སྲོག་ཆག་གྲོ་མ་མིག་མེད་ལ་སྦྱིན་པ་གཏང་ན་དགེ་རྩ་འདི་ལྟར་གཟིགས་དང་།
༈ ཟས་སྦྱིན་འདིའི་ཁུངས། མདོ་རྔ་བོ་ཆེ། འོད་ཟེར་ཅན། ཕལ་བོ་ཆེ་རྣམས་སུ་གསུངས།
སྦྱིན་བྱའི་ཁ་ཟས་ལའང་ཉ་དང་བྱ་རིགས་དག་གི་ཟན་ལ་གཙང་རྩོག་ཆེར་མེད་ཅིང་སྦྱིན་དུས་ནམ་གྲུབ་ལས་མི་འདུག གྲོག་མའི་ཁ་ཟས་ནི་དབྱར་ཟླ་གསུམ་བཅོ་ལྔ་ལྟ་བུ་ལ་ཕྱེ་ཕུད་གཙང་ཞིང་ཁ་རླངས་མ་ཤོར་བ། དཀར་གསུམ་མངར་གསུམ་སྣུམ་རིགས་རྣམས་དང་ཆང་སིད་སྦང་མ་སོགས་སྐྱུར་རིགས་དང་ཡང་མ་འདྲེས་པ། སྣོད་ཡང་གཙང་མ་རུ་བླུག བྱིན་རྟེན་སྦྱར་བའམ་གཟུངས་ཆུས་ཕྱེ་སྐྱ་བུལ་ཙམ་བྱས་ཏེ་གྲོག་ཚང་གི་སྟེང་དང་ནང་མིན་པར་ཕྱིའི་ཉེ་སར་གཏོང་དགོས།
འདིར་སྲོག་ཆགས་གང་དག་ལ་སྦྱིན་པའི་ཚུལ། ༡ སྤྱིར་སྦྱིན་ཡུལ་འདི་རྣམས་ཀྱི་མཚོན་མཁའ་ཁྱབ་སེམས་ཅད་ཐམས་ཅན་ཀུན་ལ་རང་རང་སྡུག་བསྔལ་གང་གིས་མནར་བ་ལས་ཐར་ཅིང་གནས་སྐབས་མཐར་ཐུག་གིས་ཕན་བདེ་ཅི་འོས་གང་འཚམ་ཐོབ་ཐབས་སུ་གསུང་མཆོག་ཡི་རྒྱལ་པོ་ཡི་གེ་དྲུག་མའི་ཆོས་ཀྱི་སྦྱིན་པ་དང་། ༢ དམ་རྫས་མྱོང་གྲོལ་སོགས་ཀྱིས་བྱིན་ཕབས་པའི་ཁ་ཟས་གཙང་མ་ཇི་ལྟར་འོས་པའི་ཟང་ཟིང་གི་སྦྱིན་པ་དང་། ༣ སྦྱིན་ཡུལ་འགྲོ་བ་རྣམས་བདེ་སྐྱིད་ཕུན་ཚོགས་ཀྱིས་འཚོ་བའི་ཆེད་ཟས་གང་སྦྱིན་ལ་བརྟེན་དེར་ལྟོས་མི་འཇིགས་པ་སྲོག་གི་སྦྱིན་པ་དང་། ༤ འདིར་འབྲེལ་དེ་དག་ཀུན་ཀྱང་ཡིད་འོང་བདེ་དགའ་མཆོག་ལ་འགོད་འདོད་ཀྱིས་སྨོན་ཚིག་ལེགས་པར་བརྗོད་ཅིང་བྱམས་པའི་སྦྱིན་པ་དང་བཞི་པོ་ཚང་བའི་སྒོ་ནས་དེང་སྐབས་སྲོག་ཆགས་མང་ཙམ་ལ་
ཁ་ཟས་ལེགས་སྦྱིན་གྱི་བསོད་ནམས་བསགས་པའི་སྒོ་འདིའི་ཕ࿆ན་ཡོ࿆ན་ཡང་ ༡ གནས་སྐབས་སྦྱིན་བདག་ལ་སྔོན་ལས་ངན་པ་ལན་ཆགས་བུ་ལོན་ལྕི་བ་ན་ཚའི་རིགས་ད་ལྟའི་ལུས་ཐོག་ཏུ་སོས་ཐབས་དཀའ་བ་རྣམས་ཀྱང་དེ་འཕྲལ་ཞི་བ་དང་།༢ ཚེ་འདིར་ཁ་རྗེ་ཉམས་པ་དབང་ཐང་རྒུད་པ་མི་འདོད་པ་ཐོགས་བབས་སོགས་ཀྱང་འཕྲལ་བཟློག་ལ་ནུས་ཤུགས་ཆེ་ཞིང་རྐྱེན་ངན་སེལ་བྱེད་ཀྱི་ཐབས་རིམ་བཟང་ཤོས་ཡིན་ལ། ༣ དེ་བརྟེན་སྦྱིན་པའི་མཐུ་ཆེན་པོ་ཉེ་བར་རྫོགས་པའི་ཆ་རྐྱེན་མཆོག་ཏུ་གྱུར་ནས་བསོད་ནམས་ཆེས་ཁྱད་པར་བའི་ཕུང་པོ་བསགས་པ་སྟོབས་ལྡན་དུ་ལེགས་པར་གྲུབ་སྟེ་ཚེ་མཇུག་བྱ་བ་ལམ་འགྲོ་གེགས་མེད་ཀྱི་མཐར་ཕྱི་མའི་དུས་སྐབས་སུའང་ཡང་དག་ཆ་རྐྱེན་བཟང་པོ་འབའ་ཞིག་གིས་མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པར་རིང་འགོར་མི་དགོས་ཤིང་བྱ་ཐབས་སླ་བས་ཆེས་ཉེ་ཁྱད་པར་ཅན་གྱི་སྒོ་ནས་གོ་འཕང་མཆོག་དབང་བ་ལ་བརྟེན་རང་གཞན་དོན་གཉིས་རླབས་པོ་ཆེ་ཕྱོགས་དུས་ཐམས་ལ་རིས་སུ་མ་ཆད་པའི་གྲུབ་འབྲས་ཕུན་སུམ་ཚོགས་པ་ནམ་ཡང་མི་བསླུ་བའི་གོ་སྐབས་ལ་ཐེ་ཚོམ་བྱ་མི་འོས་པའི་ཕྱིར་ན་མདོ་རྒྱུད་དུ་མ་ལས་དེ་ལུགས་ལྟར་ཟས་སྦྱིན་འདི་ལ་ཕན་ཡོན་མང་དུ་གསུངས་པ་སྟེ་དེ་ཡང་བྱང་སེམས་ཀྱི་ཐུགས་བསྐྱེད་སྲོག་ཆགས་ལ་ཟས་སྦྱིན་སྐབས་ཀྱི་ཀུན་སློང་སྲིད་གསུམ་སེམས་ཅན་ཐམས་ཀུན་ལ་སྦྱིན་འདོད་ཀྱི་བསམ་པ་དང་དགེ་རྩ་འགྲོ་དོན་བླ་མེད་བྱང་ཆུབ་ཏུ་བསྔོ་བར་བྱས་ཤིང་དམ་རྫས་ཁྱད་འཕགས་དང་ཆོས་སྦྱིན་ཟབ་མོའི་སྟོབས་འཛོམ་པའི་ཐབས་དང་མ་བྲལ་ན་སེམས་ཅན་ལ་ཕན་ཐོགས་དེ་ལུགས་བཞིན་དང་། ནམ་ཞིག་བྱང་ཆུབ་གོ་འཕང་ཐོབ་བྱེད་ཀྱི་རྒྱུར་མི་བསླུ་བའི་ཚུལ་ཤེར་ཕྱིན་སྡུད་པ་ལས། བྱང་ཆུབ་སེམས་དཔའ་མཁས་པ་སྲིད་གསུམ་གྱི།།སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི།།བྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་བྱིན་ལ།།དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསློ།།ཞེས་གསུངས་པ་དང་། སྦྱིན་པས་ཡི་དྭགས་ཀྱི་སྒོ་ཆོད་ཅིང་དབུལ་ཕོགས་ཉོན་མོངས་པ་སེལ་ནས་རྣམ་སྨིན་ལོངས་སྤྱོད་མཐའ་ཡས་པ་རྒྱས་བཞིན་གཞན་སྡུག་བསྔལ་ཅན་མང་པོ་ཆོས་ཀྱི་རྒྱུད་སྨིན་པར་བྱེད་ནུས་ཚུལ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད།།དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅན་གཅོད།།སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར།།སྦྱིན་པས་སྡུག་བསྔལ་གྱུར་བའི་སེམས་ཅན་ཡོངས་སྨིན་བྱེད།།ཅེས་གསུངས་པ་ལྟར་ཉ་གྲོག་སོགས་སུ་ཁ་ཟས་ལན་ལ་རེ་བ་མེད་པར་སྦྱིན་གཏོང་གི་སྒོ་ཅི་ཙམ་ཕྱེ་ནུས་པ་དེ་ལུགས་བཞིན་ཕན་ཡོན་རྗེས་སུ་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་ནམ་ཡང་མི་བསླུ་བ་ལགས་སོ།།
བོད་ལོ༢༡༤༦:༣:༢༡ཉིན་རེ་སྐོང་ཟིལ་་ཏོག་ནས་ཟིན་བྲིས་སུ་བཏབ་པ་ཡིན།
༈ རྒྱ་གྲོག་ལ་ཟས་སྦྱིན་པའི་བསོད་ནམས།
1 ཡུལ་མི་བརྒྱ་ལ་སྦྱིན་པ་བས་སེར་མོ་རྟགས་འཛིན་ཙམ་ལ་གྲོ་དྲངས་པ་བསོད་ནམས་ཆེ། སེར་མོ་བརྒྱ་ལ་གྲོ་ཕུལ་བ་བས། རྒྱ་གྲོག་གྲོང་ཁྱེར་གསོ་བར་བསོད་ནམས་ཆེ། རྒྱ་གྲོག་གྲོང་ཁྱེར་ལ་དམྱལ་བ་ཡི་དྭགས་དུད་འགྲོ་ཐམས་ཅད་ཚང་།
2 རྒྱ་གྲོག་གཅིག་གསོས་ན་ཕན་ཡོན་མདོ་སྡེ་བརྒྱ་ཚར་གཅིག་དང་མཉམ། བཅུ་གསོས་ན་བཀའ་འགྱུར་ཚར་གཅིག་དང་མཉམ། སྟོང་གསོས་ན་བཀའ་འགྱུར་ཚར་བཅུ་དང་མཉམ། ཁྲི་གསོས་ན་ཐུན་མོང་གྲུབ་ཐོབ། འབུམ་གསོས་ན་མཆོག་གི་དངོས་གྲུབ་ཐོབ། བྱེ་བ་གསོས་ན་སྟོང་འཁོར་ལོས་སྒྱུར་རྒྱལ་འགྱུར། རྒྱ་གྲོག་རྒྱུན་དུ་གསོས་ན་སྦྱན་རས་གཟིགས་དང་དགོངས་པ་མཉམ།
3 གནས་སྐབས་སྦྱིན་བདག་ལ་སྔོན་ལས་ངན་པ་ལན་ཆགས་བུ་ལོན་ལྕི་བ་ན་ཚའི་རིགས་ད་ལྟའི་ལུས་ཐོག་ཏུ་སོས་ཐབས་དཀའ་བ་རྣམས་ཀྱང་དེ་འཕྲལ་ཞི་བ་དང་། ཚེ་འདིར་ཁ་རྗེ་ཉམས་པ་དབང་ཐང་རྒུད་པ་མི་འདོད་པ་ཐོགས་བབས་སོགས་ཀྱང་འཕྲལ་བཟློག་ལ་ནུས་ཤུགས་ཆེ་ཞིང་རྐྱེན་ངན་སེལ་བྱེད་ཀྱི་ཐབས་རིམ་བཟང་ཤོས་ཡིན་ལ། དུས་གྱི་ཚེ་སྐག་བཟློག ལོ་དང་སྤར་ཁ་ངན་པ་བཟློག གསོན་པོའི་གཏོར་བཟློག དབུལ་སྲི་སྲིས་མི་ཆགས་པ། དགྲ་རྐུན་སོགས་བསྲུང་བའི་རིམ་གྲོ། གཤིན་པོ་ཕ་མ་ཉེ་འབྲེལ་ཤི་བའི་ཆོས་སྐལ་ལ་ལྷ་རྟེན་དཀོན་མཆོག་གསུམ་མདུན་དུ་ཚེ་འབར་བཙུགས་པ་དང་འདྲ་གསུངས།
4 རྒྱ་གྲོག་ཆེ་བ་ལ་ཟས་སྦྱིན་ན། མི་བྱེ་བ་གསུམ་ལ་སྦྱིན་པའི་ཚད། འབྲིང་བ་མི་བྱེ་བ་གཅིག་གི་ཚད། ཆུང་བ་མི་དང་དུད་འགྲོ་བདུན་འགྱུར་གྱི་བསོད་ནམས་ཡོད།
5 དལ་འབྱོར་ཐོབ་པའི་རྐྱེན། ཕ་མའི་ཞབས་ཏོག་ཕན་ཡོན་ཆེ། དེ་བས་ལམ་ནོར་པ་སྟོན་པའི་བླ་མའི་ཞབས་ཏོག་ཕན་ཡོན་ཆེ། དེ་བས་རྒྱ་གྲོག་གྲོང་ཁྱེར་གཅིག་ལ་ཟས་སྦྱིན་ན་བསོད་ནམས་ཆེ།
༡ སྔོན་འདས་པའི་དུས་ན་ཤར་ཕྱོགས་གྲོང་ཁྱེར་ཆེན་པོ་གཅིག་ན་ར་རྫི་ཞིག་འདུག དེའི་ཐང་དཀྱིལ་ན་རྒྱ་གྲོག་འབུམ་ཚོ་ཙམ་འདུག་པ་ལ། དེར་སྦྱིན་པ་གཏོང་མི་མེད། ར་རྫིས་བཟའ་བ་ནི་ཟོས་ཚར། ཐང་ཁུང་སྤྲུག་ན་ནི་རྒྱ་གྲོག་རྣམས་ཐལ་བས་མཚང་འགྲོ་བསམ། དེའི་ཉིན་ཐབས་མ་རྙེད། ཕྱི་ཉིན་རྫི་གྲོ་ཟན་ལོག་གཅིག་ཡོད་པ་དེས་ཟན་ཕྱེ་བྱས་ཟར་བཅུག དེའི་འབྲས་བུ་ཕྱི་མ་ཁོང་རང་བན་དེ་སྐྱེ་བཟང་ཅན་གཅིག་ཏུ་སྐྱེས། སྔོན་ར་རྫིའི་དུས་ར་བསད་པ་དང་།བདག་པོ་ལ་ངན་བྱས་ར་རྣམས་རྩྭ་མེད་སར་འཚོས་པའི་ཉེས་པས་དབུལ་པོར་གྱུར།དེ་དུས་ཕྱོགས་མེད་དུ་འཁྱམས་ནས་སྤྲང་དུ་སོང་བར་གྲོང་ཁྱེར་མི་རྣམས་ཤ་རྩ་དམར་བ་ལུས་རིང་བ་གོས་དམར་པོ་ཅན་ཤིན་ཏུ་འཇིགས་པའི་ཡུལ་གྲུ་གཅིག་ལ་ཕྱིན། གཙོ་བོ་གཅིག་བྱུང་ནས་ཕྱག་འཚལ་ནས་ནང་དུ་སྤྱན་དྲངས་ནས་བླ་མཆོད་དུ་བཀུར་སྟི་བྱས།ནད་པ་སྲིའུ་གསོ་བ་སོགས་ལ་མཆིལ་མ་བཏབ་པས་ཆོག་པ་བྱུང་། ཟླ་བ་ཕྱི་མ་ལ་རྒྱལ་པོའི་སྐུ་བསྲུང་དུ་ཚུད། ཡུལ་དེའི་རྒྱལ་པོ་ཚེ་དུས་དེ་ལོ་ཡིན་པ་ལ་ལོ་དགུ་ཚེ་ཤུགས་ཐུབ། ཁོང་ཕྱིས་ཤེས་རབ་རྗེ་བཙུན་འཇམ་དབྱངས། སྙིང་རྗེ་སྦྱན་རས་གཟིགས། མཐུ་སྟོབས་ཕྱག་རྡོར། ལོངས་སྤྱོད་རྒྱལ་པོ་དང་མཉམ་པ་བྱུང། དེར་གྲོང་ཁྱེར་དེའི་རྒྱལ་པོ་སྔོན་རྒྱ་གྲོག་རྒྱལ་པོ། བན་དེ་ར་རྫི། བཀུར་སྟི་ཕུན་ཚུམ་ཚོགས་པ་ནི་ཟས་སྦྱིན་པའི་འབྲས་བུ་ཡིན་གསུངས།
༢ ཡང་སྔོན་རྫི་བོ་ཕོ་མོ་གཉིས་ཀྱི་རྫི་གྲོ་རྒྱ་གྲོག་ལ་སྦྱིན་འབྲས་སྐྱེ་བ་ཕྱི་མར། རྒྱལ་པོ་ཁག་གཉིས་ཀྱི་བུ་དང་བུ་མོར་སྐྱེས་ནས། སྐྱི་བ་དེར་རྒྱལ་སྲིད་མཉམ་དུ་བྱས་ལུས་ལ་ན་རྒྱུ་ཅུང་མང་བ་སྔོན་ཕྱེ་གཙང་མ་མ་བྱས་པའི་ལན་ཡིན་ཟེར། དེ་འདྲའི་ཕན་ཡོན་མང་པོ་སྔོན་གྱི་བླ་མ་རྣམས་ཀྱི་གསུངས་ན་འདུག
1 སྤྱིར་སྦྱིན་པའི་ཕན་ཡོན། མགོན་པོ་ཀླུ་སྒྲུབ་ཀྱིས། ཡི་དྭགས་ཁྱི་དང་གྲོག་སྦུར་དང་།།བྱ་ལ་སོགས་པ་ཅི་བདེ་བར།།རྟག་ཏུ་ཟས་དག་སྩོལ་བར་མཛོད།།སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་སོགས་དང་༴ ལྷ་མི་དགའ་བར་འགྱུར་བ་དང་།།དེ་དག་ཀྱང་ནི་སྲུང་བ་དང་།།ཡིད་བདེ་བ་དང་བདེ་མང་དང་།།དུག་དང་མཚོན་གྱིས་མི་ཚུག་དང་།།འབད་པར་མེད་པར་དོན་ཐོབ་དང་།།ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ།།གལ་ཏེ་གྲོལ་བར་མ་གྱུར་ཀྱང་།།བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ།།ཞེས་དང་། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པ་ལས།།སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང༌། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་སེམས་ཅན།། རང་དོན་ལྷུར་ལེན་ཉིད་དུ་འགྱུར་བ་གང༌། །དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས། །སྡུག་བསྔལ་ཉེར་ཞིའི་རྒྱུར་གྱུར་སྦྱིན་ལས་འབྱུང༌།།ཞེས་སོགས་མང་།
2 སྤྱིན་ཡུལ་ཁྱད་པར་པ་བྱིན་པའི་ཕན་ཡོན་ལྷར་པར་ཆེ་ཚུལ། དཔེར་ན་མི་བརྒྱགས་པ་བརྒྱ་ལ་སྦྱིན་པ་ལས་བཀྲེས་པ་གཅིག་ལྷག ཕྱུག་པོ་བརྒྱ་བས་དབུལ་བོ་གཅིག་ལྷག བཙན་པོ་བརྒྱ་ལས་ཉམས་ཆུང་གཅིག་འགྱུར་ཆེ། ཡུལ་མི་བརྒྱ་ལ་ཁ་ཕན་བཏགས་ནས་སྐྱིད་སྡེབས་བྱས་པ་ལས། རྒྱུས་མེད་འུ་ཐུག་གཅིག་ལ་ལམ་བསྟན་པ་ཕན་ཡོན་ཆེ།
མགོན་པོ་ཀླུ་སྒྲུབ་ཀྱིས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད།།ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས།།དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ།།དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི།།
སྤྱོད་འཇུག་ལས། རྟག་པར་མངོན་ཞེན་གྱིས་བསླང་བའམ། ། གཉེན་པོ་ཡིས་ནི་བསླང་བ་ཉིད། ཡོན་ཏན་དང་ནི་ཕན་འདོགས་ཞིང་། །སྡུག་བསྔལ་བ་ལ་དགེ་ཆེན་འགྱུར། ། ཞེས་གསུངས།
3 གྲོག་སྦྱིན་འདི་བླ་མ་ལ་མཆོད་པ་ལས་ཀྱང་ཕན་ཡོན་ཆེ་གསུངས་དོན། སྤྱོད་འཇུག་ལས། གང་ཕྱིར་སྐུ་གཏོང་མནར་མེད་འཇུག་པ་ལ། །དེ་ལ་ཕན་བཏགས་ལན་ལོན་འགྱུར་བས་ན། །དེ་བས་འདི་དག་གནོད་ཆེན་བྱེད་ན་ཡང་། །ཐམས་ཅད་བཟང་དགུ་ཞིག་ཏུ་སྤྱད་པར་བྱ། །རེ་ཞིག་བདག་གི་རྗེར་གྱུར་ཉིད་ཀྱང་ནི། །གང་ཕྱུར་རང་གི་སྐུ་ལའང་མི་གཟིགས་པ། །དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན། །ང་རྒྱལ་བ་ཞིང་བྲན་གྱི་དངོས་མི་བྱ། །གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཞེས་གསུགས་དང་། ཡང་ལུང་གཞན་ལས། མཉེས་པ་གསུམ་གྱི་ནང་ནས་སྒྲུབ་པ་མཆོག་ཞེས་པའི་སྒྲུབ་བྱ་ཆོས་ཡིན་པ་དང་། ཆོས་ནི་མདོར་ན་མི་འཚེ་བ་གསུངས་པས་དམ་པ་རྣམས་ཀྱི་ཐུགས་བཞེད་མཐའ་ཐུག་དང་མཆོད་པ་བླ་མེད་པའང་དངོས་སམ་ཡང་ན་བརྒྱུད་ཀང་རུང་། །སེམས་ཅན་དོན་ལས་གཞན་མི་སྤད། ། སེམས་ཅན་ཁོ་ནའི་དོན་གི་ཕྱིར། ། ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།།ཞེས་གསུངས་པ་བཞིན་སེམས་ཅན་ཕན་པ་སྒྲུབ་པ་འདི་ཁོ་ན་ཡིན་པས་དེ་ལྟར་གསུངས་པ་ཡིན་ནམ་སྙམ།བོད་ལོ༢༡༤༦:༣:༢༡ཉིན་རེ་སྐོང་ཟིལ་ཏོག་ནས་ཟིན་བྲིས་སུ་བཏབ་པ་ཡིན།