ང་ཕུང་གསུམ་དམ་ཆོས་རྒྱལ་པོ་ཡིན། ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
ང་ཕུང་གསུམ་དམ་ཆོས་རྒྱལ་པོ་ཡིན།
ན་མོ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
༼༡༽
ཡེ་གྲོལ་གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
རང་གྲོལ་རྒྱལ་བ་རིགས་ལྔའི་ཁྱབ་བདག་རྗེ།།
མྱོང་གྲོལ་བདེ་ཆེན་དཔལ་དགྱེས་རྡོ་རྗེ་འཆང་།།
ངའི་ཕུང་པོ་སྐུ་གསུམ་སྐྱབས་མགོན་ཡིན།།
༼༢༽
མཁྱེན་རབ་དབང་ཕྱུག་འཇམ་དཔལ་གཞོན་ནུའི་ཐུགས།།
བརྩེ་ཆེན་བདག་ཉིད་ཕྱག་ན་པད་དཀར་གསུང་།།
ནུས་པའི་མཐུ་སྟོབས་ལག་ན་རྡོ་རྗེའི་སྐུ།།
ངའི་ཕུང་པོ་རིགས་གསུམ་མགོན་པོ་ཡིན།།
༼༣༽
ལུས་ཆོས་གོས་རྣམ་གསུམ་སྐུ་ལ་མཛེས།།
ངག་སྡེ་སྣོད་ཆོས་སྒྲ་ཕྱོགས་ཀུན་བསྒྲགས།།
སེམས་བསླབ་གསུམ་ལྡན་པའི་རིན་པོ་ཆེ།།
ང་ཕུང་གསུམ་མཁན་ཆེན་བླ་མ་ཡིན།།
༼༤༽
སྤྱི་བོར་ཉི་ཁྲི་ཆིག་སྟོང་མཁའ་འགྲོས་རྒྱན།།
མགྲིན་པར་བརྒྱད་ཁྲི་བཞི་སྟོང་ཆོས་སྒྲ་སྒྲོག།
ཐུགས་ཀར་གྲངས་མེད་སངས་རྒྱས་ཡེ་ཤེས་རྒྱས།།
ང་མཆོག་གསུམ་དཔལ་དགྱེས་རྡོ་རྗེ་ཡིན།།
༼༥༽
བདག་འཛིན་རྩ་བར་བཅད་པའི་ཧེ་རུ་ཀ།
ཕན་བདེའི་ལེགས་ཚོགས་བསྐྲུན་པའི་ཨེ་མ་ཧོ།།
བསྟན་འགྲོའི་དོན་ཆེན་སྒྲུབ་མཁས་ཤྲཱིཿསྨྱོན་པ།།
ང་ཕུང་གསུམ་དགེ་ལེགས་ཡར་འཕེལ་ཡིན།།
རུལ་སྤྲུལ་ངོར་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཀུན་བཟང་དུར་ཁྲོད་ནས་བགྱིས་པར་དགེའོ།།