February 2022

ཤཱཀྱ་ཐུབ་པས་བོད་ཡུལ་གྱི་བླ་སྤྲུལ་དག་ལ་ཇི་སྐད་དུ།

ཤཱཀྱ་ཐུབ་པས་བོད་ཡུལ་གྱི་བླ་སྤྲུལ་དག་ལ་ཇི་སྐད་དུ།

རྩོམ་པ་པོ།   སྒེའུ་ཁུང་།

1  

ངས་གསར་གཏོད་བྱས་པའི་ཆོས་ལུགས་འདིས་མིའི་ནང་སེམས་ཀྱི་དགྲ་བོ་སྟེ།  འདོད་ཆགས།  ཞེ་སྡང་།  གཏི་མུག་བཅས་ལ་འཐབ་པར་བྱེད་མོད།  བོད་ཡུལ་གྱི་ངའི་རྗེས་སུ་འཇུག་པར་རློམ་པའི་མཁན་པོ་དང་སྤྲུལ་སྐུ་དག་གིས་ནི།  འདོད་ཆགས་ཀྱི་དབང་གིས་ཆུང་མ་བླངས།  ཞེ་སྡང་གི་དབང་གིས་གྱོད་ངར་བྱེད།   གཏི་མུག་གི་དབང་གིས་ཆོས་ལ་སློབ་སྦྱོང་མི་བྱེད།  ཁྱེད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།  

ང་ནི་སངས་རྒྱས་ནས་རིང་བོར་མ་ལོན་པའི་དུས་དེ་ན།  རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པས་བཀུར་སྟི་བསམ་གྱིས་མི་ཁྱབ་པ་བྱས་ནས་ཤིང་རྟའི་རིགས་སྣ་ཚོགས་བཤམས་ཏེ་ནང་དུ་བཞུགས་པར་གསོལ་བ་བཏབ་མོད།  ང་རྐང་ཐང་དུ་མ་གྷ་དྷ་རུ་སོང་བ་ཡིན།  ངའི་རྗེས་འཇུག་ཏུ་རློམ་པའི་བོད་ཡུལ་གྱི་བླ་ཆེན་དག་ནི་དམངས་སྒོར་ཁྲི་མང་པོ་ཅན་གྱི་རླངས་འཁོར་གྱི་ནང་དུ་འགྱིང་འདུག་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།

ང་སངས་རྒྱས་ནས་ཕྱིར་སེར་སྐྱའི་གྲོང་དུ་ལོག་དུས་ཡབ་རྒྱལ་པོ་ཟས་གཙང་དང་ཡུམ་སྐྱེ་དགུའི་བདག་མོ་སོགས་ཀྱིས་ཟས་སྣ་སྟོང་ཕྲག་མང་པོས་སྣེ་ལེན་བྱས་ཀྱང་།  ངས་བསོད་སྙོམས་ཀྱི་ཟས་ཙམ་མ་གཏོགས་མ་བཞེས།  བོད་ཡུལ་གྱི་ངའི་རྗེས་འཇུག་ཏུ་རློམ་པ་དག་གིས་ཤ་ཚོན་པོ་དང་ཟས་མངར་མོ་ཡོད་ཚད་ལ་རོལ་འདུག་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།  

ངས་ཟབ་མོ་ཆོས་ཀྱི་གནས་ལུགས་རྣམས་དགེ་སློང་དག་ལ་ནགས་ཀྱི་ཁྲོད་དུ་གསུངས་པ་ཡིན་མོད།  བོད་ཡུལ་གྱི་ངའི་རྗེས་འཇུག་ཏུ་རློམ་པ་རྣམས་ནི་རྒྱལ་པོའི་ཕོ་བྲང་ལས་བརྗིད་པའི་འདུ་ཁང་གི་ནང་དུ་ངའོ་དང་བཅས་ཏེ་ཞུགས་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན། 

5  

ང་ལ་ཡབ་རྒྱལ་པོ་ཟས་གཙང་གིས་གསེར་དངུལ་གྱིས་བསྐྲུན་པའི་ཕོ་བྲང་དུ་བཞུགས་པར་གསོལ་བ་བཏབ་མོད་ངས་དང་ལེན་མ་བྱས།  ངའི་རྗེས་འཇུག་ཏུ་ཁས་འཆེ་བའི་བྱང་ཕྱོགས་ཁ་བ་ཅན་གྱི་དགེ་སློང་དག་ནི་གསེར་ཁྲི་མཐོན་པོ་དང་ཁང་བཟང་བརྗིད་པོ་ཡི་ནང་དུ་བག་ཕེབས་ནས་ཞུགས་ཡོད་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།

ངས་ནི་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་དོར།  གཉེན་དང་ཉེ་བའི་འཆིང་ཐག་བཅད་ནས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཕྱིར་དུ་གཅིག་པུར་དབེན་པའི་ནགས་ཁྲོད་དུ་གཤེགས་ནས་ཆོས་ཉིད་ཞི་བའི་བདེན་པ་མངོན་དུ་བརྙེས།  ངའི་རྗེས་འཇུག་ཏུ་རློམ་པའི་བོད་ཀྱི་བླ་ཆེན་ངུར་སྨྲིག་གི་བླ་གོས་ཅན་དག་གིས་ནི།  རང་གི་ཁྱིམ་ཚང་གི་ཕྱིར་དུ་རྒྱུ་དང་འབྱོར་བ་སྒྲུབ།  གཉེན་དང་ཉེ་བ་ཡི་ཕྱོགས་བཟུང་ནས་གྱོད་དང་ཁ་མཆུ་བསླངས་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།

7  

ངའི་དགེ་སློང་གི་ནང་དུ་རྫུ་འཕྲུལ་དང་མངོན་ཤེས་ལ་མངའ་བརྙེས་པའི་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་སོགས་ཡོད་ཅིང་། སྐྱེ་བོ་རྣམས་ཆོས་ཟབ་མོའི་གནས་ལུགས་ཉམས་སུ་མི་ལེན་པར་མཐུ་དང་རྫུ་འཕྲུལ་ཙམ་གྱིས་ཡིད་བསླུ་བར་དགོངས་ནས་ཁོང་ཅག་ཞི་དུལ་གྱི་སྤྱོད་པ་འབའ་ཞིག་ལ་གནས་པར་གྱུར་མོད།  ངའི་རྗེས་སུ་འཇུག་ཏུ་རློམ་པའི་བོད་ཡུལ་གྱི་བླ་ཆེན་དུ་སྐད་པ་དག་གིས་ནི་གདུལ་བྱ་རྣམས་ལ་མི་ཆོས་བླ་མའི་རྫུན་གང་འདོད་དུ་བཤད་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།

8  

ངའི་དགེ་སློང་དག་གི་ནང་དུ་རིན་པོ་ཆེར་རེག་པ་དང་ཕྱི་དྲོའི་ཁ་ཟས་ལ་བག་མེད་དུ་ལོངས་སྤྱོད་མཁན་གཅིག་ཀྱང་མེད་མོད།  བོད་ཡུལ་གྱི་བླ་མ་དང་སྤྲུལ་སྐུ་ཕལ་མོ་ཆེས་དུས་ངེས་མེད་དུ་བཟའ་བཏུང་ལ་རོལ་བ་དང་།  རིན་པོ་ཆེའི་རིགས་ཏེ།  གསེར་གྱི་ཁྲི་རྩོད་པ་དང་།  རིན་ཐང་གཞལ་དུ་མེད་པའི་ནོར་ལོངས་སྤྱོད་ལ་བདག་ཏུ་འཛིན་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།

ང་དང་ངའི་དགེ་སློང་དག་ནི“གཤེ་ཡང་སླར་མི་གཤེ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་བརྡེག་པ། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ”བཅས་ཀྱི་དགེ་སྦྱོང་གི་ཆོས་བཞི་ལ་ནམ་ཡང་གནས་པར་་གྱུར་མོད།  ངའི་རྗེས་འཇུག་ཏུ་ཁས་འཆེ་བའི་གངས་རིའི་ལྗོངས་ཀྱི་བླ་ཆེན་སྤྲུལ་ཆེན་རྣམས་ཀྱིས་ནི།  གྲུབ་མཐའ་དང་ཆོས་བརྒྱུད་བརྩད།  དགོན་པ་དང་མཆོད་གཞིས་བརྩད།  ཁྲི་རྐང་གི་མཐོ་དམན་བརྩད།  དམག་འཁྲུག་གི་མེ་ལྕེ་མཆེད།  མི་གསོད་ཀྱི་སྦྱོར་བ་སྤེལ།  ཀྱི་ཧུད་ངས་འཇིག་རྟེན་འདིར་གསར་དུ་བཏོད་པའི་རྣམ་གྲོལ་ཞི་བའི་ལམ་བཟང་ལ་དམའ་ཕབ་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།

10  

ང་དང་ངའི་དགེ་སློང་དག་གིས་ནི་གོས་ཕྱགས་དར་ཁྲོད་དང་ཟས་བསོད་སྙོམས་ཙམ་ལས་མི་འཆིང་བར་འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་རོལ་མོད།  དེང་གི་ཁ་བ་ཅན་གྱི་དགེ་སློང་རྣམས་ནི་ནོར་དང་ལོངས་སྤྱོད་ཇི་ཙམ་ཐོབ་ཡང་ཆོག་ཤེས་མེད་པར།   ཉིན་མཚན་ཀུན་དུ་དཔལ་འབྱོར་རྩོལ་སྒྲུབ་ཀྱི་ལས་ཁོ་ནར་འབད་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།  

11  

ངས་ནི་དགེ་སློང་དག་ལ་བྱ་བ་ཉུང་བ་དང་།  དོན་ཉུང་བར་གདམས་མོད།  བོད་ཡུལ་གྱི་དགེ་སློང་རྣམས་ནི་ཁྱིམ་གྱི་དོན་དང་སྲིད་ཀྱི་དོན།  གཉེན་གྱི་དོན་སོགས་སུ་རྒྱུག་ཅིང་འདུར་རྐྱེན་བྱ་བ་མང་བ་དང་དོན་མང་བས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།

12  

ངའི་རྗེས་སུ་འཇུག་པའི་དགེ་སློང་དག་ནི་ངས་བཤད་པའི་དྲང་ངེས་ཀྱི་རྣམ་བཞག་ལ་འཆད་ཉན་བྱེད་པ་དང་།  དེའི་དོན་ཚུལ་བཞིན་ཉམས་སུ་ལེན་པ་ཁོ་ནར་འབད་མོད།  བོད་ཡུལ་གྱི་བླ་བཙུན་དག་གིས་ནི།  རྩ་བ་ལྟ་བུའི་ཟབ་མོ་ཆོས་ཀྱི་གནས་ལུགས་ལ་ཐོས་བསམ་མི་བྱེད་པར།  ཡལ་ག་ལྟ་བུའི་མཆོད་རྟེན་བརྩིགས་པ་དང་ལྷ་ཁང་བཞེངས་བ་ཁོ་ནར་མགོ་འཁོར་འདུག་པས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན། 

13  

ངས་ནི་དགེ་སློང་དག་ལ་ཆོས་དང་གང་ཟག་གི་བདག་མེད་ལེགས་པར་གཏན་ལ་ཕབ་ནས་སྲིད་པའི་ཕུན་ཚོགས་ཡོད་ཚད་ཐལ་བ་བཞིན་དུ་སྤངས་བར་གདམས་མོད།  བོད་ཀྱི་མཁན་པོ་དང་སྤྲུལ་སྐུ་དག་གིས་ནི། འཇིག་རྟེན་ཆོས་བརྒྱད་དང་དུ་བླངས་ཤིང་འདོད་པའི་ཡོན་ཏན་ཀུན་ལ་བདག་འཛིན་ཆེ་བས།  ཁྱོད་ཚོ་ནི་ངའི་རྗེས་འཇུག་མ་ཡིན།  

ཞེས་པ་འདི་ཡང་མི་མངོན་དབྱིངས་ནས་སངས་རྒྱས་ཤཱཀྱ་ཐུབ་པས་བྱང་ཕྱོགས་ཁ་བ་ཅན་གྱི་དགེ་སློང་དག་གི་སྙིགས་དུས་ཀྱི་སྤྱོད་ཚུལ་ཇི་བཞིན་གཟིགས་ནས།  སྤྱན་ཆབ་བར་མེད་དུ་འཐོར་བཞིན་སྤྲིངས་བའོ། །