ལྟ་མགུར་ཤཱཀྱའི་མེ་ལོང་།
ལྟ་མགུར་ཤཱཀྱའི་མེ་ལོང་།
ན་མོ་མ་ཧཱ་གུ་རུ་ཤཱཀྱ་མུ་ནེ་ས་མནྟ་བྷ་དྲ་ཡེ།།
ཀ་དག་རིག་པ་ཟང་ཀ་རྒྱ་ཡན་གྱི་ཀློང་ན།།
ཡེ་གྲོལ་སྤྲོས་བྲལ་ངང་དུ་ཕྱམ་ཕྱམ་དུ་སྐྱོང་ཚེ།།
ཀུན་རྟོག་བཅོས་མའི་ལྷན་པ་དཀར་ནག་དེས་ཅི་བྱ།།
གུ་ཡངས་བློ་བདེས་འཚོ་བའི་རྣལ་འབྱོར་ཉིད་སྐྱིད་པ།།
ལྷུན་གྲུབ་རིག་པ་འོད་གསལ་གཞི་སྣང་གི་ངང་དུ།།
སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་རང་བཞིན་དག་ཤར་ཚེ།།
བསྐྱེད་རྫོགས་བྱེད་རྩོལ་ངལ་བས་བྲེལ་བ་དེས་ཅི་བྱ།།
རང་གྲོལ་ཞིང་ཁམས་མཇལ་བའི་རྣལ་འབྱོར་ཉིད་སྐྱིད་པ།།
གང་ཤར་རིག་པ་ཀུན་བཟང་རྒྱལ་བ་ཡི་དགོངས་པ།།
འགྱུ་དྲན་ཤེས་པ་ཀུན་གཞིའི་བདེ་ཆེན་དུ་མཐོང་ཚེ།།
ཟག་བཅས་ངལ་བས་བསྐྲུན་པའི་ཕྱག་རྒྱ་དེས་ཅི་བྱ།།
གཅེར་གྲོལ་གྲོལ་ལམ་རྫོགས་ཆེན་རྣལ་འབྱོར་ཉིད་སྐྱིད་པ།།
རང་ཤར་མཐོང་གྲོལ་རིག་པ་ཡེ་ཤེས་ཀྱི་བླ་མ།།
བློ་འདས་ལྟ་བ་རྣམ་དག་མཉམ་ཉིད་དུ་གནས་ཚེ།།
ཟབ་ཞི་སྤྲོས་བྲལ་བརྗོད་པའི་ཞལ་གཡང་དེས་ཅི་བྱ།།
ཀུན་བཟང་རིག་འཛིན་བརྒྱུད་པའི་ཕ་རྒན་ཉིད་སྐྱིད་པ།།
སྣང་སྟོང་བདེན་གཉིས་རིག་པ་རྟག་ཆད་དུ་མ་གོལ།།
བདེ་སྟོང་ཡེ་ཤེས་ཉག་གཅིག་བརྗེན་གཅེར་དུ་རོལ་ཚེ།།
རིག་སྟོང་སངས་རྒྱས་ཡེ་ཤེས་དཀའ་སྤྱད་དེས་ཅི་བྱ།།
ཁྱབ་བདག་སྟོན་པའི་གཉུག་མའི་རྣལ་འབྱོར་ཉིད་སྐྱིད་པ།།
ངོས་ནི་སྨྱོན་པ་ལས་ཀྱང་ཡང་སྨྱོན་གྱི་ཁ་ན།།
གདམས་ངག་ལམ་སྟོན་ཞེས་པ་རི་རྭ་ལས་དཀོན་ཀྱང་།།
རིག་འཛིན་བཀའ་གཏེར་གླེང་བའི་དགའ་ཚལ་གྱི་མཐའ་ནས།།
ཤུགས་འབྱུང་བདེན་བཞིའི་གླུ་འདི་རྩོལ་མེད་དུ་ཤོར་ཐལ།།
ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་མཁས་གྲུབ་གཉིས་ལྡན་གྱི་རྣལ་འབྱོར་བ་དོལ་པོ་ཤཱཀྱ་མཆོག་གིས་བདུད་འཇོམས་གཏེར་གསར་གླིང་དུ་ངོས་ལ་དགོངས་གསོལ་གནང་བ་ལ་རྒྱལ་ཁམས་གྱི་མུ་ཏོ་བ་ཤྲཱིཿཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་ཆོས་སྒར་གྱི་ཨེ་ཝཾ་ཛྙཱ་ན་གུ་རུ་ལྷ་ཁང་ནས་བྱ་བྱེའུའི་མགྲིན་པའི་དབྱངས་སྙན་དང་མཉམ་དུ་གླུ་རུ་བླངས་པས་ཆོས་མཆེད་དམ་པ་དགྱེས་པའི་རྒྱུ་རུ་གྱུར་ཅིག་གུ།། ཤྲཱིཿསརྦ་བི་ཛ་ཡནྟུ།།