༄། །ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་ཞེས་བྱ་བ་བཞུགས་སོ། །
༄། །ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་ཞེས་བྱ་བ་བཞུགས་སོ། །
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྦྷི་ཧཱུྃཿ
རང་བཞིན་རྣམ་དག་བློ་བྲལ་གཉུག་མའི་སྦུབས༔
གསལ་མདངས་འགག་མེད་བདེ་སྟོང་ལོངས་སྐུའི་རྩལ༔
སྤྲུལ་སྐུའི་ཞིང་ཁམས་མི་མཇེད་བཀོད་པའི་ཆ༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན༔
དུས་གསུམ་རྒྱལ་བས་ཆོས་འཁོར་བསྐོར་བའི་གནས༔
དེ་ཡི་ནུབ་བྱང་རྔ་ཡབ་ལངྐའི་གླིང༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
བཀོད་པ་ལྷུན་གྲུབ་ཙིཏྟའི་ས་འཛིན་སྤོ༔
རྩ་བ་གདེངས་ཅན་འཇོག་པོའི་ཐོད་དུ་བཅིངས༔
སྐེད་པར་ལུས་མེད་མཁའ་འགྲོས་ཚོགས་འཁོར་བསྐོར༔
རྩེ་མོ་གཟུགས་ཁམས་བསམ་གཏན་སྙོགས་པ་ལྟའི༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
རི་རྒྱལ་དེ་ཡི་རྩེ་མོའི་གཞལ་མེད་ཁང༔
ཤར་ཤེལ་ལྷོ་ཕྱོགས་དབང་སྔོན་བཻ་ཌཱུརྱ༔
ནུབ་ཕྱོགས་པད་རག་བྱང་ཕྱོགས་ཨིནྡྲ་ནི༔
ཕྱི་ནང་བར་མེད་ཟང་ཐལ་དབང་གཞུའི་མདངས༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
ཁྱམས་དང་གྲུ་ཆད་གློ་འབུར་འཇའ་རིས་འཁྱིལ༔
འདོད་སྣམ་ཕ་གུ་དྲ་བ་དྲ་ཕྱེད་དང༔
ཤར་བུ་མདའ་ཡབ་སྒོ་རྒྱན་རྟ་བབ་ཅན༔
ཆོས་འཁོར་གདུགས་ཏོག་བརྡ་དོན་རྫོགས་པའི༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
དཔག་བསམ་ལྗོན་པའི་ཤིང་དང་བདུད་རྩིའི་ཆུ༔
ནེའུ་སིང་སྨན་ལྗོངས་དྲི་བསུང་འཐུལ་བའི་ཁྲོད༔
དྲང་སྲོང་རིག་འཛིན་བྱ་ཚོགས་བྷྲ་མ་ར༔
ཐེག་གསུམ་ཆོས་ཀྱི་སྒྲ་དང་བརྡ་གླུ་སྒྱུར༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
ཕོ་བྲང་གཞལ་མེད་ཆེན་པོའི་ལྟེ་བ་ལ༔
རིན་ཆེན་ཟུར་བརྒྱད་པདྨ་ཉི་ཟླའི་སྟེང༔
བདེ་གཤེགས་ཀུན་འདུས་རང་བྱུང་པདྨ་འབྱུང༔
སྐུ་གསུམ་རིགས་འདུས་འཇའ་ཟེར་ཀློང་ན་བཞུགས༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
གང་གི་ཟབ་གསལ་བདེ་ཆེན་ཡེ་ཤེས་རྩལ༔
སྟོང་ཉིད་སྙིང་རྗེ་ཤར་བའི་སྒྱུ་འཕྲུལ་ལས༔
ཕྱོགས་བཅུ་ཀུན་དང་ཁྱད་པར་བོད་ཡུལ་དུ༔
སྤྲུལ་པ་བྱེ་བ་ཕྲག་བརྒྱ་བར་མེད་འགྱེད༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
གཡས་ཀྱི་གྲལ་ན་རྒྱ་བོད་རིག་འཛིན་རྣམས༔
འོད་གསལ་རྡོ་རྗེའི་རོལ་བར་འབྱམས་སུ་ཀླས༔
གཡོན་གྱི་གྲལ་ན་འཕགས་བོད་པན་གྲུབ་རྣམས༔
བཤད་སྒྲུབ་ཉམས་རྟོགས་བགྲོ་གླེང་ཆོས་སྒྲ་འུར༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
མཐར་སྐོར་བར་མཚམས་རྗེ་འབངས་ཉེར་ལྔ་དང༔
སྤྲུལ་པའི་གཏེར་སྟོན་གྲུབ་པའི་ཁྱུ་མཆོག་རྣམས༔
ཐེག་པ་རིམ་དགུའི་འཁོར་ལོ་ལ་སྤྱོད་ཅིང༔
གཡོ་མེད་དགོངས་པའི་གཟེར་གྱིས་བརྟུལ་ཞུགས་འཛིན༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
ཕྱོགས་བཞི་མཚམས་བརྒྱད་གྲུ་ཆད་བར་ཁྱམས་ཀུན༔
དཔའ་བོ་ཌཱ་ཀི་ལྷ་དང་ལྷ་མོས་ཁེངས༔
རྡོ་རྗེའི་གླུ་གར་མིག་འཕྲུལ་ལྟ་བུར་གཡོ༔
ཕྱི་ནང་གསང་བའི་མཆོད་སྤྲིན་སྟོབ་པར་བྱེད༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
དེ་སྟེང་ལོངས་སྐུའི་གཞལ་མེད་བཀོད་མཛེས་ནང༔
ཕྱག་ན་པདྨ་འཇིག་རྟེན་དབང་ཕྱུག་ལ༔
ཚོམ་བུའི་དཀྱིལ་འཁོར་བསམ་ཡས་འཁོར་གྱིས་བསྐོར༔
རྣམ་རྟོག་བག་ཆགས་དགྲ་གདོན་ཐལ་བར་བྱེད༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
དེ་སྟེང་ཆོས་ཆོས་སྐུའི་ཞིང་ཁམས་ཉམས་དགའ་བར༔
གཞི་སྣང་ཡེ་ཤེས་སྙིང་པོ་ཀུན་ཏུ་བཟང༔
སྣང་མཐའ་རིག་པའི་འཁོར་ལ་བརྡ་ཆོས་སྟོན༔
སྟོན་འཁོར་དགོངས་པ་མཉམ་པའི་ཕྲིན་ལས་ཅན༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
སྒོ་བཞིར་བཀའ་ཉན་རྒྱལ་པོ་ཆེན་པོ་བཞི༔
ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་ཀུན༔
ཕོ་ཉ་མངགས་ནས་མུ་སྟེགས་དམ་སྲི་འདུལ༔
དམ་ཅན་རྒྱ་མཚོའི་དཔའ་རྟགས་རྒྱལ་རྔ་བརྡུང༔
ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག༔
དེ་ལྟར་ཞིང་གི་བཀོད་པ་གསལ་བཏབ་ནས༔
ཕྱི་རོལ་ཡུལ་གྱི་ཟངས་མདོག་དཔལ་རི་ལ༔
ཡུལ་ཅན་ནང་གི་རིག་པས་སྨོན་དེའི་མཐུས༔
རང་ལུས་མི་མཇེད་ཞིང་གི་བཀོད་པའི་ནང༔
རང་སྣང་ཟངས་མདོག་དཔལ་རིར་མངོན་པར་ཤོག༔
ཁྱད་པར་བསྐྱེད་རྫོགས་ཟབ་མོའི་རྟེན་འབྲེལ་གྱིས༔
རྩ་གསུམ་འཁོར་ལྔའི་མདུད་པ་གྲོལ་ནས་ཀྱང༔
སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར༔
ལྷན་སྐྱེས་ཡེ་ཤེས་རོལ་པའི་རྩལ་རྫོགས་ནས༔
རང་རིག་པད་འབྱུང་རྗེ་དང་མཇལ་བར་ཤོག༔
ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔའི་སྦུབས༔
རབ་དགའ་ནས་བཟུང་ཀུན་ཏུ་འོད་ཀྱི་བར༔
དེ་ལས་རྡོ་རྗེ་ཐེག་པའི་ས་མཆོག་གཉིས༔
ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡི༔
ཐུན་མོང་མ་ཡིན་ཡེ་ཤེས་བླ་མའི་ས༔
བྱར་མེད་ལྷུག་པའི་ངང་དུ་རྫོགས་ནས་ཀྱང༔
གཞི་དབྱིངས་པདྨ་འོད་དུ་གྲོལ་བར་ཤོག༔
གལ་ཏེ་དགོངས་པའི་རྩལ་ཆེན་མ་རྫོགས་ན༔
གསོལ་འདེབས་སྨོན་ལམ་དྲག་པོའི་འཕེན་པ་ཡིས༔
ནམ་ཞིག་འཆི་བ་བཙན་ཐབས་བྱུང་བའི་ཚེ༔
པདྨའི་ཕོ་ཉ་མཁའ་འགྲོ་གར་མཁན་མས༔
མངོན་སུམ་ལག་པའི་ཁུ་ཚུར་ནས་བཟུང་ནས༔
མཁར་ཆེན་བཟའ་དང་གུ་ཎ་ནཱ་ཐ་ལྟར༔
བདག་ཀྱང་པདྨ་འོད་དུ་འཁྲིད་པར་ཤོག༔
ཆོས་དབྱིངས་རྣམ་པར་དག་པའི་བདེན་པ་དང༔
དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་ཡིས༔
བདག་གིས་སྨོན་པ་ཡིད་བཞིན་འགྲུབ་གྱུར་ནས༔
འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག༔
ཅེས་པའང་རང་བཞིན་སྤྲུལ་པའི་ཞིང་ཁམས་དང་ཁྱད་པར་མ་མཆིས་པ་རྔ་ཡབ་པདྨ་འོད་ཀྱི་ཞིང་མཆོག་དམ་པར་བགྲོད་པའི་སྨོན་ལམ་དཔལ་རིའི་གསང་ལམ་ཞེས་བྱ་བ༔ སྙན་བརྒྱུད་རྡོ་རྗེ་བཙུན་མོའི་རྣལ་འབྱོར་པ་དྷརྨཱ་ཀིརྟིའི་བཞེད་སྐོང་དུ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་རྗེའི་ཟླ་ཟེར་སྙིང་ལ་འཛགས་པའི་བྱིན་རླབས་ལས྄༔ འོད་གསལ་རྫོགས་པ་ཆེན་པོ་མངོན་སུམ་གྱི་གནད་ལ་གོམས་པའི་རྣལ་འབྱོར་པ་ཧེ་རུ་ཀ༔ པདྨ་དབང་ཆེན་གྱིས་བསམ་ཡས་མཆིམས་ཕུའི་འོག་མིན་མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་གི་མཚམས་མལ་དུ་སྦྱར་བའོ༔