སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །
སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །
འདི་ལྟར་ཏེ། ངོ་མཚར་ཆེ་བའི་འཇིག་རྟེན་གྱི་ཡུལ་གྲུ་ཞིག་ཁྱབ་ནས་འདིའི་ནང་འཚོ་གནས་བྱས་པའི་ང་ཚོ་ཚང་མ་ངེས་པར་དུ་འགྲུལ་བཞུད་དགོས་པའི་གཅིག་མཚུངས་ཀྱི་ལམ་ཁ་དེ་ཚེ་ཕྱི་མ་ཡིན་ལ། ལམ་དེ་མེད་པའི་མི་སུ་ཡང་མེད་པ། ལམ་དེ་ལ་མ་བསམ་བཞིན་དུ་འགྲོ་དགོས་པ། ལམ་དེ་ཉིད་ལ་འགྲོ་ཚེ་གཞན་གྱིས་ཆ་ངག་ཅི་ཡང་མེད་པ། ལམ་དེ་ལ་འཇིག་ནའང་རང་དབང་མེད་པ་མདུན་དུ་གྲུབ་འོང་པ་ཞིག་ལས་ཀྱིས་བཀོད་སྒྲིག་སྔ་ནས་བཟོ་ཚར་བ་ཡིན་སྟབས། དགེ་སྡིག་གི་ལམ་རྒྱགས་ཤིག་ཁུར་ནས་འཇིག་རྟེན་ཕ་རོལ་ན་བགྲོད་ཚེ། རྒྱ་ཆེ་བའི་བདེ་སྡུག་གི་ཁྱིམ་གཞིས་གང་རུང་ནང་དུ་རེ་བ་བསྡད་དེ། ལ་ལས་སྤྲོ་བ་མྱོང་། ལ་ལས་སྡུག་བསྔལ་མྱོང་བ་སོགས་བསམ་ན། སྐྱེ་བ་ད་རེས་ལུས་སེམས་འདིའི་སྟེང་ཚེ་ཕྱི་མའི་གྲོ་ཁ་བཟང་པོ་ཁུར་རྒྱུ་ཞིག་བསྒྲུབ་ཐུབ་ན་ངོ་མ་དགའ་འོས་པ་དེ་ལས་གཞན་གང་ཡང་མེད་པས། དེའི་ཕྱིར་ཁྱེད་ཀྱིས་ཉིན་མཚན་མི་དལ་གྱི་སྒོ་ནས་ལས་ཀ་ཆེ་ཆུང་སྒྲུབ་པའི་ཁྲོད། ཚེ་ཕྱི་མའི་བརྒྱགས་ཕྱེ་ལ་བསམ་གཞིགས་ཅི་ཙམ་བྱས་ཡོད་པ་ཡིན་ནམ། གལ་ཏེ་སང་ཉིན་འཆི་འགྲོ་ན་ཁྱེད་རང་གང་དུ་སྐྱེ་བ་ལེན་པ་ལ་བསམ་བློ་ག་ཚོད་བྱས་ཡོད་དམ་ལགས།
ཁྱེད་རང་གིས་སྒྲུབ་པའི་དེ་རིང་གི་བྱ་བ་འདིས་ཚེ་ཕྱི་མ་ལ་ཕན་ཐོགས་ཅི་ཙམ་ཡོང་བ་ལ་བསམ་བློ་ག་ཚོད་བྱས་ཡོད་དམ། གང་ལྟར་སྤྱིར་ན་མི་རྣམས་ལ་མཁོ་དགོས་ཆེ་ཤོས་ནི་དཔལ་འབྱོར་དང་ཤོག་སྒོར་ཡིན་ལ། འདི་དག་གི་དོན་དུ་རང་སྲོག་ཀྱང་ཡ་ང་བག་ཚ་ཅི་ཡང་མེད་ན་དེ་མིན་བྱ་བ་སྡུག་མོ་དང་འབྲེལ་ནས་འབྱོར་ལྡན་བྱེད་པ་ནི་བཤད་ཅི་ཡང་མི་དགོས་པ་ཞིག ལྷག་པར་དུ་ཤེས་བཞིན་དུ་སྡིག་པ་ཁྱད་གསོད་བྱེད་ནས་གཡོ་རྫུན་གྱི་ཁུར་པོ་ཆེན་མོ་སྒྲུབ། ཅུང་ཙམ་བསགས་པའི་རྒྱུ་ནོར་དེའང་། ཡར་དཀོན་མཆོག་གསུམ་དང་མར་སྤྲང་པོ་ཡོངས་ལ་མཆོད་སྦྱིན་ཅི་ཡང་མེད་པ་མ་ཟད། སེར་སྣའི་མདུད་པས་བཅིངས་ནས་སྒོམ་ཆུང་ཕྲ་མོ་ནང་དུ་ཉར་ཚགས་འོག ཤི་མིག་གསོན་བལྟས་བྱེད་ཞོར་ཡི་དྭགས་ཀྱི་འཇིག་རྟེན་ནང་སྐྱེ། བཀྲེས་སྐོམ་གྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་ངེས་པའི་ལས་ཀ་འདི་འདྲ་ནམ་ཡང་མི་བརྩོན་པ། ལག་ཏུ་ཡོད་པའི་སྒོར་མོ་མང་ཉུང་ཇི་འདྲ་ཡོད་ན་ཡང་། གཙང་མ་གཙང་རྐྱང་། དྭངས་གཙང་གི་ཆུ་བོ་བཞིན། ཡར་མཆོད་མར་སྦྱིན་བྱས་ནས་དགེ་བ་ཕྲན་བུ་ཙམ་བསྒྲུབ་དོ་བའི་རེ་བ་ལགས།
དེ་བཞིན་དུ་འཚོ་བའི་ཁྲོད་ནམ་རྒྱུན་བཟའ་བཏུང་ཞིམ་པོ་རོལ་ནས། བདེ་སྐྱིད་ཀྱི་དགོད་སྒྲ་ཕན་ཚུན་ངོམ་ཞིང་། ཅུང་ཙམ་དགའ་སྟོན་དང་དུས་ཆེན་ཉིན། ཉམ་ཆུང་དུད་འགྲོའི་སྲོག་བཅད་པ་ལས་བྱུང་བའི་དམར་ཟས་མང་པོ་མདུན་དུ་སྒྲིག་ནས། ད་དུང་ཤ་འདི་མེད་ན་འཚོ་ཐབས་བྲལ་བའི་མི་སྙན་པའི་གྲོས་མོལ་སོགས་མ་གཏོགས། མ་འོངས་པའི་རྣམ་སྨིན་དང་། ཚེ་ཕྱི་མའི་འཇིག་རྟེན་ཟེར་བའི་བསམ་བློ་དེ་རྒྱང་དུ་གྱེས་ནས། ད་ལྟའི་གནས་བབས་ཙམ་ལ་དམིགས་ཏེ་ཤ་ཁྲག་ལོངས་སུ་སྤྱོད་ན་ཡང་། ཁ་ནས་མ་ཎི་དང་ཁོག་ནས་སྙིང་རྗེ་ཅུང་ཙམ་ཞིག་མ་ཐོན་ན་གླེན་ལྐུག་ཞིག་དང་ཅིས་མི་མཚུངས། ལྷག་པར་དུ་གསོད་པའི་ཚེ་དུད་འགྲོ་ཉིད་ལ་ན་ཟུག་དྲག་པོ་ཡོད་པ་དག་དྲན་བཞིན་དུ་བསྔོ་སྨོན་སོགས་བྱ་མ་ཐུབ་ན། རང་གཞན་གྱི་ཚེ་ཕྱི་མ་དེ་ཐག་རིང་པོ་གང་ཡང་མ་ཡིན་པས་འཆི་བདག་གཤིན་རྗེ་མཇལ་བའི་དུས་སུ་ཨ་ཁ་ཁ་ཟེར་དགོས་པའི་ཚེ། ངོ་མ་སེམས་ཕམ་པོ་ཞིག་མ་ཡིན་ནམ་ལགས། དེ་མཚུངས་རབ་བྱུང་རྣམས་ཀྱིས་ཀྱང་དམར་ཟས་ལ་དོགས་ཟོན་མེད་ན། དད་ལྡན་མང་པོ་དད་མེད་འགྲོ་བཞིན་པའི་གནས་ཚུལ་དང་། དེ་དང་འབྲེལ་བའི་ཤི་གསོན་གྱི་དཀོར་ལ་ཡང་རབ་བྱུང་དང་ཚུལ་ཁྲིམས་ལྡན་པའི་གྲྭ་བཙུན་གྱིས་སྤྱོད་ཆོག་པ་ཡིན་གྱི། གཞན་ལ་སྦྱིན་པ་གཏོང་རྒྱུ་དང་གཞན་གྱིས་བེད་སྤྱོད་མི་ཆོག་པ་སྟོན་པ་བཀའ་དྲིན་ཅན་གྱིས་གསུངས་པ་དེ་ལྷག་བསམ་ཆེན་པོའི་གདངས་ངག་སོགས་ལ་མནོ་བསམ་ཅི་ཡང་མེད་ན། སྡིག་ལྟུང་གིས་བསྐྲུན་པའི་མུན་ནག་འཇིག་རྟེན་ནང་ལྷུང་སྟེ། ཤ་ཁྲག་གིས་ལན་ཡང་ཡང་མཇལ་ནས་ཚ་གྲང་ལས་བྱུང་བའི་འཇིག་ངུ་སོགས་མ་གཏོགས། བདེ་བའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་མེད་པས། དེའི་ཕྱིར་ཚེ་འདི་ལ་ཆོ་ག་ཆད་ལྷག་མེད་པ། འདུལ་སྡོམ་གཙང་ཞིང་མཐུན་པ། ཡོན་བསྔོ་སྦྱོང་ཞིང་ལེགས་པའི་ལམ་ལུགས་ལ་ཧུར་བརྩོན་ཡོད་ན། ཕྱི་མའི་ལམ་ཁ་དེ་ཅི་འདྲའི་སྐྱིད་མོ་ཞིག་ཡིན་པར་ལགས།
ཡང་དངོས་པོ་འཕེལ་རྒྱས་ཁྲོད་འཕྲུལ་ཆས་དང་གྲོང་ཁྱེར་གྱི་མཛེས་སྡུག་ནི་ཉིན་རེ་ལས་ཉིན་རེ་འབེལ་ཞིང་། དེ་དག་ལ་དུང་བའི་མྱི་ནི་ཇེ་མང་ཇེ་ཟབ་ཀྱིས་རྣམ་གཡེང་དང་འདུ་འཛི་རྒྱ་ཆེར་འཕྱུར་ནས། ཅུང་ཙམ་ངལ་གསོ་ཡོད་སྐབས་མྱི་སུ་ཡིན་ཡང་གྲོང་ཁྱེར་ཕྱི་ནང་གི་མཚར་སྡུག་རོལ་བ་འགྲོ་བཞིན། དམ་པའི་ཆོས་ཟེར་བ་དེ་སྔ་ནས་བརྗེད་ཚར་བའི་མཚོན་བྱེད་མང་དུ་མངོན་ཏེ། ཚད་མེད་བཞི། བློ་ལྡོག་བཞི་སོགས་དང་མཐུན་པའི་པར་དང་བརྙན་ཐུང་ཅི་ཡང་མེད་པར་མ་ཚད། གཡས་གཡོན་གྱི་ས་རྡོ་རི་བོའི་འདྲ་པར་དང་ཟ་ཁང་ཇ་ཁང་ཉལ་ཁང་རྫིག་པོ་སོགས་པར་འདྲ་ལེན་ནས་དྲྭ་ལམ་དུ་བཤམས། ད་དུང་སྔོན་ཐོན་དང་ཤེས་ཡོན་པ་བསམ་གི་ཡོད་ན་ཡང་། དོན་ངོ་མ་ཡིད་ལ་བྱེད་ན་དྭངས་གསལ་ཕ་ཡུལ་གྱི་ཉམས་མཛེས་དང་དགེ་ལེགས་སྟོན་པའི་ཆོས་འཁོར་རྒྱང་དུ་སྐྱུར་ནས། རྒྱ་སྲང་ལ་ཉུལ་ཉུལ་གྱིས་དཔལ་འབྱོར་ཆུད་གཟོན་འདིའང་དགེ་བ་དང་འབྲེལ་བ་ཞིག་ག་ལ་ཡིན། ད་དུང་ལག་དུ་མཆིས་པའི་འཕྲུལ་ཆས་ཁ་པར་དེའང་སྟོང་ཕྲག་དང་ཁྲི་ཕྲག་ལས་གྲུབ་ཅིང་། འཕྲིན་ཕྲན་དང་པོད་འཕྲིན་སོགས་ལ་སེམས་མི་གནས་པའི་ཡོང་སྟངས་བསྟན་ཏེ། རྫུན་དང་གཡོ་སྒྱུ། འཁྲེང་དང་ཞེ་སྡང་། བདག་བསྟོད་གཞན་སྨོད་སོགས་ཏེ། སྤྱོད་མི་ཤེས་ན་”ཁ་པར་མི་དགེའི་བང་མཛོད”ཅེས་མཚུངས་པ་བཞིན། དགེ་བ་སྣ་གཅིག་མེད་པའི་བྲེལ་ཟིང་འ་འུར་གྱི་མི་ཚེ་རྫོགས་ནས་འཇིག་རྟེན་ཕྱི་མ་ཞིག་ཏུ་འགྲོ་དགོས་ན་ཁྱེད་རང་སེམས་མི་སྐྱོའམ་ལགས།
ནམ་རྒྱུན་ང་ཚོའི་ལག་ཏུ་ཕྲེང་བ་དང་འཁོར་ལོ་ནི་ཉིན་མོའི་སྐར་མ་བཞིན། ལུས་ཀྱི་དད་གུས་ཕྱག་འཚལ། ངག་གི་ཁ་ཏོན་ངག་གཅོད། སེམས་ཀྱི་ལྟ་སྒོམ་ཉམས་ལེན་ཡང་ཇེ་ཉུང་ཇེ་སྡུག་སོགས་འགྱུར་བ་ནི། ཚེ་ཕྱི་མ་ཟེར་བ་དང་དེ་ལ་ཡིད་ཆེས་དང་བསམ་བློ་མེད་པ་ཞིག་ལོས་ཡིན། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད། ཅེས་མཁས་པ་རྣམས་ཀྱིས་གསུངས་པ་བཞིན། ད་ལྟ་གྲ་སྒྲིག་ཅུང་མ་བྱས་ན་ང་ཚོའི་འཆི་ཁ་ལ་ཁ་བགྲད་ལག་འདར་གྱིས་ཕན་ནམ།ཆོས་དགེ་བ་དཀར་པོ་མེད་བཞིན་དུ་འཇིག་རྟེན་ཕ་རོལ་ལ་གོམ་ཁ་སྤོ་ཚེ། མགོན་པོ་འོད་དཔག་མེད་དང་དྲིན་ཅན་བླ་མ་རྣམས་ཀྱིས་སྐྱབས་སླ་མོ་ཞིག་ཅི་ལྟར་ཡིན་ངེས།”ཁྱད་པར་དུ་ང་ཚོའི་ལས་ཀ་ཅི་དང་ཅི་སྒྲུབ་ན་དེའི་ཚེ་ཚེ་ཕྱི་མ་ཟེར་བ་དེ་ཅི་ཙམ་དྲན་མྱོང་ངམ། སྒྲུབ་བཞིན་པའི་ལས་ཀ་འདི་ཚེ་ཕྱི་མ་ལ་ཕན་ཐོག་ཡིན་རྒྱུ་གཏན་འཁེལ་ཅི་ཙམ་བྱས་མྱོང་ངམ། “༼ཁྱེད་རང་ད་ལྟ་དགུང་ལོ་ག་ཚོད་ཡིན་ནམ། ཡང་ན་༢༠། ༣༠། ༤༠། ༥༠། དེ་དག་ལས་འགོར་སོང་བ་ཞིག་ཡིན། དགུང་ལོ་འཕེལ་རིམ་གྱི་ཁྲོད་ཚེ་ཕྱི་མ་ལ་ཁུར་རྒྱུ་དེ་བཟང་ངན་ཅི་འདྲ་ཞིག་ཡིན་ནམ། ༽དེས་ན་ང་ཚོས་མ་མཐའ་འཆི་ཁ་ལ་འགྱོད་པ་མེད་པ་ཞིག་ཐུབ་ན་སེམས་འདི་བློ་བདེ་མོ་ཞིག་ཡོང་ངེས་ལགས་སོ།། དཀར་ཕྱོགས་རྒྱལ་བ་གཉིས་པའི་རྐྱང་ཟླའི་ཉིན་དུ་བྲིས་པའོ།།