ་སྒྲོལ་མ་དྲུག་གི་རང་བཞིན་ནོ།། ༼༩༽ རྡོ་རྗེའི་ཏོག་གི་རྩ་བ་འཁོར་ལོས་བརྒྱན།། ཞྭ་ནང་པདྨ་ཆོས་འབྱུང་དཀྱིལ་འཁོར་བཀྲ།། འཁོར་འདས་ཟུང་འཇུག་རྟེན་འབྲེལ་དེ་ཁོ་ན།། ཨེ་ཝཾ་ཉི་ཟླ་ནཱ་དའི་དགེ་མཚན་འབར།། ༼༡༠༽ པད་ཞྭ་ཕྱི་ལྟར་དྲི་མེད་པདྨ་མཚོན།། ནང་ལྟར་རིགས་བདག་པདྨ་འབྱུང་གནས་མཚོན།། གསང་བ་སྙིང་རྗེ་ཤེས་རབ་རྒྱས་པར་མཚོན།། ཡང་གསང་སངས་རྒྱས་པདྨ་སམ་བྷ་ཝ།། ༼༡༡༽ པད་ཞྭ་ཉིད་ལ་མཆོག་གསུམ་སྐྱབས་གནས་ཚང་།། ནང་དུ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས།། གསང་བ་སྐུ་གསུམ་ཐུགས་རྗེའི་ཕྲིན་ལས་དང་།། ཡང་གསང་རྣམ་ཐར་གསུམ་ལྡན་དེ་ཉིད་དོ།། ༼༡༢༽ མཐོང་གྲོལ་པད་ཞྭ་པདྨ་འདབ་ལྡན་གྱི།། བརྡ་དོན་རིག་པའི་ཡེ་ཤེས་མེ་ལོང་འདི།། བསམ་འགྲུབ་བླ་མས་བསྐུལ་བའི་ངོར།། ཤྲཱིཿསྨྱོན་ཨེ་མ་ཧོ་ཡིས་ཐོལ་བྲིས་བགྱིས།། ཞེས་པ་འདི་ཡང་རབ་གནས་ལྕགས་གླང་སྣྲོན་ཟླའི་ཚེ་བཅུའི་ཉིན་མཁའ་འགྲོ་གུ་རུ་མཚོ་མོ་དང་བླ་མ་བསམ་འགྲུབ་རིན་ཆེན་གྱིས་བརྡ་སྐུལ་ལས་དེ་ཉིད་དུ་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་ཨེ་མ་ཧོས་རྣམ་རྟོག་ཆོས་སྐུའི་འདྲ་འབག་ཏུ་ཕུལ་བར་དགེའོ།། །།