མི་རྟག་པའི་གླུ།
——-དཔལ་དགྱེས་པ་རྡོ་རྗེས
དུས་དང་ཡུལ་གྱི་འགྱུར་བ་མི་རྟག་པ།།
སེམས་དང་ཁམས་ཀྱི་ཕྲེང་བ་མི་རྟག་པ།།
ཕྱི་སྣོད་ནང་བཅུད་ཐམས་ཅད་མི་རྟག་ཀྱང་།།
གསང་བའི་གཉུག་མའི་ཡེ་ཤེས་རྟག་པར་རྒྱལ།།
གྲོགས་དང་ལས་ལ་མི་རྟག་སྐད་ཅིག་འགྱུར།།
ཆོས་བརྒྱད་བྱིས་པའི་རྩེད་མོ་མི་རྟག་པ།།
བཟང་ངན་སྒྲོ་བཏགས་མ་ལུས་འཇའ་བཞིན་ཡལ།།
རྟག་པ་འཇའ་ལུས་འཕོ་ཆེན་རིན་པོ་ཆེ།།
རྙེད་པ་མི་རྟག་འཛད་པའི་ཕོ་ཉ་ཡིན།།
བདེ་བ་མི་རྟག་སྡུག་བསྔལ་སྣོན་མ་ཡིན།།
གྲགས་པ་མི་རྟག་བྲག་ཆ་ཧ་བོ་ཡིན།།
བསྟོད་པ་མི་རྟག་སྨད་སའི་རྩ་བ་ཡིན།།
མཁས་པ་མི་རྟག་གླན་པའི་ང་རྒྱལ་ཆེ།།
བླུན་པོ་མི་རྟག་མཁས་པའི་གོ་སར་ཕྱིན།།
ཐམས་ཅད་མི་རྟག་འཇིག་རྟེན་འཁོར་བ་པ།།
འདུས་པ་མི་རྟག་འབྲལ་བའི་རང་བཞིན་ལ།།
བསགས་པ་མི་རྟག་འཛད་པའི་གར་ལ་ལྟོས།།
མཐོ་བ་མི་རྟག་སྒྱུ་མའི་གྲོང་དུ་འཁྱམས།།
འཁོར་དང་ལོངས་སྤྱོད་མི་རྟག་འཇིག་པའི་ཆོས།།
ཐོབ་དང་གོ་ས་དབང་ཐང་མི་རྟག་པ།།
མཛའ་བའི་གཉེན་ཀྱང་མི་རྟག་དགྲ་རུ་ལོག།
སྡང་བའི་དགྲ་ཡང་མི་རྟག་གྲོགས་སུ་གྱུར།།
མདོར་ན་གནས་ལུགས་རང་ཞལ་མ་མཐོང་བར།།
གང་ལ་བསམ་ཡང་མི་རྟག་ཁོ་ནར་འདུག།
དང་པོ་མི་རྟག་པ་ཉིད་གོམས་པའི་མཐུས།།
བར་དུ་ངེས་འབྱུང་རྣལ་མའི་གྲོགས་དུ་ཤར།།
མཐར་ཐུག་རྟག་པ་དམ་པའི་ཕ་རོལ་ཕྱིན།།
ཆོས་ཀྱི་སྙིང་པོ་མི་རྟག་སྒོམ་པ་ཡིན།།
ཆོས་མིག་དག་པས་ལས་འབྲས་ཚུལ་བཞིན་སྲུང་།།
ཆོས་ལ་དོན་དུ་གཉེར་བའི་ཆོས་མཆེད་ངོར།།
ཆོས་ཉིད་བདེན་སྨྲ་ཤྲཱིས་དེ་སྐད་ཐལ།།
འདིར་སྨྲས་དགེ་བས་བདག་བཞན་འགྲོ་བ་ཀུན།།
ཀུན་བཟང་རྫོགས་པ་ཆེན་པོའི་དོན་རྟོགས་ནས།།
ཆོས་དབྱིངས་གདོད་མའི་རང་གཤིས་མྱུར་མཇལ་ཞིང་།།
བདེ་ཆེན་རྟག་པའི་ཆོས་ལ་རོལ་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ས་ཕག་རྒྱལ་ཟླའི་ཡར་ཚེས་གཅིག་གི་རྨི་ལམ་དང་ཆོས་མཆེད་དམ་པ་ཚེ་དབང་རིན་པོ་ཆེས་སྐུལ་མ་ལྟར་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་སྨྲས་པར་དགེའོ།། །།