ཡེ་སྟོང་གཞི་གྲོལ་མཉམ་པ་ཆེན་པོའི་ཀློང་།།
ཡེ་སྟོང་གཞི་གྲོལ་མཉམ་པ་ཆེན་པོའི་ཀློང་།།
འཁོར་འདས་འུབ་ཆུབ་ཕྱོགས་ལྷུང་ཀུན་དང་བྲལ།།
རིག་སྟོང་མི་ཤིགས་གདོད་མའི་ངོ་བོ་ཉིད།།
ཀུན་བཟང་ཆོས་སྐུའི་བླ་མ་ཁྱེད་མཁྱེན་ནོ།།
རང་སྣང་ཡེ་ཤེས་གསལ་བའི་ཉི་མ་ཤར།།
ལྷུན་གྲུབ་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་བཀྲ།
སྤྲོ་བསྡུས་སྤྱི་དཔལ་དབྱིངས་སྣང་ལྔ་ལྡན་པའི།།
རང་བཞིན་ལོངས་སྐུའི་བླ་མ་ཁྱེད་མཁྱེན་ནོ།།
གང་འདུལ་འགྲོ་བའི་མོས་ཁམས་རྒྱ་མཚོའི་རྡུལ།།
སོ་སོར་མ་འདྲེས་ཇི་བཞིན་མཁྱེན་གྱུར་པའི།།
རྩོལ་མེད་དཔག་ཡས་འདྲེན་པའི་མཐུ་མངའ་བའི།།
ཁྱབ་བརྡལ་སྤྲུལ་སྐུའི་བླ་མ་ཁྱེད་མཁྱེན་ནོ།།
སྒྱུ་འཕྲུལ་དྲྭ་བའི་ལམ་གསང་ཤེས་པ་ལ།།
ཐོས་པ་མ་ཡིན་བསྒོམ་དང་བསམ་པས་མིན།།
བླ་མའི་མན་ངག་གཅིག་པས་རྟོགས་གྱུར་པའི།།
ཡེ་ཤེས་མངོན་སུམ་སྟོན་ལ་གསོལ་བ་འདེབས།།
སྣང་སྲིད་བླ་མར་ཤར་བའི་བསྐྱེད་རིམ་དང་།།
ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་ལ།།
འདུས་ཕྱིར་དད་དམ་འགྱུར་བ་མེད་པའི་ངང་།།
མཚུངས་མེད་ཐུགས་རྗེས་གཏེར་ལ་གསོལ་བ་འདེབས།།
ས་དང་ལམ་གྱི་གལ་གནད་མཐར་ཐུག་པ།།
ཞེ་ས་མ་ཡིན་ཚུལ་འཆོས་ངོ་སྲུང་མིན།།
བླ་མར་རྩེ་གཅིག་མོས་གུས་རག་ལས་ཕྱིར།།
རྫོགས་སངས་ཡོན་ཏན་བརྒྱན་ལ་གསོལ་བ་འདེབས།།
ས་ལམ་འབྲས་བུ་མྱུར་ཏུ་ཐོབ་འདོད་ན།།
ཚོགས་བསགས་མ་ཡིན་རྟེན་མཆོད་སྒྲིབ་སྦྱང་མིན།།
བླ་མའི་ཞབས་ཏོག་ཁོ་ནར་རག་ལས་ཕྱིར།།
འདྲེན་མཆོག་དཔལ་ལྡན་བླ་མར་གསོལ་བ་འདེབས།།
ཚེ་གང་བཅོས་མའི་ལམ་གྱི་འདུལ་ཁྲིམས་ཀྱིས།།
རང་རྒྱུད་གཅུན་ཏེ་ཚུལ་ཁྲིམས་བསྲུང་ན་ཡང་།།
ཉོན་མོངས་གཡུལ་ངོ་བཟློག་པར་དཀའ་བས་ན།།
ཆོས་ཀྱི་འོད་སྣང་བརྡལ་ལ་གསོལ་བ་འདེབས།།
གཞན་ཕན་སེམས་ཀྱིས་འགྲོ་བ་འདྲེན་བྱེད་པའི།།
དོན་གཉིས་ལམ་ལ་འབད་པ་བྱས་ན་ཡང་།།
རྣམ་དག་བྱང་ཆུབ་རྒྱུད་ལ་འབྱུང་དཀའ་བས།།
བྱང་སེམས་ངང་གིས་འདྲེན་ལ་གསོལ་བ་འདེབས།།
སྣང་སྲིད་འཁོར་འདས་ཆོས་རྣམས་རྣམ་དག་པའི།།
ལྷ་སྔགས་ཆོས་ཉིད་རོལ་པར་བསླབ་ན་ཡང་།།
འཛིན་ཞེན་ཕྲ་མོ་དབྱིངས་སུ་ནུབ་དཀའ་བས།།
དགོངས་པ་ནམ་མཁའ་འདྲ་ལ་གསོལ་བ་འདེབས།།
ཚེ་འདིར་བྲེལ་དོས་ལས་ལ་ཆེར་གཡེང་བའི།།
རྣམ་སྨིན་མཁན་གྱིས་ལྗོངས་འདིར་གང་བའི་ཚེ།།
དམ་ཆོས་ཉི་མའི་དྲོད་ཁོལ་འབུམ་བརྡལ་བའི།།
གང་སྐུ་ཉི་མ་འདྲ་ལ་གསོལ་བ་འདེབས།།
རྒྱལ་གསུང་ཟབ་མོའི་གནས་རྣམས་བཤད་ཡམས་སུ།།
ཅི་བཞིན་མི་འཇོན་ཆོས་གྲྭའི་གང་ན་ཡང་།།
མདོ་རྒྱུད་ལམ་གྱི་དཀའ་གནད་ཀུན་བྲལ་བའི།།
གསུང་རབས་སྒྲོ་འདོགས་གཅོད་ལ་གསོལ་བ་འདེབས།།
མ་ངེས་གྲུབ་རྫུ་སྨྱོན་པའི་བཏུལ་ཞུགས་ཀྱིས།།
ལས་འབྲས་ཁྱད་གསོད་མི་དགེའི་བཤེས་གཉེན་རིགས།།
རྣམས་མང་འགྲོ་བ་བསླུ་བའི་དུས་སྐབས་འདིར།།
མཁྱེན་པའི་ཡེ་ཤེས་འབར་ལ་གསོལ་བ་འདེབས།།
བཀའ་གཏེར་ཟུང་གི་ཆོས་བརྒྱུད་དབྱིངས་སུ་ཡལ།།
མདོ་སྒྱུ་སེམས་གསུམ་གླེགས་བམ་ཁྲོད་དུ་ལུས།།
གར་དབྱངས་ཐིག་སོགས་ཁྲོམ་དུ་བཤམས་དུས་འདིར།།
བཀའ་གཏེར་བསྟན་པའི་བདག་པོར་གསོལ་བ་འདེབས།།
གཞུང་ལུགས་ཐང་མར་བརྡལ་བའི་མཁས་འདོད་ཚོའི།།
འཆད་རྩོད་རྩོམ་གྱི་སྒྲ་བརྒྱ་སྒྲོགས་ན་ཡང་།།
རྐྱེན་ངན་བྱུང་ཚེ་ཐ་མལ་པ་དང་མཚུངས།།
གང་སྣང་གྲོགས་སུ་འཆར་ལ་གསོལ་བ་འདེབས།།
དུས་ཀྱི་དྲག་རླུང་འཚུབ་པའི་གནས་སྐབས་འདིར།།
བློ་གཏོད་ཁེལ་བ་སུ་ཡང་མི་འདུག་པས།།
བླ་མར་བསྟེན་ཡུན་རིང་བའི་དགོངས་སྤྱོད་ཀྱིས།།
གདམས་ངག་ཉན་ཡུན་རིང་བར་གསོལ་བ་འདེབས།།
ཕྱི་ནས་ཐོས་པའི་སྒྲོ་འདོགས་གཅོད་མི་དགོས།།
ནང་ནས་ཉམས་ལེན་མར་ཁུ་འཕྱུར་མི་དགོས།།
གསང་བ་རིམ་གཉིས་ལམ་ལ་བསྟེན་མི་དགོས།།
གསང་གསུམ་བླ་མར་འདུས་ལ་གསོལ་བ་འདེབས།།
མཚན་རྫོགས་དཔེ་བྱད་ཅན་ལ་རེ་མི་དགོས།།
མངོན་ཤེས་ཡོན་ཏན་འབར་ལ་ལྟོས་མི་དགོས།།
ཇི་ལྟ་ཇི་སྙེད་མཁྱེན་པའི་མཐུ་མངའ་བའི།།
དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས།།
དེང་དུས་ཆོས་བརྒྱད་མཁན་ཀྱི་ས་སྟེང་གང་།།
གཞན་མགོ་གཡོག་པའི་ནེ་ཙོའི་ལྕེ་ལྡན་ཚོས།།
ལྟར་སྣང་ཆོས་པའི་ཨོ་ཟོབ་བྱེད་དུས་འདིར།།
མི་ལ་གཉིས་པར་གྲགས་ལ་གསོལ་བ་འདེབས།།
བསྟན་པའི་རྩ་བ་བོར་བའི་ཆོས་གཟུགས་ཚོའི།།
བསྟན་པ་རྙེད་དང་བཀུར་སྟི་ཞེས་འུར་ནས།།
བྱ་མང་དོན་མང་གནས་ལ་ལྷུར་ལེན་སྐབས།།
ཀུན་སྤང་བྱ་བྲལ་བླ་མར་གསོལ་བ་འདེབས།།
དུས་གསུམ་རྒྱལ་བ་གསོལ་ཞིང་མཆོད་པ་ལས།།
མགོན་པོ་ཁྱེད་ཀྱི་བ་སྤུའི་བུ་ག་ཙམ།།
དྲན་པའི་དངོས་གྲུབ་བྱིན་རླབས་ཆེས་མྱུར་བའི།།
བྱིན་རླབས་མཚུངས་པ་མེད་ལ་གསོལ་བ་འདེབས།།
མདོར་ན་ད་ནས་སྐྱེ་བ་ཐམས་ཅད་དུ།།
བསམ་རྒྱུ་བླ་མ་མ་གཏོགས་མེད་པ་དང་།།
བསྒོམ་རྒྱུ་མོས་གུས་མ་གཏོགས་མེད་པ་ཡི།།
བླ་མའི་ཐུགས་དང་འདྲེས་པར་གསོལ་བ་འདེབས།།