September 2019

བཀྲ་ཤིས་བརྒྱད་པའི་དོན་བཤད།

བཀྲ་ཤིས་བརྒྱད་པའི་དོན་བཤད།
ན་མོ་ཨཱརྱ་མཉྫུ་ཤྲཱི་ཡེ།
ལགས། ཕྲན་དེང་སང་ན་རྒྱུ་འདིས་སྔར་དང་མི་འདྲ་བྲི་རྒྱུ་སོགས་མི་ནུས་པས། བཀྲ་ཤིས་བརྒྱད་པའི་ཕན་ཡོན་སོགས་རྒྱ་ཆེར་འབྲི་བར་རྔོ་མ་ཐོགས་པ་ལ་དགོངས་ཚོམ་མི་མངའ་བར་ཞུ་ཞིང་། མདོར་བསྡུས་ན། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བའི་མདོ་ལས། ལི་ཙྪ་བཱིའི་བུ་རབ་རྩལ་གྱིས་བཅོམ་ལྡན་འདས་ལ་ཞུས་པ། སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ་མཚན་ཐོས་ན། མི་དང་མི་མིན་གྱི་འཇིགས་པ་དང་འཚེ་བ་མེད་པ་དང་། གང་གིས་ཀྱང་སྨྲ་བ་ལ་མི་བཟློག་ཅིང་ཟིལ་གྱིས་མི་ནོན་པ་དང་། མཚན་འཛིན་པ་དེ་གཉིད་ལོག་པ་ནའང་སྡིག་པའི་རྨི་ལམ་མི་རྨིས་པ་དང་། གཡུལ་དུ་ལུས་ལ་མཚོན་གྱིས་མི་ཕོག་པ་དང་། དེ་ལས་བདེ་བར་ཐར་བར་འགྱུར་བ་བསྟན་དུ་གསོལ་ཞེས་ཞུས་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གྲགས་ལྡན་ཞེས་བྱ་བ་ལ་སོགས་པ་ན་བཞུགས་པའི་སངས་རྒྱས་བརྒྱད་པོ་འདི་དག་གི་མཚན་བཀའ་སྩལ་ཏེ། སོ་སོར་འདོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་སོགས་སུ་ཤེས་པར་བྱ་ལ། འདིར་ནི་ཚིགས་བཅད་དུ་བསྡེབས་པའི་ཁྱད་ཙམ་མོ། །མདོ་དེ་ལས། སངས་རྒྱས་དེ་དག་གི་མཚན་ལེགས་པར་བཟུང་ཞིང་ཀུན་ཆུབ་པར་བྱས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ལ། སངས་རྒྱས་དེ་དག་གི་ཞིང་ནི་སྙིགས་མ་ལྔ་དང་བྲལ་བ་ཡིན་ཏེ། སངས་རྒྱས་འདི་དག་སྔོན་གྱི་སྨོན་ལམ་དང་ལྡན་པ་ཡིན་པའི་ཕྱིར། སྲོད་ལ་ཉལ་བ་དང་ལྡང་བ་ན་ཡང་བསམ་པར་བྱ། འཇིག་རྟེན་གྱི་བྱ་བ་གང་ཅི་ཡང་རུང་བ་བརྩམ་པ་ན་ཡང་མཚན་འདི་དག་བསམ་ལ་དེའི་འོག་ཏུ་བརྩམ་ན། དེར་ཡང་ཁྱེད་ལ་འཕེལ་བ་ཉིད་དུ་འགྱུར་གྱི་འགྲིབ་པ་ནི་མ་ཡིན་པར་ཤེས་པར་བྱ་སྟེ། བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པས་ལྷ་རྣམས་ལྷ་མིན་གྱི་གཡུལ་ལས་རྒྱལ་བར་འགྱུར་ཏེ། མཚན་འདི་དག་བརྗོད་པ་ནི། བདེ་ཞིང་འཇིགས་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་། ཡང་དག་པའི་མཚན་ཀུན་ནས།ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཡུལ་ལས་འདས་པ་དང་། ཟིལ་གྱིས་མི་གནོན་པ་དང་། ཞི་བ་དང་། ཡོངས་སུ་གདུང་བ་མེད་པ་དང་། འཇིགས་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །སྤྱིར་བསྐལ་པ་བསམ་གྱིས་མི་ཁྱབ་པར་རང་སངས་རྒྱས་མང་པོ་ལ་གནས་དང་ཡོ་བྱད་ཐམས་ཅད་དང་། ལྷ་ཡི་ཟས་ལྟ་བུའི་ཞལ་ཟས་སྦྱིན་པ་ལ་སངས་རྒྱས་ཞེས་པའི་སྒྲ་ཐོས་པ་ཙམ་ཕན་ཡོན་ཆེ་བར་གསུངས་ན། གུས་པས་མཚན་བརྗོད་པ་དང་། ཕྱག་འཚལ་བ་དང་། སྐུ་གཟུགས་བྱེད་པ་དང་། མཆོད་པ་བྱེད་པ་སོགས་ལྟ་ཅི་སྨོས་ཏེ།སངས་རྒྱས་ཀྱི་མཚན་ཙམ་ཐོས་པའི་ཕན་ཡོན་དཔག་ཏུ་མེད་པ་དག་མདོ་རྣམས་ལས་འབྱུང་ལ། བདག་གིས་བྲིས་པའི་སངས་རྒྱས་ཀྱི་མཚན་འབུམ་དུའང་ཅི་རིགས་བྲིས་ཡོད། འཇམ་དཔལ་ལ་སོགས་པ་བྱང་ཆེན་ཉེ་བའི་སྲས་བརྒྱད་པོ་འདི་ནི་ངོ་བོ་སངས་རྒྱས་ཡིན་དུ་ཟིན་ཀྱང་རྣམ་པ་སྲིད་པ་ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་ཚུལ་དུ་འགྲོ་བའི་དོན་མཛད་པ་སྟེ། དེས་ན་སངས་རྒྱས་འབུམ་ཕྲག་གསུམ་གྱི་མཚན་བརྗོད་པ་ལས་འཇམ་དཔལ་གྱི་མཚན་བརྗོད་པ་ཕན་ཡོན་ཆེ་བར་འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་སོགས་ལས་གསུངས། ཡང་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བརྗོད་པ་ལས་ཀྱང་ཕན་ཡོན་ཆེ་བ་དང་། དེ་འདྲ་བར་ཕྱག་ན་རྡོ་རྗེའི་མཚན་ཀྱང་ཕན་ཡོན་ཆེ་ཚུལ་མདོ་དང་རྒྱུད་རྣམས་ན་ཡོད་ལ། བྱང་སེམས་ཉེ་སྲས་བརྒྱད་པོ་རེ་རེའི་བསྔགས་པ་ལ་བལྟས་ན་ཆེས་ངོ་མཚར་བ་དུ་མ་ཞིག་མདོ་རྣམས་ལས་གསུངས་པ། བདག་གིས་ཕྱོགས་གཅིག་རྟོགས་བརྗོད་དུ་བསྡུས་པ། ཉེ་སྲས་བརྒྱད་ཀྱི་རྟོགས་པ་བརྗོད་པ་རིན་པོ་ཆེའི་དོ་ཤལ་དུ་གཟིགས་པས་འཐུས། དེ་ནས་བྱང་ཆུབ་སེམས་དཔའ་བརྒྱད་པོ་འདི་དག་རེ་རེ་དང་། དེ་དག་གི་ཕྱག་མཚན་དང་མཚན་ཙམ་ཞིག་དྲན་ན་ཡང་བཀྲ་ཤིས་པར་བྱེད་པ་མདོ་རྒྱུད་འགར་གསལ། བྱང་ཆུབ་སེམས་མ་བརྒྱད་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་ཅིང་དགྱེས་པ་བསྐྱེད་པའི་ལྷ་མོའི་ཚུལ་དུ་དུས་ཐམས་ཅད་པར་བཞུགས་པ་ལས། ངོ་བོ་སངས་རྒྱས་རྣམས་དང་ཐ་དད་མེད་པར་རྒྱུད་རྣམས་ལས་གསུངས། ཉེ་བའི་སྲས་བརྒྱད་པོ་དང་སེམས་མ་བརྒྱད་པོ་འདི་དག་རྒྱུད་ཀྱི་སྐབས་སུ་ཁྲོ་བོ་གཤིན་རྗེ་གཤེད་སོགས་དང་། ལྷ་མོ་གཽ་རཱི་མ་སོགས་ཆ་ལུགས་དང་རྣམ་འགྱུར་མཚན་ཐ་དད་པ་སྣ་ཚོགས་སུ་སྣང་བ་ཙམ་སྟེ། གསར་མའི་བདེ་མཆོག་གི་སྒོ་མཚམས་བརྒྱད་པ། གསང་འདུས་ཀྱི་སེམས་དཔའ་སེམས་མ། འཇིགས་བྱེད་ཀྱི་ཁྲོ་བོ་ཡབ་ཡུམ་སོགས་སྣ་ཚོགས་དང་། རྙིང་མའི་བཀའ་བརྒྱད་དང་ཡང་དག་མར་མེ་དགུ་པ་སོགས་ཀྱི་ལྷ་ཐམས་ཅད་དོན་འདི་དག་ཡིན་པར་རྒྱུད་ལས་གསལ། གུ་རུ་མཚན་བརྒྱད་དང་ངོ་བོ་གཅིག་ཡིན་པར་པདྨ་འབྱུང་གནས་ཉིད་ཀྱིས་གསུངས། སྐབས་འདིར་སེམས་མ་བརྒྱད་པོ་དེ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དུ་སྣང་བ་སྟེ། གང་ཞིག་དེ་ལས་གང་རུང་གཅིག་དྲན་པ་ཙམ་གྱིས་ཀྱང་བཀྲ་ཤིས་ཤིང་རྒུད་པ་མ་ལུས་པ་ཞི་བར་བྱེད་ལ། ཁྱད་པར་བཀྲ་ཤིས་གདུགས་ཀྱི་ལྷ་མོས་ཡུལ་གྱི་རྒུད་པ་ཞི་ཞིང་བཀྲ་ཤིས་པར་བྱེད། གསེར་ཉའི་ལྷ་མོས་མིག་གསལ་ཞིང་བློ་དང་ལྡན་ལ་ལུས་ཁམས་བདེ་ཞིང་བཀྲ་ཤིས་པར་བྱེད། བུམ་པའི་ལྷ་མོས་ལོངས་སྤྱོད་མི་ཟད་པ་དང་། མགུལ་པར་ཆོས་ཀྱི་སྒྲ་དབྱངས་མི་ཟད་པ་སོགས་ཀྱི་བཀྲ་ཤིས་བྱེད། པདྨའི་ལྷ་མོས་ངག་སྨྲ་བའི་ལྗགས་བཀྲ་ཤིས་པ་དང་། གཟུགས་ཡིད་དུ་འོང་བ་དང་། ཉེས་པའི་སྐྱོན་གྱིས་མ་གོས་པའི་བཀྲ་ཤིས་པར་བྱེད། དུང་གི་ལྷ་མོས་ཚེམས་བཟང་བ་དང་། སྙན་གྲགས་ཆེ་བ་དང་། རིམས་ནད་མེད་པའི་བཀྲ་ཤིས་བྱེད། དཔལ་བེའུའི་ལྷ་མོས་ཅི་བསམ་འགྲུབ་པ་དང་། བློ་གྲོས་འཕེལ་བ་སོགས་ཀྱི་བཀྲ་ཤིས་པར་བྱེད། རྒྱལ་མཚན་གྱི་ལྷ་མོས་ལུས་གཟི་བརྗིད་ཆེ་བ་དང་། ཕྱོགས་ལས་རྣམ་པར་རྒྱལ་ཞིང་དབུ་འཕང་མཐོ་བ་སོགས་ཀྱི་བཀྲ་ཤིས་བྱེད། འཁོར་ལོའི་ལྷ་མོས་ཐམས་ཅད་ལ་དབང་བསྒྱུར་བ་དང་། ཕྱག་དང་ཞབས་བཀྲ་ཤིས་པ་དང་། ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་སོགས་ཀྱི་བཀྲ་ཤིས་པར་སྔོན་གྱི་ལུང་དག་ལས་གྲུབ་བོ། །ཚངས་པ་དང་དབང་ཕྱུག་ཁྱབ་འཇུག་གསུམ་ནི་སངས་རྒྱས་ཀྱི་རྡོ་རྗེ་གསུམ་གྱི་རྣམ་པར་འཕྲུལ་པར་གསང་འདུས་རྒྱུད་ལས་གསུངས་ཤིང་། རིགས་གསུམ་མགོན་པོ་འཇིག་རྟེན་སྐྱོང་བའི་ཚུལ་དུ་བསྟན་པ་ཡང་ཡིན་ལ། རྣམ་པའི་ཚུལ་དུ་ཡང་སངས་རྒྱས་ཀྱི་ཞལ་མཇལ་ཞིང་བསྟན་པ་བསྲུང་བ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་རྒྱལ་པོ་འདི་གསུམ་ཡིན། ལྷའི་དབང་པོ་བརྒྱ་བྱིན་ནི། སངས་རྒྱས་ཞལ་མཇལ་བདེན་པ་མཐོང་བ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། དཀར་པོའི་ཕྱོགས་ཀྱི་ཁ་འཛིན། སུམ་ཅུ་རྩ་གསུམ་ལྷའི་རྒྱལ་པོ། མི་རྣམས་ལ་ལྟ་ཞིང་དགེ་བའི་ཕྱོགས་ཀྱི་གྲོགས་བྱེད་པ་ཡིན། རྒྱལ་ཆེན་བཞི་ནི་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་འདི་བཞི་ལ་གཙོ་བོར་གཉེར་དུ་གཏད་པ། ཕྱོགས་བཞིའི་དྲི་ཟ་དང་། གྲུལ་བུམ་ཀླུ་སོགས་ཀྱི་རྒྱལ་པོ་མཐུ་བོ་ཆེ་ཡིན་ཏེ། དེ་ལྟར་འཇིག་རྟེན་སྐྱོང་བ་བརྒྱད་པོ་འདིའི་གང་རུང་རེའི་མིང་ཐོས་ནས་བཟུང་ན་ཡང་འཇིགས་པ་དང་འཚེ་བ་ལས་སྲུང་ནུས་པ། ས་འོག་དང་ས་སྟེང་དང་ས་བླའི་ས་གསུམ་མམ་འཇིག་རྟེན་གསུམ་དུ་བཀྲ་ཤིས་དང་དགེ་ལེགས་ཐམས་ཅད་སྤེལ་ཞིང་གཙོ་བོ་འདི་དག་གི་མཐུ་དཔལ་ལ་བརྟེན་ནས་འཇིག་རྟེན་པ་རྣམས་བདེ་ཞིང་བཀྲ་ཤིས་པར་བྱེད་པའོ། །དེ་ནས་བཀྲ་ཤིས་བརྒྱད་པ་འདིར། དེ་བཞིན་གཤེགས་པ་བརྒྱད་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། བྱང་ཆུབ་སེམས་མ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་དང་། འཇིག་རྟེན་སྐྱོང་བ་བརྒྱད་པོ་འདི་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱང་དོན་གྱིས་མ་འདུས་མེད་པ་ལྟ་བུ་ཡིན་པས། འདི་ལྟར་གཞུང་དེ་འདོན་པ་དང་།གུས་པར་བྱས་ན་སྡིག་སྒྲིབ་ཐམས་ཅད་ཞི་ནས་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་ཅི་ལྟར་འདོད་པ་བཞིན་འཐོབ་པ་ལ་བསླུ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མདོ་སྡེ་དང་རྒྱུད་སྡེ་རྣམས་ལས་འདིར་བསྟན་གྱི་ལྷ་དེ་དག་བསྔགས་པའི་ཕྱིར་རོ། །སངས་རྒྱས་བརྒྱད་པོ་འདི་དག་ནི་ད་ལྟར་ཞིང་གང་ན་བཞུགས་ཤིང་འཚོ་གཞེས་པ་ཡིན་ཏེ། བཀྲ་ཤིས་པར་བྱེད་འདོད་པ་དེ་དག་གི་མཚན་བཟུང་བར་ཆེ་ཐང་དུ་བསྔགས་ཀྱང་སངས་རྒྱས་ཐམས་ཅད་ནི་དོན་ལ་ངོ་བོ་ཐ་དད་མ་ཡིན་ཏེ། སྒྱུ་མ་མཁན་བཟང་པོས་ཞུས་པ་ལས། བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་གྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང་། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །དེ་དག་ཐམས་ཅད་ཡོན་ཞེས་སྦྱོང་བར་མཛད། །ཀུན་ལ་ཕུལ་བའང་འབྲས་བུ་ཆེ་བར་འགྱུར། །དེ་ཀུན་ཆོས་ཉིད་དག་ལ་མཉམ་པ་བརྙེས། །སངས་རྒྱས་རྣམས་ལ་ཐ་དད་བྱ་བའང་མེད། །ཅེས་གསུངས་པ་བཞིན་ནོ། །
དེས་ན་མདོར་བསྡུས་པ་འདི་ཙམ་རེ་ཞིག་སྤྱན་ལམ་དུ་གཟིགས་འབེབས་ཙམ་དུ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ་ལོ། །

Leave a Reply

Your email address will not be published. Required fields are marked *