• November 2023

    ༄༅།།སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ།

    ༄༅།།སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། ཕྱོགས་དུས་སངས་རྒྱས་ཀུན་གྱི་ངོ་བོ་ཉིད།། ལུང་རྟོགས་དམ་ཆོས་ཀུན་གྱི་རང་བཞིན་དཔལ།། འཕགས་ཚོགས་དགེ་འདུན་ཡོངས་ཀྱི་ཐུགས་རྗེའི་བདག། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས།། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། སྲིད་ཞིའི་སྡུག་བསྔལ་ཀུན་སྐྱོབ་ཀུན་བཟང་ཀློང་།། འཕོ་མེད་ཡེ་ཤེས་སྣང་མཐའ་པདྨ་འབྱུང་།། སངས་རྒྱས་ཡེ་ཤེས་པདྨ་དྲག་སྔགས་གླིང་།། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། བརྡའ་བརྒྱུད་ཕྱག་ཆེན་མྱོང་བར་བྱིན་གྱིས་རློབས།། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ། འཁོར་འདས་གནས་ལུགས་མཁྱེན་པའི་པཎྜིཏ།། ལུགས་གཉིས་ཀུན་ལ་བྱམས་བརྩེའི་ཁྱབ་བདག་ཆེ།། དཔལ་དགྱེས་རྡོ་རྗེ་གསང་གསུམ་སྒྱུ་འཕྲུལ་གར།། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། སྙན་བརྒྱུད་གདམས་ངག་ཐོབ་པར་བྱིན་གྱིས་རློབས།། ཨེ་མ་ཧོ་མཁྱེན་ནོ།། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ།། འཇམ་དབྱངས་མཁྱེན་རབ་ཡེ་ཤེས་གཟུངས་སྤོབས་ཆེ།། སྤྱན་རས་གཟིགས་དབང་བྱམས་བརྩེ་སྙིང་རྗེ་ཆེ།། ཕྱག་ན་རྡོ་རྗེའི་མཐུ་སྟོབས་རྫུ་འཕྲུལ་ཆེ།། སངས་རྒྱས་ཨེ་མ་ཧོ་ལ་གསོལ་བ་འདེབས།། ཡོན་ཏན་ཕྲིན་ལས་མ་ལུས་མཐར་ཕྱིན་ཤོག། སངས་རྒྱས་ཨེ་མ་ཧོ་མཁྱེན་ནོ།། ཨེ་མ་ཧོ་མཁྱེན་ནོ།། ཨེ་མ་ཧོ་མཁྱེན་ནོ།། ཨེ་མ་ཧོ་མཁྱེན་ནོ།། ཞེས་ཅི་ནུས་བཟླས་ལ་དེ་ཉིད་ངང་དུ་མཉམ་པར་བཞག་གོ། གང་བསམ་ཡིད་བཞིན་འགྲུབ་པར་ཐེ་ཚོམས་བྲལ།། བདེན་མིན་ལག་ཏུ་ལོངས་དང་གསལ་བར་ངེས།། གང་བྱས་ཆོས་ལ་ཆོས་བརྒྱད་མ་སོང་བར།། ཆོས་བཞིན་མཛོད་དང་ཚེ་འདིར་མངོན་སངས་རྒྱས།། ས་མ་ཡ།། རྒྱ་རྒྱ་རྒྱ།། རབ་གནས་ཆུ་ཡོས་སྨ྄ིན་དྲུག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་རྣལ་འབྱོར་བ་གུ་ཡངས་བློ་བདེ་འམ་ནོར་བུ་བསམ་གྲུབ་ཀྱིས་ཡང་ཡང་བསྐུལ་ངོར་དད་མོས་མ་སྟོང་ཙམ་དུ་ཨེ་མ་ཧོས་ཟླ་བ་གཟའ་ལས་གྲོལ་མ་ཐག་ཏུ་ཨེ་ཝྃ་བདེ་མཆོག་ཕོ་བྲང་ནས་ཕུལ་བར་དོན་དང་ལྡན་པར་གྱུར་ཅིག་གུ། ཤྲཱིཿ སརྦ་མངྒྷ་ལམ།།

  • October 2023

    རྒྱ་བོད་ཀྱི་དམ་ཆོས་བདེན་རྫུན་འགྱེད་པའི་གླུ་སྐོར་དང་པོ།།

    རྒྱ་བོད་ཀྱི་དམ་ཆོས་བདེན་རྫུན་འགྱེད་པའི་གླུ་སྐོར་དང་པོ།། ན་མོ་གུ་རུ་ནིརྨ་ཀཱ་ཡ་ཡེ།། ༼༡༽ ཆོས་སྐུ་རྒྱལ་བའི་ཞིང་ལས་དེ་ཉིད་གཟིགས་ཅིང་།། ལོངས་སྤྱོད་རྫོགས་སྐུའི་མཚན་དཔེའི་སྒྱུ་འཕྲུལ་མངོན་པའི།། སྣ་ཚོགས་སྤྲུལ་སྐུའི་རོལ་བ་དཔག་མེད་སྟོན་པ།། བདེན་པའི་སྐུ་གསུམ་ཚོགས་ལ་མཆོད་ཕྱག་འབུལ་ལོ།། ༼༢༽ ཆོས་མེད་སྤྲང་པོ་ཕྱུག་པོས་ནོར་ཕྱིར་རྒྱགས།། བསྐྱེད་རྫོགས་མེད་པར་ཞིང་ཁམས་བཀོད་པ་བཤད།། རྫུན་ལ་བློ་ཕུག་བཅོལ་བའི་སྤྲུལ་རྫུན་རིགས།། སྐུ་གསུམ་མིང་དོན་མ་གོ་འཁོར་བ་འཁྱམས།། ༼༣༽ ལྷོ་རྒྱལ་འཛམ་བུ་གླིང་གི་ཡངས་སྟེངས་ན།། མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་དང་།། རྒྱལ་ཀུན་རྣམ་སྤྲུལ་པདྨ་འབྱུང་གནས་དང་།། བཟོ་སྐྱེའི་སྤྲུལ་སྐུ་བདེན་པ་བསམ་མི་ཁྱབ།། ༼༤༽ སྟོན་པ་སྐུ་བལྟམས་དཀའ་སྤྱད་གནང་བ་དང་།། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཀུན།། མདོ་སྔགས་ཐེག་པའི་སྙིང་དོན་སེམས་ཐུལ་ན།། དམ་ཆོས་ཚུལ་བཞིན་སྒྲུབ་པའི་དོན་དག་གོ། ༼༥༽ ཉོན་མོངས་ཤུགས་དྲག་སྡེ་སྣོད་ཚོང་ལས་ཙམ།། མི་དགེ་བཅུ་སྤྱོད་དགེ་བཅུ་སྐྱོན་དུ་འཛིན།། སྤྱི་དོན་ཟེར་ནས་སྒེར་དོན་སྐྱོང་བའི་རིགས།། ཕན་བདེ་སྤེལ་འདོད་བཤད་ན་ལོག་པའི་ལམ།། ༼༦༽ བདེན་བཞིའི་མི་ཤེས་ཁ་བཤད་ཙམ་དུ་ཆགས།། སྐུ་གསུམ་མ་ཤེས་ཚོང་ལས་སྒེར་དོན་གཉེར།། དོན་གཉིས་ཟེར་ནས་གཞན་གནོད་གཞི་བཅས་སྒྲུབ།། སྐྱབས་གཅིག་མི་ཤེས་འགྲོ་རྣམས་རྨོངས་པར་སྐྱོ།། ༼༧༽ ཉིས་བརྒྱ་ལྔ་བཅུའི་སྡོམ་ཁྲིམས་མེད་བཞིན་དུ།། རབ་བྱུང་སྡོམ་རྒྱུན་སྤེལ་བའི་མཁན་པོ་དང་།། སྙིང་རྗེ་རྩ་བ་གཞན་ཕན་མེད་བཞིན་དུ།། དར་ཤི་ངན་སྐུལ་བྱེད་པའི་ཁྲེལ་མེད་དོར།། ༼༨༽ ཆོས་ལྡན་གངས་ཅན་ཡུལ་དུ་མ་སྐྱེས་ཀྱང་།། དག་སྣང་དགེ་བསྙེན་དམ་ཚིག་མེད་བཞིན་དུ།། གོས་ཆས་གང་བྱུང་གྱོན་པའི་ཁྱབ་སྒྲག་ཚོ།། མདོ་སྔགས་མ་ཤེས་བསྟན་པའི་ཞབས་འདྲེན་ནོ།། ༼༩༽ མཐོང་སྒོམ་ཉོན་མོངས་གཉེན་པོར་སོང་བ་དང་།། བརྒྱད་བཅུ་རྩ་གཉིས་རྟོགས་ཚོགས་གྲོལ་བ་ན།། རྟོགས་ལྡན་ཆོས་པ་ཡང་དག་དེ་ཀ་ཡིན།། གོས་དང་རྟགས་ལ་ཁྱད་པར་མ་བལྟ་ཨང་།། ༼༡༠༽ ཉམ་ཆུང་མགོ་ལ་རྐང་པས་བརྫིས་པ་དང་།། དཔོན་ཆེན་རིགས་ལ་མགོ་སྐོར་བཏངས་པ་དང་།། འཛམ་གླིང་མི་དམངས་གཡོ་སྒྱུས་བསླུ་བས་པ་དག། ཤེས་ཚེ་མི་སྨྲས་རྟུལ་ཞུགས་འཛིན་ཕོད་དམ།། ༼༡༡༽ སྙིང་གི་གྲོགས་པོར་མ་ཉེས་སྒྲོ་བཀུར་བཏབས།། བྱང་ཆུབ་ལམ་རིམ་སྒྲུང་གཏམ་ཙམ་ཏུ་བསྒྱུར།། གཉིས་སྨན་དབུ་མ་རྒྱ་དམར་དཔུང་དུ་ཕུལ།། ཡ་མ་ཟུང་གི་རྫུ་འཕྲུལ་མ་མཐོང་ངམ།། ༼༡༢༽ ཉན་ཐོས་ཐེག་པ་འཁོར་བའི་འདུག་ཆོས་སྤེལ།། རང་རྒྱལ་ཐེག་པའི་དྲི་ཙམ་མི་བྲོ་བར།། བྱང་ཆུབ་སེམས་དཔའི་སྤྲུལ་སྐུ་ཡིན་ཟེར་ན།། དཔྱོད་ལྡན་གང་ཞིག་ཡིད་ཆེས་བྱེད་སྲིད་དམ།། ༼༡༣༽ མོ་ལ་སྨད་ནས་ཕོ་ལ་ངོ་སོ་འདོན།། སྔགས་ལ་སྡང་ཞིང་བོན་ལ་གྱེར་བ་འདིས།། འགྲོ་ལ་ཕན་པའི་ཐབས་ཤིག་ལྟ་ཅི་སྨོས།། དེ་འདྲའི་མགོན་ལ་རེ་བ་མ་བྱེད་ཅིག། ༼༡༤༽ བདེན་གཉིས་མ་ནོར་འགྲོ་ལ་ཕན་མཛད་ཅིང་།། ཕྱི་ནང་ཆོས་རྣམས་སེམས་ཀྱི་དོན་རྟོགས་ན།། བླ་མེད་ཐེག་པའི་སྟོན་པར་གོར་མ་ཆགས།། དགོན་གྲོང་གནས་ལ་ཁྱད་པར་མ་མཐོང་ངོ་།། ༼༡༥༽ དགེ་བཅུའི་བླང་དོར་མཁས་པའི་མཁན་པོ་གཅིག། ལུགས་གཉིས་མཁྱེན་རྒྱ་ཡངས་པའི་དཔོན་གཉིས།། རིམ་གཉིས་རང་དབང་འབྱོར་བའི་སྔགས་པ་གསུམ།། འཛམ་བུ་གླིང་འདིའི་ཉི་ཟླ་སྐར་གསུམ་ལགས།། ༼༡༦༽ ཐེག་པ་ཆེན་པོའི་བསམ་སྤྱོད་གཏན་མེད་པར། །གསང་ཆེན་སྨིན་གྲོལ་དབང་བསྐུར་བྱས་ན་ཡང།། བསམ་མེད་བྱིས་པས་ཌཱ་དྲིལ་དཀྲོལ་བ་དང་།། ཆོས་མིན་རྐང་རྩེད་སྤོ་ལོ་ཁྱབ་བསྒྲགས་བཞིན།། ༼༡༧༽ ཐེག་ཆེན་མིན་པར་ཐེག་ཆེན་ཁས་འཆེ་བ།། བོང་བུས་སེང་གེའི་པགས་པ་གྱོན་དང་འདྲ།། བསམ་སྤྱོད་བྱང་ཆུབ་སེམས་དང་མ་འབྲེལ་ན།། དབུ་མ་སེམས་ཙམ་དྲི་ཡང་མི་བྲོའོ།། ༼༡༨༽ གཟུང་འཛིན་གཉིས་སྤངས་ཚོགས་ཆེན་རྫོགས་པའི་ཚེ།། ས་བཅུའི་སེམས་དཔའི་རྟུལ་ཞུགས་ཕྲིན་ལས་རྒྱས།། རྒྱལ་དང་རྒྱལ་བའི་རྒྱལ་ཚབ་གྱུར་པ་རྣམས།། ནམ་ཡང་རྫུན་གྱི་གོ་སྐབས་མཆིས་མི་སྲིད།། ༼༡༩༽ ཁྱིམ་པས་དགྲ་འདུལ་གཉེན་སྐྱོང་བྱེད་པ་གཅིག།…

  • October 2023

    ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་འགྲིགས།།

    ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་འགྲིགས།། ཀྱེ་ཨེ་ཧོ།། བདག་གིས་བུ་བཞིན་སྐྱོང་བའི་གྲོགས་པོས་ཀྱང་།། བདག་ལ་དགྲ་བཞིན་སྡང་བའི་ངན་ཇུས་ཀུན།། ཀུན་བཟང་བྱང་ཆུབ་ལམ་དུ་བསྒྱུར་ནུས་པ།། ཀུན་མཁྱེན་རིག་འཛིན་བརྒྱུད་པའི་ཆེ་ཆོས་ལགས།། དངོས་སུ་བསྟོད་ཀྱང་ལྐོག་ནས་སྨད་རར་བཤམས།། བཟང་པོས་ལན་དུ་ངན་པའི་རྫུན་ཕྲ་འཁན།། དུད་འགྲོ་ལས་རྨོངས་འདྲེ་གཟུགས་ཨ་ཙ་མ།། གྲོགས་ངན་རྐྱེན་གྱིས་གཞན་དབང་མ་སོང་བར།། ཕྱི་ནང་གསང་བའི་ཕྱོགས་ལས་རྣམ་རྒྱལ་ནས།། བསྟན་དང་འགྲོ་བའི་མགོན་དུ་ཕན་བདེའི་ཆོས།། ནམ་ཡང་ནུབ་མེད་བསྐོར་བའི་རྟེན་འབྲེལ་འགྲིགས།། ——-འདྲེ་གཟུགས་ངོར་ཨེ་མ་ཧོས།

  • October 2023

    དྷཱིཿ ཚེ་འདིའི་སྣང་ཚུལ་ལ་སྐྱོ་བའི་གླུ་ནགས་ཚལ་བུ་མོའི་དབྱངས་སྙན་ཞེས་བྱ་བ།

    དྷཱིཿ ཚེ་འདིའི་སྣང་ཚུལ་ལ་སྐྱོ་བའི་གླུ་ནགས་ཚལ་བུ་མོའི་དབྱངས་སྙན་ཞེས་བྱ་བ། དྷཱིཿ རྒྱལ་ཀུན་མཁྱེན་པའི་རང་གཟུགས་བཤེས་གཉེན་དུ་སྣང་བ།། གཟུངས་སྤོབས་ཡོན་ཏན་བྱེ་བའི་གཏེར་མཛོད་ཀྱི་བདག་པོ།། རིགས་བརྒྱའི་སྤྲོ་གཞི་མི་ཕམ་བློ་གྲོས་ནི་དྲི་མེད།། འབྲལ་མེད་སྙིང་དབུས་པདྨོར་དགྱེས་བཞིན་དུ་བཞུགས་ཤིག ། འདི་སྣང་བདེ་འབྱོར་རྨི་ལམ་ལྟ་བུ་ཡི་ཆོས་ལ།། ཉིན་མཚན་བར་མེད་ཞེན་པ་ཉམ་ཐག་གི་འགྲོ་བའི།། དོན་མེད་བྱ་བཞག་མང་པོ་ཡིད་ཡུལ་དུ་ཤར་ཚེ།། སྐྱོ་བའི་ཉམས་གླུ་མི་འགུགས་རང་དབང་ནི་མ་བྱུང༌།། ཕྱུག་པོའི་རྒྱུ་ཞེས་ཀུན་གྱིས་སྨོན་གནས་སུ་བྱེད་མོད།། ལུས་སེམས་སྡོད་ཁོམ་མེད་པའི་སྡུག་སྣོན་ཞིག་མ་གཏོགས།། ཟས་གོས་བཟང་པོ་ཙམ་ཡང་ལོངས་སྤྱོད་ནི་མི་བྲ།། འཆི་ཁ་ཞེན་ཆགས་སྐྱེད་པས་ཐར་ལམ་གྱི་བར་ཆད།། ཇི་ལྟར་འབྱོར་ཡང་ཟས་གོས་གཉིས་པོ་ཙམ་མ་གཏོགས།། རང་གི་ཉམས་ལ་ཕན་པ་རྡུལ་ཆ་ཙམ་མེད་ངེས།། འཛམ་གླིང་རྒྱུ་ནོར་ཡོད་ཚད་མི་གཅིག་ལ་དབང་ཡང༌།། ད་རུང་ཆོག་ཤེས་མི་སྐྱེ་རེ་འདོད་ཀྱིས་གཡེང་འདུག ། ཉམ་ཐག་དབུལ་པོའི་ལུས་ཞེས་ཐམས་ཅད་ཀྱིས་སྨོད་ཀྱང༌།། ཚེ་གང་བར་མེད་གསོག་སྲུང་བརླག་པ་ཡི་སྡུག་བསྔལ།། ནོར་མང་ཅན་ལ་འབྱུང་བའི་ངང་ཚུལ་འདི་བསམ་ཚེ།། སྐྱིད་ཉལ་རང་ལ་དབང་ཕྱིར་སྤྲང་པོ་ཚོ་སྐྱིད་སྙམ།། དབྱར་ཁའི་མེ་ཏོག་འདི་དང་ཕྱུག་པོ་ཡི་རྒྱུ་ནོར།། ད་ལྟ་མཛེས་མཛེས་འདྲ་ཡང་ནམ་ཕུགས་ནི་ཐུབ་དཀའ།། སྙིང་པོ་མེད་ལ་ཧ་ཅང་ཞེན་པ་རང་ཆེ་ན།། བཟོད་དཀའ་ངན་འགྲོའི་གཡང་ལ་འགྲིམ་དགོས་ཤིག་མིན་ནམ།། གནའ་ཞིག་གླིང་བཞིའི་བདེ་འབྱོར་ཡོད་ཚད་ལ་དབང་བའི།། ལང་ཚོའི་གོས་རྒྱན་ལྷ་ལ་འགྲན་ནུས་ཀྱི་དཔོན་ཡང༌།། མི་རྟག་མཁའ་ལ་འཇའ་ཚོན་སྣང་བ་བཞིན་ཡལ་ན།། རང་རེའི་ལོངས་སྤྱོད་རྩྭ་རྩེའི་ཟིལ་བ་དང་ལོས་འདྲ།། ན་ནིང་ཀླུ་དང་འདྲ་བའི་ཕྱུག་པོ་ནི་ཕལ་ཆེར།། ད་ལོ་ཉམ་ཐག་སྤྲང་པོའི་གྲལ་མཐའ་ན་འདུག་པ།། འདི་ཀོ་རྨི་ལམ་མིན་ཡང་རྨི་ལམ་བཞིན་སྣང་ཕྱིར།། འཁོར་བའི་བདེ་ལ་སུན་པ་དབང་མེད་དུ་སྐྱེས་བྱུང༌།། མཐོན་པོའི་ཐོབ་ཅེས་ཀུན་ལ་གྲགས་ཆེན་ཞིག་ཡོད་དེ།། རྟག་བརྟན་མི་འདུག་སྟོན་ཁའི་སྤྲིན་དཀར་གྱི་སྤུན་ཟླ།། སྙིང་པོ་མེད་པ་དབྱར་གྱི་འཇའ་ཚོན་དངོས་ལགས་ཕྱིར།། བསམ་ཞིང་བསམས་ན་ཡིད་སྐྱོའི་སྣོན་མ་རང་མིན་ནམ།། ཐར་བའི་ལམ་སྟོན་བླ་སེར་མང་པོ་ཡི་ཐུགས་དཀྲུགས།། ཉེས་མེད་སྡེ་འབངས་ཁྲིམས་ཀྱི་ལས་སྣང་ལ་སྦྱར་ཏེ།། རང་བཟང་སྙམ་པའི་ངང་ལ་དུག་སྦྲུལ་བཞིན་འགྱིང་ཡང༌།། ཕྱི་མའི་ལམ་འཕྲང་འགྲིམ་དུས་ཅི་འདྲ་ཞིག་ཡོད་གྲང༌།། ད་ལྟ་རང་སྡེའི་དབུས་ན་མཐོ་མཐོ་ལྟར་སྣང་ཡང༌།། གཤིན་རྗེའི་ཕོ་ཉ་མཐོང་དུས་དེ་ཙམ་ཞིག་མིན་འདྲ།། ཐར་དཀའ་ངན་སོང་གནས་སུ་སྡུག་བསྔལ་རང་མྱོང་དུས།། ཡུལ་སྡེ་ལོངས་སྤྱོད་མང་ཡང་ཕན་པ་ནི་མི་གདའ།། མེ་ཏོག་བཅུད་ལ་རོལ་བའི་བུང་བ་ནི་གཞོན་ནུ།། ཉམས་དགའི་ཚལ་དང་འབྲལ་འདོད་ཡིད་ཡུལ་ན་མེད་ཀྱང༌།། སྟོན་མཇུག་གྲང་ལྷགས་བང་ཆེན་གློ་བུར་དུ་ཐོན་དུས།། སྐྱོ་ཤས་ཡིད་ལ་འཁོར་ཡང་བྱ་ཐབས་དང་བྲལ་འདུག ། དེ་བཞིན་ཚེ་འདིར་ཞེན་པའི་སྐྱེ་བོ་ཡི་ཚོགས་ཀྱང།། འཆི་བདག་ཕོ་ཉའི་སྡང་མིག་མངོན་སུམ་དུ་མཐོང་ཚེ།། ཚེ་གཅིག་བག་མེད་སྤྱོད་པས་གཡེང་ཚུལ་ལ་བསམ་དུས།། འགྱོད་ཆེན་སྙིང་ལ་མཆེད་ཀྱང་འཕྱི་བ་རང་མིན་ནམ།། རང་དང་ལྷན་ཅིག་སྐྱེས་ཤིང་ཚེ་གཅིག་ཏུ་གསོས་པའི།། རང་ལུས་འདི་ཡང་འཁྱེར་བའི་རང་དབང་ཞིག་མེད་ན།། ཉེ་འབྲེལ་ལོངས་སྤྱོད་ནམ་མཁའི་སྐར་ཚོགས་བཞིན་བཀྲ་ཡང༌།། ཐམས་ཅད་ཤ ལ་དུ་བསྐྱུར་ནས་འགྲོ་ངེས་ཤིག་ལོས་ཡིན།། མཐོ་བརྗིད་ཚོན་གྱིས་བྱུགས་པའི་ཁང་བཟང་ནི་མང་པོ།། མི་བརྟན་གྱང་རལ་བྱེ་མའི་ཕུང་པོ་རུ་འདུག་པའི།། སྣང་ཚུལ་འདི་ལ་བརྟག་དཔྱད་ཞིབ་མོ་ཞིག་གྱིས་དང༌།། ཉམས་དགའི་གནས་ལ་ཆགས་ཞེན་ལྷོད་པོ་རུ་གྱུར་ཡོང༌།། རང་རེའི་ཕ་དང་མེས་པོ་ཡང་མེས་ཀྱི་རིང་ལ།། བར་མེད་ཚེ་འདི་གཉེར་ཡང་གྲུབ་ཐབས་ཤིག་མ་བྱུང༌།། བདག་ཀྱང་ཇི་ལྟར་འབད་ཀྱང་དེ་འདྲ་ལས་མེད་ཕྱིར།། ཟབ་མོའི་ལྷ་ཆོས་བསྒྲུབ་ན་དགའ་ཚོད་ཙམ་མིན་ནམ།། ཚེ་སྟོད་དགྲ་སྡེ་མང་པོ་ཚེ་སྨད་ཀྱི་གྲོགས་རེད།། དེ་རིང་གཅེས་པའི་གྲོགས་ཀྱང་སང་ཉིན་གྱི་དུས་སུ།། སྲོག་གཅོད་གཤེད་དུ་གྱུར་པའང་སྲིད་པ་ཞིག་ཡིན་ན།། དགྲ་གཉེན་ངེས་པ་མེད་ལ་ཆགས་སྡང་གིས་ཅི་བྱ།། རང་གི་ལུས་ཀྱིས་བསྐྱེད་པའི་བུ་ཕྲུག་གི་ཚོགས་རྣམས།། སྙིང་གི་དུམ་བུ་བཞིན་དུ་གཅེས་རྒུ་ཡིས་བསྐྱངས་ཀྱང༌།། ནམ་ཞིག་ལུས་སྟོབས་རྫོགས་ནས་དྲིན་ལན་ལ་རེ་དུས།། ཕན་མེད་ཡི་ཆད་སྐྱེ་བའི་སྣོན་མ་ཞིག་མིན་ནམ།། ལང་ཚོའི་ན་ཚོད་མཉམ་པའི་ན་ཆུང་ཚོ་ཕན་ཚུན།། འཛུམ་པའི་ཟུར་མིག་གཡོ་བའི་གར་སྟབས་ལ་འཕྲེང་བཞིན།། ཡིད་མཐུན་ངང་ལ་ཡུན་རིང་འགྲོགས་པ་ལ་སྨོན་ཡང༌།། སྐྱིད་སྡུག་ཅི་འོང་མི་ཤེས་སྙིང་རྗེ་ཞིག་སྐྱེས་བྱུང༌།། ཡུན་རིང་འགྲོགས་ངེས་མེད་པའི་ཁྱིམ་གཅིག་གི་བཟའ་ཚང༌།། ཚོང་འདུས་མགྲོན་པོ་བཞིན་དུ་ཡུད་ཙམ་ལ་འཚོགས་ཀྱང༌།། སྔོན་བསགས་ལས་ཀྱིས་རིགས་དྲུག་ངེས་མེད་དུ་ཁྲིད་དུས།། ཕན་ཚུན་གར་སོང་འདིར་ཡོད་ཕྱོགས་ཙམ་ཡང་མི་ཤེས།། བླ་མ་མཆོག་དང་མི་འབྲལ་འགྲོགས་འདོད་ཅིག་ཡོད་མོད།། སྔོན་བསགས་ལས་ཀྱི་བཀོད་པ་སུ་ཞིག་གིས་ཟློག་ནུས།། ཁུ་བྱུག་མོན་ལ་འགྲོ་ཁའི་འདུ་བ་དང་མཚུངས་པའི།། རྡོ་རྗེའི་མཆེད་ཚོགས་འདི་ཡང་འབྲལ་ངེས་ཤིག་མིན་ནམ།། གོང་གི་དཔོན་པོ་བཀུར་ཀྱང་མཉེས་ཐབས་ནི་མི་འདུག འོག་གི་ཡུལ་སྡེ་བསྐྱངས་ཀྱང་མགུ་དུས་ནི་དཀའ་མོ།། འཁོར་བའི་བྱ་བཞག་འདི་ལ་གྲུབ་དུས་ཤིག་མེད་ཕྱིར།།…

  • October 2023

    ༄༅། །ཨ་ཧོ། དུས་གསུམ་གྱི་རྟོག་པས་མ་བསླད་པའི།

    ༄༅། །ཨ་ཧོ། དུས་གསུམ་གྱི་རྟོག་པས་མ་བསླད་པའི། །ད་ལྟའི་ཤེས་པ་རྗེན་པ་འདི། །བསྒོམ་ཞེས་འཛིན་བློས་མ་བཅིངས་ཞིང་། །མ་བསྒྲོམ་ཞེས་ཡེངས་འབྱམས་སུ་མ་ཤོར་བར། །རང་བབ་རྗེན་པར་སྐྱོང་བ་འདི། །རྫོགས་པ་ཆེན་པོའི་ཉམས་ལེན་ཡིན། །དེ་ཚེ་རྣམ་རྟོག་ཅི་ཤར་ཡང་། །བཟང་ངན་གྱི་སྤང་བླང་བྱ་མི་དགོས། །ངོ་ཤེས་ཙམ་གྱི་རང་སར་གྲོལ། །ཤར་གྲོལ་འདི་ལམ་གྱི་གནད་དུ་བཟུང་། །ཉམས་གང་ཤར་བཤིག་ལ་ཁྲེས་སེ་བོར། །གཏད་མེད་ཞིག་པ་བློ་རེ་བདེ། །བློ་བདེ་བའི་འདུན་མ་ད་ལྟ་ཟིན། །ཆོས་རྣམ་གྲངས་མང་པོས་ཅི་ཞིག་བྱ། །ཀུན་ཏུ་བཟང་པོ་རང་ལས་རྙེད། །དོན་འདི་ཉིད་ཐུགས་ཀྱི་དབུས་སུ་བསྟིམ། ། ཞེས་མཧཱ་སུ་ཁའི་གསོལ་འདེབས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨྲས།།

  • October 2023

    ཆོས་མཆེད་རྣམ་པར་དགའ་འོས་པའི་གསར་འགྱུར་བསྡུས་པ།

    ཆོས་མཆེད་རྣམ་པར་དགའ་འོས་པའི་གསར་འགྱུར་བསྡུས་པ། དགའ་འོས་པ་ཞིག་ལ་ངོས་ཀྱི་སྐྱེ་བ་ཚེ་རབས་ཐམས་ཅད་དུ་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་དང་ནམ་ཡང་འབྲལ་བ་མེད་པའི་ལས་དང་སྨོན་ལམ་གྱི་རྟེན་འབྲེལ་དང་། མི་ལོ་བཅུ་ཕྲག་དུ་མར་འབད་འབུས་ཀྱིས་རྟེན་འབྲེལ་བདེན་པ་མངོན་དུ་གྱུར། འཛམ་གླིང་འདི་བསྐལ་བ་རེ་བཟང་དགེ་མཚན་རེ་བརྟས། སྔོན་བྱུང་གི་རྣམ་ཐར་དང་ལོ་རྒྱུས་དག་རྣ་བས་ཐོས། ད་ལྟ་མིག་གི་མངོན་སུམ་མཐོང་བའི་དགེ་མཚན་ནི་འཇང་སྟག་ཚང་གི་གནས་སྒོ་ཆེན་མོ་རྩོལ་མེད་ཀྱི་ངང་དེ་ཧད་ཀྱིས་ཕྱེས། བདུད་རྩི་དཀར་དམར་གྱི་ཆབ་རྒྱུན་གློ་བུར་དྲག་ཏུ་བབས། འབབ་རྒྱུན་ལས་རང་བྱུང་གི་སྨན་སྒྲུབ་དང་། ཁ་དྭོགས་ཀྱི་འཇའ་འོད་འཕྲོ་བ་དང་། དྲི་ཞིམ་སྣ་ཚོགས་ཐུལ་བ་དང་། ཆུ་ཀླུང་ལས་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཞེས་སྒྲ་རང་བྱུང་དུ་གྲགས། རྐྱང་མ་རྫོང་ནས་བསྟན་སྲུང་འཇང་ཡུལ་སྟག་ཚང་གི་གཏེར་སྲུང་གི་གསོལ་མཆོད་འདོད་དོན་ལྷུན་གྲུབ་གསོལ་བ་དང་ཆབ་ཅིག་ཏུ། ༀ་ཨཱཿཧཱུྃ། ཞེས་དབྱངས་བཅས་པས་རོང་ཁང་དྭོགས་མོའི་ཆུ་ཀླུང་རང་བྱུང་གིས་ཛ་དྲག་རྦ་རླབས་བཅས་དྲག་ཏུ་བབས་སོང་། གློ་བུར་དུ་གློག་དམར་ལས་ཛ་དམར་པོ་འོད་དང་བཅས་དང་། བརྒྱུད་གསུམ་སྲུང་མ་དྲེགས་པ་རྒྱ་མཚོ་སྤྱི་དང་། །ཁྱད་པར་འཇང་རི་སྨུག་པོའི་གནས་བདག་གཙོ་འཁོར་དང་། རོང་བཙན་ཁ་བ་དཀར་པོ་འཁོར་བཅས་བདག་གི་རྡོ་རྗེའི་དམ་ལ་འདུས་པ་དང་། དེ་ག་དེར་གནས་པའི་སྟག་ཚང་གནས་སྲུང་རྡོ་རྗེ་དབང་དྲག་རྩལ་ནི་སྐུ་མདོག་དམར་སྨུག་ཅན། ཕྱག་གཡས་པ་ལ་རྒྱལ་མཚན། ཕྱག་གཡོན་པ་ལ་དབང་གི་ཞགས་པས་རི་ལུང་དམ་པོར་བཅིངས་བར་སྣང་། དབུ་མ་རྫོང་ནས་ཡུམ་ཆེན་ཀླུ་མོ་འོད་དཀར་བུམ་བཟང་འོ་མས་གང་བ་ཞིག་བསྣམས་པ་ལས་བདག་གིས་ལག་གཡོན་དུ་གནང་བས་དགའ་བ་བཞིས་རང་ལུས་ངག་ཡིད་གསུམ་ཀུན་དགའ་བདེས་གང་བར་གྱུར། ། རོ་མ་རྫོང་ནས་བློན་པོ་འཇིགས་བྱེད་བདུད་འདུལ་གཡས་སུ་མདུང་དང་། གཡོན་དུ་ཞགས་པ་ཐོགས་པས་དགྲ་བགེགས་བཏུལ་བ་དང་བར་ཆད་གཡུལ་ལས་རྒྱལ་བར་འཆར། ཁྱད་པར་བདུད་བཙན་ཀླུ་གསུམ་དྲེགས་པ་རྒྱ་མཚོའི་ཚོགས་དང་བཅས་པ་རང་གིས་འདོད་དགུ་གྲུབ་པ་དང་། རྒྱལ་བསྟན་འོད་གསལ་རྫོགས་པ་ཆེན་པོའི་འཛིན་སྐྱོངས་སྤེལ་བའི་འཕྲིན་ལས་དུས་སུ་བབས་པར་ཞལ་གྱིས་བཞེས། འགྲོ་བ་ཀུན་ལ་ཕན་བདེ་རྒྱ་ཆེར་དང་ཞི་བདེ་བསྐྲུན་པའི་དགེ་མཚན་རབ་ཏུ་འབར་ཅིང་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པར་གྱུར་ཏོ། ཅེས་པའང་རབ་གནས་ཆུ་ཡོས་སྟོན་ཟླ་འབྲིང་བོའི་དབང་ཚེས་ཉེར་གཅིག་ལ་རྨི་ལམ་དབང་ཕྱུག་རིག་འཛིན་ཨེ་མ་ཧོས་རིག་འདུས་མ་ཧཱ་གུ་རུ་པདྨ་སམ་བྷ་ཝའི་གནས་མཆོག་སྟག་ཚང་བཅུ་གསུམ་གྱི་ཡ་གྱལ་འཇང་ཡུལ་སྟག་ཚང་དབང་ཆེན་པདྨའི་དགའ་ཚལ་གྱི་གནས་སྒོ་འགྱེད་པའི་ཚེ་གནས་དེ་ན་ནི་བཀའ་འདུས་དང་དགོངས་འདུས། བཀའ་བརྒྱད་དང་ཞི་ཁྲོ། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་དགུ་སོགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གྱི་གནས་ཀུན་གསལ་བ་མཇལ་བའི་མོད་ལ་ཟིན་བྲིས་སུ་བཏབས་པར་དགེའོ།། །།