August 2024

ཧཱུྃ་སྒོམ་ཡེ་གྲོལ་རིག་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

ཧཱུྃ་སྒོམ་ཡེ་གྲོལ་རིག་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

ཧཱུྃ༔

༼༡༽

སྟོང་ཉིད་ངང་ལས་རིག་པ་ཧཱུྃ་དུ་གྱུར།།

ཆོས་ཀུན་ཆོས་ཉིད་ངང་དུ་མཉམ་པར་བཞག།

དམིགས་མེད་ཧཱུྃ་གིས་འཕྲོ་འདུ་ཡོངས་ལ་ཁྱབ།།

ཕན་བདེ་ཧཱུྃ་གིས་བསྟན་འགྲོར་སྨན་པར་སྒོམས།།

༼༢༽

ཀ་དག་ཧཱུྃ་གི་ངོ་བོ་ཀུན་ཏུ་བཟང་།།

ལྷུན་གྲུབ་ཧཱུྃ་གི་རང་བཞིན་རྡོ་རྗེ་འཆང་།།

རིག་པ་ཧཱུྃ་གི་ཐུགས་རྗེ་པདྨ་འབྱུང་།།

ཀུན་འདུས་ཧཱུྃ་ལས་ཕྲིན་ལས་ཀུན་ཁྱབ་གྱུར།།

༼༣༽

ཧཱུྃ་ལ་འབྲས་ཆོས་ཉེར་ལྔ་ཡེ་ནས་གནས།།

ཧཱུྃ་གིས་སྣང་སྲིད་ཐམས་ཅད་རྣམ་པར་དག།

ཧཱུྃ་ལ་འཁོར་འདས་དགེ་ཚོགས་མ་ལུས་རྫོགས།།

ཧཱུྃ་གིས་ཁམས་གསུམ་ཡོངས་གྲོལ་སྒོ་གསུམ་སྨིན།།

༼༤༽

ཧཱུྃ་གི་ངང་ལས་ཏིང་འཛིན་རྩེ་གཅིག་དམིགས།།

ཧཱུྃ་སྦྱོང་རུ་ཤན་ལྷག་མཐོང་རྒྱན་དུ་ཤར།།

ཧཱུྃ་ཧཱུྃ་བཟླས་ཞིང་གྲངས་བསྙེན་དུང་ཕྱུར་བརྩོན།།

ཧཱུྃ་ལ་རྒྱལ་ཀུན་ཡོན་ཏན་ཡོངས་སུ་ཚང་།།

༼༥༽

ཧཱུྃ་ཉིད་རང་དང་དབྱེར་མེད་ངང་དུ་གསལ།།

ཧཱུྃ་བཟླས་ལྔ་ཕུང་འོད་ལུས་འགྲུབ་པར་གསལ།།

ཧཱུྃ་གིས་ཆོས་ཀུན་ཆོས་ཉིད་ཀློང་དུ་གསལ།།

ཧཱུྃ་གསལ་འབྲས་བུ་འཇའ་ལུས་འཕོ་ཆེན་བརྙེས།།

༼༦༽

ཧཱུྃ་གིས་གུ་རུའི་ཐུགས་དམ་དབྱིངས་ནས་བསྐུལ།།

ཧཱུྃ་ནི་ཡི་དམ་རྒྱལ་བ་ཞི་ཁྲོའི་སྙིང་།།

ཧཱུྃ་འདི་མཁའ་འགྲོ་རྒྱ་མཚོའི་དམ་ཚིག་དངོས།།

ཧཱུྃ་ཉིད་ཆོས་སྐྱོང་དམ་ཅན་ཡོངས་ཀྱི་སྲོག།

༼༧༽

ཧཱུྃ་ལ་དམིགས་ནས་ནད་གདོན་ཞི་བར་བསམ།།

ཧཱུྃ་ལ་བརྟེན་ནས་གང་འདོད་ལོངས་སྤྱོད་རྒྱས།།

ཧཱུྃ་གིས་སྣང་སྲིད་མ་ལུས་དབང་དུ་བསྡུད།།

ཧཱུྃ་ཉིད་དབང་དྲག་རྡོ་རྗེ་གོ་ཁྲབ་ལགས།།

༼༨༽

ཧཱུྃ་འདི་དཔྱད་འཇོག་སྒོམ་པས་རིག་ངོ་ཤེས།།

ཧཱུྃ་ལུས་ངག་ཡིད་ཐ་མི་དད་ལས་བཟླས།།

ཧཱུྃ་ཧཱུྃ་ཧཱུྃ་གིས་སྒྲིབ་ཀུན་ཡོངས་དག་ནས།།

ཧཱུྃ་མཆོག་སངས་རྒྱས་ཡེ་ཤེས་མཐར་ཕྱིན་སྨོན།།

ཧཱུྃ་ཧཱུྃ་ཧཱུྃ།།

ཞེས་པ་འདི་ཡང་རབ་གནས་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོའི་དབྱར་ཟླ་འབྲིང་བོའི་དབང་ཕྱོགས་རྒྱལ་བ་དང་པོར་རྨི་ལམ་འོད་གསལ་ངང་ལས་དཔལ་ཡུལ་མཆོག་སྤྲུལ་དམ་པས་གསུང་བསྐུལ་དང་། མཁའ་འགྲོ་དམ་པ་ཆོས་ཉིད་དཔལ་སྒྲོན་དང་ཚ་བུ་འོད་གསལ་མཐའ་ཡས་རྡོ་རྗེ་ལྷུན་གྲུབ་དང་ཧཱུྃ་ཆེན་ཧེ་རུ་ཀ་སོགས་དམ་པ་དུ་མའི་ཞལ་སྐུལ་ལས་རིག་ཀློང་ཆོས་ཉིད་ཟབ་མོའི་གཏེར་སྒྲོམ་ལས་ཤྲཱིཿ གླིང་པས་ཕབས་པར་དགེའོ།། །། 22/8/2024

Leave a Reply

Your email address will not be published. Required fields are marked *