September 2024

སྐྱེས་ཚོགས་ཁོ་ནས་བུད་མེད་བསྙེན་པར་རྫོགས་མི་རུང་པའི་ཚུལ་མཁན་རིག་དར་ལ་ཕུལ་བ།

སྐྱེས་ཚོགས་ཁོ་ནས་བུད་མེད་བསྙེན་པར་རྫོགས་མི་རུང་པའི་ཚུལ་མཁན་རིག་དར་ལ་ཕུལ་བ།

རྩོམ་པ་པོ་རིག་པའི་རྡོ་རྗེ་ནས།

དེ་ཡང་ཉེ་ཆར་དྲྭ་ལམ་ཁག་ཁ་ཤས་ཤིག་ནས་གསེར་རྟའི་མཁན་པོ་རིག་དར་གྱིས་བརྩམས་གནང་བའི་རྩོམ་ཡིག་ཐར་ཐོར་ཞིག་མཐོང་བྱུང་བས་དེའི་ནང་དོན་གཙོ་བོ་ནི་དགེ་སློང་ཕ་ཚོགས་རྐྱང་པས་བུད་མེད་བསྙེན་པར་རྫོགས་ཆོག་པའི་འབོད་སྐུལ་དང་བཅས་པའི་སྒོ་ནས་མདོ་དང་བསྟན་བཅོས་ཀྱི་ལུང་ཁ་ཤས་ཤིག་ཚོལ་བསྡུ་བྱས་ཏེ་དགེ་སློང་མའི་སྡོམ་པ་སྦྱིན་པ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྔོན་དུ་འགྲོ་དགོས་པའི་ངེས་པ་མེད་ཚུལ་དང་ཕ་ཚོགས་རྐྱང་པས་ཀྱང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་ཚུལ་དང་དེ་ལྟར་མི་ཆོག་པ་ལ་རྒྱབ་རྟེན་གྱི་ལུང་རིགས་གང་ཡང་མེད་ཚུལ་སོགས་མང་དུ་གསུངས་གནང་འདུག་པས་འདི་ལ་ཁོ་བོས་ཕྲག་དོག་དང་སྡང་ཞེན་སོགས་གང་ཡང་སྨྲ་རྩིས་མེད་མོད་འོན་ཀྱང་རྩོམ་ཡིག་འདི་དང་འདི་འདྲའི་རིགས་ཅན་རྣམས་ལ་འཐད་མི་འཐད་ཀྱི་ཆ་ལ་དགག་སྒྲུབ་ཅུང་ཟད་རེ་དགོས་པར་སྣང་སྟེ་གལ་སྲིད་འདི་དང་འདི་འདྲའི་རིགས་ཅན་གྱི་རྩོམ་ཡིག་རྣམས་ལ་དགག་སྒྲུབ་མ་བྱས་པར་བཏང་སྙོམས་སུ་བཞག་ན་མ་དག་རྒྱུན་འབྱམས་སུ་འགྲོ་ཉེས་ཡོད་པས་འདི་ལ་ལེགས་ཉེས་ངེས་པར་དུ་དཔྱོད་དགོས་པ་ཡིན་ཏེ་དེ་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས། དམ་ཆོས་འཁྲུལ་དང་མ་འཁྲུལ་པ། །སྐྱེ་བ་གཏན་གྱི་གྲོས་ཡིན་པས། །འདི་ལ་ལེགས་ཉེས་དཔྱོད་པ་ལ། །སྡང་ཞེས་སྨྲ་བ་རང་སྐྱོན་ཡིན། །ཞེས་གསུངས་པས་སོ། ། དེས་ན་ཁོ་བོས་འདིའི་སྐོར་ལ་དགག་སྒྲུབ་ཅུང་ཟད་རེ་ཞུས་ན། དེ་ཡང་ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་དེ་དག་ལས་དང་པོར་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕ་ཚོགས་རྐྱང་པས་བསྒྲུབ་ཆོག་པར་གསུངས་པའི་སྒྲུབ་བྱེད་ལ་འདི་ལྟར་བཀོད་གནང་འདུག་སྟེ། དེ་ཡང་མདོ་རྩར། དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་། ཞེས་གསུངས་སོ། །ཞེས་དང་། ཡང་རྒྱ་ཆེར་འགྲེལ་ལས། དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློབ་མ་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མནོད་པ་དང་། བསྙེན་པར་རྫོགས་པར་བྱ་བ་ཆོས་དང་ལྡན་པའི་དོན་དེ་གཉིས་བྱུང་ན་དེ་དག་བསྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ཞིང་དེ་ཚུན་ཆད་ཀྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབ་བོ་ཞེས་བྱ་བར་སྦྱར་རོ། །ཞེས་གསུངས་སོ། ། ཞེས་སོགས་བསྟན་བཅོས་ཀྱི་ལུང་ཁ་ཤས་ཤིག་བཀོད་གནང་འདུག་ཀྱང་མདོ་ལས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕ་ཚོགས་རྐྱང་པས་སྦྱིན་ཆོག་པའི་སྒྲུབ་བྱེད་ཀྱི་ལུང་ནི་གང་ཡང་བཀོད་རྒྱུ་རྙེད་མི་འདུག་ལ་འོན་ཀྱང་ཁྱོད་ཀྱིས་བཀོད་པའི་བསྟན་བཅོས་དེ་དག་གི་དོན་ནི་ཁོ་བོས་འོག་ཏུ་འཆད་པར་བྱའོ། ། དེས་ན་ཁྱེད་ལྟར་ན་སློབ་དཔོན་ཡོན་ཏན་འོད་དང་རྒྱ་ཆེར་འགྲེལ་གཉིས་ཀ་ལ་ནང་འགལ་ཡོད་པར་འགྱུར་ཏེ་དེ་ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་སོགས་གསུངས་པ་དང་། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རང་གི་རྣམ་བཤད་ལས། དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པ་སྡོམ་པའི་ཡན་ལག་ཏུ་གྱུར་པ་ནི་གཉིས་པའོ། །གཉིས་ཀའི་མདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བ་ལ་བསྙེན་པར་རྫོགས་པའི་ཡན་ལག་ཏུ་གྱུར་པ་ནི་གསུམ་པའོ། །ཞེས་སོགས་བུད་མེད་བསྙེན་པར་རྫོགས་པ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པར་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བར་གསུངས་པ་དང་ཚངས་སྤྱོད་ཉེར་གནས་དེ་ཡང་དགེ་སློང་མའི་དགེ་འདུན་འབའ་གིས་སྦྱིན་དགོས་པར་གསུངས་པས་ཁྱེད་ལྟར་ན་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་པར་གསུངས་པ་འདི་མི་འཐད་པར་ཐལ། དགེ་སློང་ཕའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཡང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་པ་ཡོད་པའི་ཕྱིར། དེས་ན་ཁྱོད་ཀྱིས་གོང་གི་གཞུང་འདི་དག་མ་མཐོང་བའམ་ཡང་ན་རང་གིས་མཐོང་ན་ཡང་རང་ཉིད་ཀྱི་དམ་བཅའ་ལ་གནོད་ཀྱིས་དོགས་ནས་མ་མཐོང་བའི་ཟོལ་མཛད་དེ་བཞུགས་པ་གང་རུང་ལས་མ་འདས་སོ། ། གཞན་ཡང་དེ་དང་འདྲ་བར་རྒྱ་ཆེར་འགྲེལ་ལས་ཀྱང་། དགེ་སློང་མ་རྫོགས་པར་བསྙེན་པར་བྱ་བ་ལ། དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་ལན་གཉིས་བྱ་དགོས་ཏེ། གཅིག་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་དུས་ན་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ལས་བྱེད་པའི་དགེ་སློང་མས་དྲི་བའོ། །ཞེས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་དུས་སུ་དགེ་སློང་མ་འབའ་ཞིག་གི་དབུས་སུ་བསྒྲུབ་བྱ་མ་དེ་ལ་བར་ཆད་འདྲི་དགོས་པར་གསུངས་པ་དང་། ཡང་རྒྱ་ཆེར་འགྲེལ་ལས། དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་སྔ་རོལ་ཁོ་ནར་དྲི་བའི་ཐ་མར་གསུམ་པ་ནི་དགེ་སློང་ལས་བྱེད་པས་གཉི་གའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བའི་འོག་ཏུ་དྲི་བའོ། །ཞེས་སོགས་གསུངས་པས་ལུང་འདི་རྣམས་ཀྱང་རང་ཉིད་ལ་གནོད་ཀྱིས་དོགས་ནས་མ་མཐོང་པའི་ཟོལ་མཛད་དེ་བཞུགས་པ་འདྲའོ། ། མདོར་ན་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་དགེ་སློང་མ་ཁོ་ནས་སྦྱིན་དགོས་པར་གསུངས་པ་ལས་དགེ་སློང་ཕས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་པར་གསུངས་སའི་རྒྱ་འགྲེལ་གྱི་ལུང་གང་ཡང་ཁྱོད་ལ་འདྲེན་རྒྱུ་མེད་པའི་ཕྱིར་རོ། ། གལ་ཏེ་མདོ་རྩ་དང་རྒྱ་ཆེར་འགྲེལ་ལས་དགེ་སློབ་མ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་ཆེད་དུ་དབྱར་གྱིས་མཚམས་བཅད་པའི་དགེ་སློང་རྣམས་ཉིན་བདུན་གྱི་བར་དུ་བྱིན་རླབས་བྱར་ཆོག་པར་གསུངས་པས་དེས་གྲུབ་བོ་སྙམ་ན་དེ་ནི་ཁྱེད་རང་གི་འགྲེལ་ཚུལ་དང་འདོད་ཕྱོགས་ཙམ་ཏེ་གཞུང་དེ་དག་གི་དོན་ནི་དགེ་སློབ་མས་ཚངས་སྤྱོད་ཉེར་གནས་དང་དགེ་སློང་མའི་སྡོམ་པ་གཉིས་པོ་རིམ་གྱིས་ལེན་པའི་ཚེ་གཉིས་ཀའི་དགེ་འདུན་ལས་ལེན་དགོས་པས་དེའི་སྐབས་སུ་དགེ་སློང་ཕའང་ངེས་པར་དུ་ཡོད་དགོས་པས་དེའི་དབང་དུ་བྱས་ཏེ་དགེ་སློང་ཕ་དབྱར་གནས་པའི་ནང་ནས་བྱིན་གྱིས་རླབས་སུ་རུང་བར་བཤད་པ་ཡིན་པ་ལས་བྱེ་བྲག་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་པའི་ཆེད་དུ་དགེ་སློང་ཕས་བྱིན་རླབས་བྱར་དགོས་པར་གསུངས་པ་མ་ཡིན་པའི་ཕྱིར་རོ། འོ་ན་གོང་དུ་དྲངས་པའི་གཞུང་དེ་གཉིས་ཀྱི་དོན་གང་ཡིན་ཞེ་ན་གོང་ཞུས་ལྟར་གཞུང་དེ་དག་གི་དོན་ནི་དགེ་སློབ་མས་ཚངས་སྤྱོད་ཉེར་གནས་དང་བསྙེན་རྫོགས་ཀྱི་སྡོམ་པ་གཉིས་པོ་རིམ་གྱིས་བསྒྲུབ་པའི་ཚེ་དགེ་སློང་ཕ་དབྱར་གྱི་ནང་ནས་བྱིན་གྱིས་རླབས་ཆོག་པར་སྤྱིར་ཙམ་གྱིས་དབང་དུ་བྱས་ཏེ་གསུངས་པ་ཡིན་པ་ལས་བྱེ་བྲག་ཚངས་སྤྱོད་ཉེར་གནས་ལོགས་སུ་བཀར་ཏེ་དེ་སྦྱིན་པའི་ཆེད་དུ་དགེ་སློང་ཕས་བྱིན་གྱིས་རླབས་དགོས་པར་མ་གསུངས་ཏེ་གཞུང་གོང་འོག་རྣམས་ལ་ཞིབ་མོར་གཟིགས་མཛོད་དང་ཤེས་ནུས་སོ། །

ཡང་ཁྱོད་ལྟར་ན་དགེ་སློང་ཕས་དབྱར་གནས་པའི་ནང་ནས་བྱིན་གྱིས་རླབས་ཏེ་དེས་མཚམས་ཀྱི་ཕྱི་རོལ་དུ་གནས་པའི་དགེ་སློབ་མ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པའི་ཚེ་དེ་ལྟ་བུའི་སྡོམ་པ་དེ་ཡིན་ན་སྐྱེ་ལ་ཉེས་བྱས་ཀྱི་སྡོམ་པ་ཡིན་དགོས་པར་ཐལ། དེའི་སྐབས་སུ་དགེ་སློབ་མ་དེ་ལ་ཚངས་ཉེར་གནས་ཀྱི་སྡོམ་པ་སྦྱིན་མཁན་དེ་ཡིན་ན་དགེ་སློང་ཕ་དེ་ཡིན་དགོས་པ་གོང་གི་གཞུང་དེའི་གཞུང་དོན་ཡིན་པའི་ཕྱིར། འདོད་ན། དགེ་སློང་ཕས་དབྱར་གནས་པའི་ནང་ནས་བྱིན་གྱིས་རླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་གནས་པའི་དགེ་སློབ་མ་དེ་ལ་སྡོམ་པ་སྦྱིན་པའི་ཚེ་བསྒྲུབ་བྱ་མ་དེས་གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་ཏེ་དེ་ལ་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་སྐྱེ་བ་མེད་པར་ཐལ། འདོད་པ་དེས་ཕྱིར། ལུང་གཞན་ཡང་། སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ཀརྨ་ཤ་ཏམ་ལས། དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དགེ་སློང་མའི་དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའོ། །དེའི་འོག་ཏུ་དགེ་སློང་མ་ལས་བྱེད་པས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱའོ། །ཞེས་གསུངས་པས་དེས་ན་མདོ་དང་བསྟན་བཅོས་ཀྱི་རྒྱ་གཞུང་ཚད་ལྡན་རྣམས་ལས་དགེ་སློབ་མ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་ཚེ་དགེ་སློང་མ་འབའ་གིས་སྦྱིན་དགོས་པར་གསུངས་པ་ལས་དགེ་སློང་ཕ་ཚོགས་རྐྱང་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་པར་མ་གསུངས་ཤིང་གལ་སྲིད་གསུངས་ན་གཞུང་གང་དུ་གསུངས་ཡོད་མེད་སོགས་སྨྲ་དགོས་པའི་ཕྱིར་རོ། །ཡང་ཁྱེད་ཀྱིས་རྩོམ་ཡིག་དེར་དགེ་སློང་མའི་སྡོམ་པ་དགེ་སློང་ཕ་ཚོགས་རྐྱང་པས་སྦྱིན་ཆོག་པའི་སྒྲུབ་བྱེད་ལ། རབ་བྱུང་གི་གཞི་ལས། བཙུན་པ་དགེ་ཚུལ་ཕ་དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པཱ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ། །བཙུན་པ་དགེ་སློབ་མ་དགེ་སློང་གི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པཱ་ལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དང་བཅས་པའོ། །ཞེས་པའི་ལུང་འདི་བཀོད་གནང་འདུག འོན་ཀྱང་གཞུང་འདིའི་དོན་ནི་སྔོན་གྱི་མཁས་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་ཀྱིས་སྔར་ནས་གསུངས་ཟིན་མོད་ད་དུང་ཡང་ཁྱོད་ལ་ལན་གཅིག་ཞུས་ན་ཕ་ཆོག་དང་མ་ཆོག་གཉིས་པོའི་དངོས་གཞིའི་གསོལ་གཞིའི་ཆོ་གའི་སྐབས་སུ་ཚོགས་གཉིས་ཕན་ཚུན་བསྣོར་བ་དང་ལས་ཚིགས་ཕན་ཚུན་བསྣོར་བས་ལས་འཆགས་པར་གསུངས་པའི་དོན་ཡིན་པ་ལས་ཕ་ཆོག་དང་མ་ཆོག་གི་སྦྱོར་དངོས་གཉིས་ཆར་གྱི་སྐབས་སུ་ཚོགས་གཉིས་དང་ལས་ཚིགས་ཕན་ཚུན་བསྣོར་བས་ཀྱང་ལས་འཆགས་པར་གཞུང་གང་དུ་ཡང་མ་གསུངས་པའི་ཕྱིར་ཏེ། དོན་འདི་ལ་དགོངས་ནས་ཀུན་མཁྱེན་གོ་རམས་པས་ཀྱང་སྡོམ་གསུམ་ཁ་སྐོང་ལས། དངོས་གཞི་གསོལ་བཞིའི་ལས་ཀྱི་ཚེ། །ཚོགས་གཉིས་ཕན་ཚུན་བསྣོར་བ་དང་། །ལས་ཚིགས་ཕན་ཚུན་བསྣོར་བས་ཀྱང་། །འཆགས་པར་ལས་གཞི་ཉིད་ལས་གསུངས། །ཞེས་དངོས་གཞིའི་གསོལ་བཞིའི་སྐབས་ལ་དངོས་སུ་སྦྱར་གནང་འདུག་པའི་ཕྱིར་དང་། གལ་ཏེ་སྦྱོར་བའི་སྐབས་སུ་ཚོགས་གཉིས་དང་ལས་ཚིགས་ཕན་ཚུན་བསྣོར་མི་ཆོག་པ་ལ་རྒྱུ་མཚན་གང་ཡང་མེད་པས་སོ་སྙམ་ན་དེ་ལྟར་མི་ཆོག་པའི་རྒྱུ་མཚན་ནི་འདི་ཡིན་ཏེ་དེ་ཡང་རང་གི་རྣམ་བཤད་ལས། གཅིག་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་དུས་སུ་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུའོ། །གཞན་ནི་གཉིས་ཀའི་དགེ་འདུན་གྱི་དབུས་སུའོ། །ཞེས་གསུངས་པ་དང་། ཡང་རང་གི་རྣམ་བཤད་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱའོ། །སུས་ཤེ་ན་དེའི་ཕྱིར། དགེ་འདུན་གྱིས་ཞེས་བྱ་བ་སྨོས་ཏེ། སྐབས་ཡིན་པའི་ཕྱིར་དགེ་སློང་མའི་དགེ་འདུན་གྱིས་སྦྱིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་དང་། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འགྲེལ་ཆུང་ལས། ཚངས་པར་སྤྱད་པའི་གནས་སྡོམ་པ་སྔར་གསང་སྟེ་སྟོན་པས་བར་ཆད་དྲིས་ལ་སྦྱིན་ཞིང་དབོག །དགེ་འདུན་གྱིས་སོ། །ཚངས་པར་སྤྱོད་པའི་གནས་སུ་སྡོམ་པའི་ཆོ་ག་སྦྱིན་པ་ནི་དགེ་སློང་མའི་དགེ་འདུན་གྱིས་བྱའོ། །ཞེས་གསུངས་པ་དང་། གཞན་ཡང་རྒྱ་ཆེར་འགྲེལ་ལས་ཀྱང་། རྫོགས་པར་བསྙེན་པ་གསོལ་བའི་སྔ་རོལ་ཕན་ཆད་དུ་དགེ་སློང་མའི་དགེ་འདུན་གྱི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་ལ་སོགས་པ་ནི། དགེ་སློང་མ་ལས་བྱེད་པ་འབའ་ཞིག་གིས་བྱའོ། །ཞེས་དང་། ཡང་རྒྱ་ཆེར་འགྲེལ་ལས། བསྙེན་པར་རྫོགས་པའི་ཆེད་དུ་གསང་སྟེ་སྟོན་པའི་འོག་ཏུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱའོ། །སུས་ཤེ་ན། དེའི་ཕྱིར་དགེ་འདུན་གྱིས་ཞེས་བྱ་བ་སྨྲས་ཏེ། སྐབས་ཡིན་པའི་ཕྱིར། དགེ་སློང་མའི་དགེ་འདུན་གྱིས་སྦྱིན་པར་ཤེས་པར་བྱའོ། །ཞེས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་ལ་དགེ་སློང་མ་ཁོ་ནས་སྦྱིན་དགོས་པར་གསུངས་པ་ལས་དེའི་སྐབས་སུ་ཚོགས་གཉིས་དང་ལས་ཚིགས་ཕན་ཚུན་བསྣོར་ཆོག་པར་མ་གསུངས་པའི་ཕྱིར་དང་། གཞན་ཡང་གོང་དུ་དྲངས་ཟིན་པའི་རང་གི་རྣམ་བཤད་དང་རྒྱ་ཆེར་འགྲེལ་དང་ཀརྨ་ཤ་ཏམ་སོགས་ཀྱི་ལུང་གཞན་པ་དེ་རྣམས་ཀྱིས་ཀྱང་གྲུབ་པ་ཡིན་ཏེ། གཞུང་དེ་དག་ནས་བསྟན་པའི་དགེ་སློབ་མ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་སྐབས་དེ་མ་ཆོག་གི་སྦྱོར་བའི་སྐབས་ཡིན་པ་གང་ཞིག དེའི་སྐབས་སུ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་དེ་དགེ་སློང་མའི་དགེ་འདུན་འབའ་ཞིག་གིས་སྦྱིན་དགོས་པར་གསུངས་པ་ལས་ཚོགས་གཉིས་ཕན་ཚུན་བསྣོར་བ་དང་ལས་ཚིགས་ཕན་ཚུན་བསྣོར་བས་ཀྱང་སྦྱིན་ཆོག་པར་གང་ཡང་མ་གསུངས་པའི་ཕྱིར་རོ། །གཞན་ཡང་ཁྱོད་ཀྱིས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་ཁ་སྐོང་གི་གཞུང་དོན་དེ་ཡང་ཕྱིན་ཅི་ལོག་ཏུ་འགྲེལ་འདུག་སྟེ་ཀུན་མཁྱེན་གོ་རམས་པས་ཚོགས་གཉིས་དང་ལས་ཚིགས་ཕན་ཚུན་བསྣོར་བས་ལས་འཆགས་པར་གསུངས་པ་དེ་ནི་དངོས་གཞིའི་གསོལ་བཞིའི་ཆོ་གའི་སྐབས་ཁོ་ན་ལ་སྦྱར་གནང་པ་ལས་སྦྱོར་བའི་སྐབས་ལ་སྦྱར་མེད་པའི་ཕྱིར་དང་ཁྱོད་ཀྱིས་སྦྱོར་དངོས་གཉིས་པོ་གང་གི་སྐབས་ལ་སྦྱར་དགོས་མིན་གྱི་ཁྱད་པར་ཕྱེ་མ་ཤེས་པར་སྦྱོར་དངོས་གཉིས་ཀའི་དབང་དུ་བྱས་ཏེ་བཤད་འདུག་པའི་ཕྱིར་རོ། །

ཡང་ཁྱོད་ཀྱིས་ལོ་ཆེན་དྷརྨ་ཤྲཱིས་དགེ་ཚུལ་མ་དང་དགེ་སློང་མ་གཉིས་ཀྱི་བར་ན་ཡོད་པའི་དགེ་སློབ་མའི་སྡོམ་པ་མ་བསྒྲུབས་པར་དགེ་སློང་མར་བསྒྲུབ་པ་ཡོད་པར་གསུངས་པའི་ལུང་ཞིག་དྲངས་གནང་འདུག་ཀྱང་འདིས་དགེ་སློང་མའི་སྔོན་དུ་ཚངས་སྤྱོད་ཉེར་གནས་འགྲོ་མི་དགོས་པ་ལ་ཕན་ཐོགས་གང་ཡང་མེད་དེ་དགེ་སློབ་མའི་སྡོམ་པ་བསླབ་ཚིགས་ཡིན་པས་དེ་སྔོན་དུ་མ་སོང་པར་དགེ་སློང་མར་བསྒྲུབ་ཆོག་པར་ལུང་དེས་གྲུབ་ཏུ་ཆོག་ཀྱང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་བསླབ་ཚིགས་སུ་བཤད་པ་མེད་པས་དེ་སྔོན་དུ་མ་སོང་པར་དགེ་སློང་མར་བསྒྲུབ་ཆོག་པའི་སྒྲུབ་བྱེད་ལ་ལུང་དེས་ཕན་མི་ཐོགས་པའི་ཕྱིར་རོ། །གལ་ཏེ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་བསླབ་ཚིགས་ཡིན་ནོ་སྙམ་ན་དེ་བསླབ་ཚིགས་ཡིན་པའི་སྒྲུབ་བྱེད་ཀྱི་རྒྱ་གཞུང་དང་རྒྱུ་མཚན་གང་ཡང་བཤད་དུ་མེད་པའི་ཕྱིར་རོ། །འོ་ན་དེ་བསླབ་ཚིགས་མིན་པའི་སྒྲུབ་བྱེད་གང་ཡོད་སྙམ་ན། དེ་ལྟར་ཡོད་དེ་མདོ་རྩར་སྐྱེས་པ་ལ་མེད་པའི་བུད་མེད་ཀྱི་བསླབ་ཚིགས་གསུངས་པའི་སྐབས་སུ་དགེ་སློབ་མའི་སྡོམ་པ་དེ་བསླབ་ཚིགས་ལྷག་པོར་ཡོད་པར་གསུངས་པ་ལས་དེ་ལས་གཞན་པའི་བསླབ་ཚིགས་ཡོད་པར་མ་གསུངས་པས་དེ་ཉིད་ཀྱིས་ཤེས་ནུས་པའི་ཕྱིར་རོ། །ཡང་ཁྱོད་ཀྱིས་རྩོམ་ཡིག་དེར་ཚོགས་གཉིས་ཕན་ཚུན་བསྣོར་བ་དང་ལས་ཚིགས་ཕན་ཚུན་བསྣོར་བ་འདི་ཆོ་གའི་དངོས་གཞི་ལ་དགོངས་སམ་སྙམ་ན་དེ་ཡང་མ་ཡིན་ཏེ་མཚོ་ཊིཀ་གིས་འདི་ཆོ་ག་སྤྱི་ལ་གསུངས་འདུག་པའི་ཕྱིར་རོ་ཞེས་སོགས་མཚོ་ཊིཀ་གི་ལུང་གིས་བསྒྲུབས་གནང་འདུག་ཀྱང་མཚོ་ཊིཀ་ལས་འདི་རྣམས་ཕ་ཆོག་གི་སྦྱོར་དངོས་སྤྱི་ལ་སྦྱར་དགོས་པའི་གསལ་ཁ་མི་སྣང་མོད་གལ་ཏེ་སྦྱར་དགོས་པའི་དབང་དུ་བཏང་ན་ཡང་འདི་ལ་ཁྱབ་པ་མ་ངེས་ཏེ་མཚོ་ཊིཀ་ནི་མདོ་རྩ་དང་རྒྱ་ཆེར་འགྲེལ་སོགས་ཀྱི་གཞུང་རྣམས་དང་མི་མཐུན་ས་མང་དུ་ཡོད་པའི་ཕྱིར་རོ། ། ཡང་ཁྱོད་ཀྱིས་རྩོམ་ཡིག་དེར་དགེ་སློང་མའི་སྡོམ་པ་སྐྱེ་བ་ལ་ཚངས་སྤྱོད་ཉེར་གནས་སྔོན་དུ་འགྲོ་མི་དགོས་པའི་སྒྲུབ་བྱེད་དུ་མཚོ་ཊིཀ་དང་ཀུན་མཁྱེན་བུ་སྟོན་སོགས་ཀྱི་ལུང་དྲངས་འདུག་ཀྱང་མཚོ་ཊིཀ་ནི་སྐབས་འདིར་ཁས་མི་ལེན་པས་ལུང་དེ་རྣམས་ཀྱིས་ཕན་ཐོགས་གང་ཡང་མེད་ལ། ཀུན་མཁྱེན་བུ་སྟོན་གྱི་དགོངས་པ་ནི་ཁྱོད་ཀྱིས་མ་ལོན་པའམ་ཕྱིན་ཅི་ལོག་ཏུ་འགྲེལ་འདུག་པའི་ཕྱིར་ཏེ་བུ་སྟོན་རིན་པོ་ཆེ་ནི་དགེ་སློང་མའི་སྡོམ་པ་སྐྱེ་བ་ལ་དེའི་སྔ་རོལ་དུ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ངེས་པར་དུ་སྔོན་དུ་འགྲོ་དགོས་པར་འདོད་པའི་ལུགས་ཡིན་པའི་ཕྱིར། འོ་ན་ཀུན་མཁྱེན་བུ་སྟོན་གྱིས་ཇི་ལྟར་གསུངས་སོ་སྙན་ན། ཀུན་མཁྱེན་བུ་སྟོན་གྱིས་མཛད་པའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ཚངས་པ་མྱ་ངན་ལས་འདས་པ་དེའི་འོག་ཏུ་སྤྱོད་པ་ནི། བསྙེན་རྫོགས་སོ། །དེ་ལ་ཉེ་བར་གནས་པ་ནི། དེ་བསྐྱེད་པའི་སྟེ། ལུས་ལ་བསྙེན་རྫོགས་སྐྱེ་བའི་སྐལ་བ་ཅན་དུ་འགྱུར་བར་ངེས་པའི་སྡོམ་པ་མ་ཐོབ་པར་བུད་མེེད་ཀྱི་ཆོ་གས་བསྙེན་པར་རྫོགས་པར་བྱས་ཀྱང་བསྙེན་པར་རྫོགས་པར་མི་འགྱུར་ཏེ། དེའི་ལས་ཀྱི་ཆོ་ག་ལས་འདས་པའི་ཕྱིར་རོ། །རྨ་ཚོ་མེད་ཀྱང་སྐྱེ་སྟེ། སྐྱེས་པའི་ཆོ་གས་བསྙེན་པར་རྫོགས་ན་སྐྱེ་བར་བཤད་པའི་ཕྱིར། ཞེས་ཟེར་ཏེ། སྐྱེས་པའི་ཆོ་གས་བྱེད་པ་ན་མ་བྱས་ཀྱང་ཆོ་ག་ཆད་པ་མེད་པའི་ཕྱིར་རོ། །འདིར་ཆོ་ག་ཁྱད་པར་ཅན་ཆད་པའི་ཕྱིར་རོ། །འདིའི་འགྲེལ་པ་ཐམས་ཅད་ལས། འདི་མེད་ན་བསྙེན་པར་རྫོགས་པར་མི་འགྱུར་བར་བཤད་ཅིང་། མེད་ཀྱང་སྐྱེ་བར་བཤད་པའི་ལུང་མེད་པའི་ཕྱིར་རོ། །དེ་ནི་བསྙེན་རྫོགས་ཀྱི་ཆེད་དུ་གསང་སྟེ་སོགས་ཏེ། དགེ་སློང་མའི་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་ནོ། །ཞེས་སོགས་གསུངས་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་སྦྱིན་པར་དགེ་སློང་མའི་སྡོམ་པ་སྦྱིན་དུ་རུང་བར་ལུང་གང་ལས་ཀྱང་བཤད་དུ་མེད་པར་དངོས་སུ་གསུངས་འདུག་པའི་ཕྱིར་དང་སྔ་རབས་པ་རྨ་ཚོ་སོགས་ཀྱིས་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་པར་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་པར་གསུངས་པ་ལ་དངོས་སུ་དགག་པ་མཛད་པའི་འདུག་པའི་ཕྱིར་རོ། །འོ་ན་ཁྱོད་ལ་དགེ་སློང་མའི་སྡོམ་པའི་སྔོན་དུ་ཚངས་སྤྱོད་ཉེར་གནས་ངེས་པར་དུ་འགྲོ་དགོས་པ་དང་ཚངས་སྤྱོད་ཉེར་གནས་མ་སོང་པར་དགེ་སློང་མའི་སྡོམ་པ་སྐྱེ་བ་མེད་པའི་ཤེས་བྱེད་གང་ཡོད་ཅེ་ན། ཁོ་བོས་ནི་ཤེས་བྱེད་འདི་ལྟར་དྲངས་ཏེ་ལེགས་པར་གསན་མཛོད། དེ་ཡང་དགེ་སློང་མའི་ལུང་རྣམ་འབྱེད་ལས། དེ་ལྟར་དགེ་སློང་མའི་དགེ་འདུན་གྱིས་སུ་ཡང་རུང་བ་འགའ་ཞིག་ལ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཕོག་ན་དགེ་སློང་མ་དེས་ཅི་བདེར་བསྙེན་པར་རྫོགས་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཞེས་སོགས་གསུངས་པས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕོག་པའི་འོག་ཏུ་དགེ་སློང་མ་དེས་ཅི་བདེར་བསྙེན་པར་རྫོགས་སུ་རུང་བར་གསུངས་པ་ལས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཕོག་པར་ཅི་བདེར་བསྙེན་པར་རྫོགས་སུ་རུང་བ་མ་གསུངས་པའི་ཕྱིར་ན་འདིས་ཀྱང་ཚངས་སྤྱོད་ཉེར་གནས་མ་སྦྱིན་པར་བསྙེན་པར་རྫོགས་སུ་མི་རུང་བ་བསྟན་པའི་ཕྱིར་དང་། ། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་པ་དངོས་སུ་གསུངས་པའི་ཕྱིར་དང་། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རང་གི་རྣམ་བཤད་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ་ཞེས་བྱ་བ་ལ། འདིར་བསྙེན་པར་རྫོགས་པ་ནི་ཚངས་པར་སྤྱོད་པའོ། །དེ་ལ་ཉེ་བར་གནས་པ་ནི་ཉེ་བར་སྐྱེ་བར་བྱེད་པའོ། །ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པར་བྱ་བའི་ཕྱིར་སྡོམ་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པའོ། །གང་གིས་དེ་མ་ཐོབ་པ་དེ་ནི་ཚངས་བར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་ལ་མ་ཐོབ་པ་སྟེ་དེ་ལའོ། །བསྙེན་པར་རྫོགས་པར་མི་འགྱུར་བ་ནི་གང་གི་ཕྱིར་འདི་རྣམས་ཀྱི་སྡོམ་པ་ནི་བསྙེན་པར་རྫོགས་པའི་དོན་དུ་སྟེ། ཞིང་ཉིད་དུ་ངེས་པར་བྱེད་པ་དེ་ལས་འདི་མ་ཐོབ་པར་ནི་བསྙེན་པར་རྫོགས་པ་མ་ཡིན་ནོ། །ཞེས་སོགས་གསུངས་པས་ལུང་འདི་ལས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ་ཞེས་པ་འདི་དང་ཞིང་ཉིད་དུ་ངེས་པར་བྱེད་པ་དེ་ལས་འདི་མ་ཐོབ་པར་ནི་བསྙེན་པར་རྫོགས་པ་མ་ཡིན་ནོ། །ཞེས་པའི་ལུང་འདི་གཉིས་ཀྱིས་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་བར་བསྙེན་རྫོགས་མི་ཐོབ་པ་དང་ཚངས་སྤྱོད་ཉེར་གནས་ཀྱིས་བསྒྲུབ་བྱ་དེ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་ཞིང་ཉིད་དུ་བྱེད་པ་དང་དེ་མ་ཐོབ་པར་བསྙེན་རྫོགས་མའི་སྡོམ་པ་མི་ཐོབ་པར་གསལ་བར་གསུངས་འདུག་པའི་ཕྱིར་རོ། །

ཡང་རྒྱ་ཆེར་འགྲེལ་ལས། ཅི་དགེ་སློབ་མ་ཉིད་སྤྱད་པའི་འོག་ཁོ་ནར་དེ་བསྙེན་པར་རྫོགས་པར་བྱའམ་ཞེ་ན་དེའི་ཕྱིར། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཚངས་པ་ཞེས་བྱ་བའི་སྒྲ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེའི་དོན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་བསྙེན་པར་རྫོགས་པའོ། །དེ་ལ་ཉེ་བར་གནས་པ་ནི་ཉེ་བར་སྐྱེད་པར་བྱེད་པ་ལ་ཉེ་བར་གནས་པར་བྱ་བའི་ཕྱིར། སྡོམ་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྟེ། ལུས་ལ་བསྙེན་པར་རྫོགས་པ་སྐྱེ་བའི་སྐལ་བ་ཅན་དུ་འགྱུར་བར་ངེས་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པའོ། །གང་གིས་དེ་མ་ཐོབ་པ་དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པ་སྟེ། བསྙེན་པར་རྫོགས་པར་འདོད་པ་གང་གིས་དེ་ནི་མ་ཐོབ་པ་དེ་ལ་ནི་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་གསུངས་པ་དང་། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོའི་འགྲེལ་ཆུང་ལས། ཚངས་པར་སྤྱོད་པའི་གནས་སྡོམ་པ་སྦྱིན་ཚངས་པར་སྤྱོད་པའི་ཆོ་ག་འདི་མ་བྱས་པར་བསྙེན་པར་རྫོགས་པར་བྱས་ཀྱང་ཁྲིམས་མི་འཆགས། སྔར་གསང་སྟེ་སྟོན་པའི་འོག་ཏུ་སྦྱིན། ཚངས་པར་སྤྱད་པའི་གནས་སྡོམ་པ་སྔར་གསང་སྟེ་སྟོན་པས་བར་ཆད་དྲིས་ལ་སྦྱིན་ཞིང་དབོག །དགེ་འདུན་གྱིས་སོ། །ཚངས་པར་སྤྱོད་པའི་གནས་སུ་སྡོམ་པའི་ཆོ་ག་སྦྱིན་པ་ནི་དགེ་སློང་མའི་དགེ་འདུན་གྱིས་བྱའོ། ། ཞེས་སོགས་ཚངས་སྤྱོད་ཉེར་གནས་ཀྱི་ཆོ་ག་སྔོན་དུ་མ་བྱས་པར་བསྙེན་རྫོགས་མའི་སྡོམ་པ་དངོས་སུ་མི་འཆགས་པ་གསུངས་འདུག་པའི་ཕྱིར་རོ། ། གཞན་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏས་ཀྱང་། དེང་སང་གངས་རིའི་ཁྲོད་འདི་རུ། །སངས་རྒྱས་བསྟན་པ་ལ་དོར་ནས། །བླུན་པོ་རང་གའི་ཆོ་ག་དང་། །ལྟ་སྤྱོད་འཁྲུལ་བ་དུ་མ་བྱུང་། །སྒྲ་ཚད་མི་ཤེས་མཁས་པ་དང་། །ཐོས་པ་མེད་པའི་སྒོམ་ཆེན་དང་། །ཐད་ཀློག་མི་ཤེས་ལོ་ཙཱ་དང་། །སྡོམ་པ་མེད་པའི་བཙུན་པ་དང་། །སེམས་མ་བསྐྱེད་པའི་བྱང་སེམས་དང་། །སྦྲེལ་ནས་ཕུལ་བའི་སེམས་བསྐྱེད་དང་། །དགེ་སློང་མ་ཡི་ཆིག་རྫོགས་དང་། །བསྙེན་གནས་ལྷ་སྒོམ་ཆོ་ག་དང་། །རྟག་པར་ལྟ་བའི་ཕྱག་ཆེན་དང་། །ཆད་པར་ལྟ་བའི་རྫོགས་ཆེན་དང་། །མུ་ཅོར་དུ་མའི་ཚོགས་འདི་དག །སངས་རྒྱས་བསྟན་པའི་སྲོག་གཅོད་ཡིན། །ཞེས་སོགས་གསུངས་པས་དགེ་སློང་མའི་སྡོམ་པ་གཉིས་ཀའི་དགེ་འདུན་ལས་ཐོབ་དགོས་པར་གསུངས་པ་ལས་ཆིག་རྫོགས་སུ་ལེན་དུ་མི་རུང་པར་གསུངས་པའི་ཕྱིར་དང་། ཡང་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ཀྱང་། འགའ་ཞིག་སྐྱེས་ཚོགས་ཁོ་ན་ཡིས། །དེང་སང་བུད་མེད་བསྙེན་རྫོགས་བྱེད། །དངོས་གཞི་གསོལ་བཞིའི་ལས་ཀྱི་ཚེ། །ཚོགས་གཉིས་ཕན་ཚུན་བསྣོར་བ་དང་། །ལས་ཚིགས་ཕན་ཚུན་བསྣོར་བས་ཀྱང་། །འཆགས་པར་ལས་གཞི་ཉིད་ལས་གསུངས། །འོན་ཀྱང་ད་ལྟའི་ཆོ་ག་ཡིས། །བུད་མེད་བསྙེན་པར་རྫོགས་པ་ལ། །ཚངས་སྤྱོད་ཉེར་གནས་མ་སོང་བར། །བསྙེན་པར་རྫོགས་པར་མི་འགྱུར་ཞིང་། །ཚངས་སྤྱོད་ཉེར་གནས་མ་ཚོགས་ནི། །ཁོ་ནས་སྟེར་བར་གཞུང་ལས་གསུངས། །འདི་ལ་དམིགས་བསལ་མ་གསུངས་ཤིང་། །སྒྲུབ་བྱེད་གཞན་ཡང་མེད་པས་ན། །འདི་འདྲའི་ཆོ་ག་བྱེད་པ་ནི། །བསྟན་པ་དཀྲུག་པའི་སྙད་ཀར་ཟད། །ཅེས་སོགས་གོང་གི་གཞུང་དེ་རྣམས་དང་མཐུན་པ་ལེགས་པར་གསུངས་གནང་པའི་ཕྱིར་རོ། ། ཡང་ཁྱོད་ཀྱིས་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་པའི་དགེ་སློང་མའི་སྡོམ་པ་སྐྱེ་བ་ཡོད་དེ་སྦམ་དགའ་མོ་ལ་དེ་ལྟར་མ་སོང་པར་དགེ་སློང་མའི་སྡོམ་པ་སྐྱེ་བར་གསུངས་པའི་ཕྱིར་ཞེས་བཀོད་འདུག་ལ་དེ་ལྟར་གསུངས་པ་ཡོད་མོད་ཀྱང་དེ་ལྟར་ན་ད་ལྟའི་ཆོ་གའི་སྐབས་འདིར་སྐྱེས་པ་ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་ན་སྐྱེ་བ་ཡོད་པར་ཐལ། སྔར་བཅུ་བདུན་སྡེ་ལ་དེ་ལྟར་སྐྱེས་པ་གསུངས་པའི་ཕྱིར། འདོད་ན། གཞུང་ལས་དེ་ལྟར་མི་སྐྱེ་པར་གསུངས་པ་དེ་རྣམས་སྐྱེ་ལ་ཉེས་བྱས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་འགྲེལ་དགོས་པར་ཐལ་ལོ། །གལ་ཏེ་བཅུ་བདུན་སྡེ་བཅས་པ་དང་པོར་མཛད་སའི་གཞི་ཡིན་པས་སྐྱོན་མེད་དོ་ཞེ་ན། འོ་ན་སྦམ་དགའ་མོ་ཡང་བཅས་པ་དང་པོར་མཛད་སའི་གཞི་ཡིན་པས་སྐྱོན་མེད་དོ་ཞེས་བསྒྲེའོ། །དེས་ན་ད་ལྟར་གྱི་ཆོ་གས་སྐྱེས་པ་ལོ་ཉི་ཤུ་མ་ལོན་པར་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་ན་བསྒྲུབ་བྱ་དེ་ལ་ལས་མི་འཆགས་པར་བཞིན་དུ་བུད་མེད་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་པ་ལའང་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་ན་ལས་མི་འཆགས་པ་དེ་དང་མཚུངས་པ་ཡིན་ནོ། །གལ་ཏེ་བུད་མེད་དེ་ཚངས་སྤྱོད་ཉེར་གནས་སྔོན་དུ་མ་སོང་པར་བསྙེན་པར་རྫོགས་ན་ལས་འཆགས་ཏེ་ལས་བྱེད་མཁན་དེ་ལ་ལྟུང་བྱེད་འབྱུང་བ་གསུངས་འདུག་པའི་ཕྱིར་སྙམ་ན། འོ་ན་ལོ་ཉི་ཤུ་མ་ལོན་པའི་སྐྱེས་པ་དེའང་བསྙེན་པར་རྫོགས་ན་ལས་འཆགས་པར་ཐལ་ཏེ། ལས་བྱེད་པ་པོ་དེ་ལ་ལྟུང་བྱེད་འབྱུང་བ་གསུངས་པའི་ཕྱིར་ཏེ། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་ཅེས་གཞུང་ལས་དངོས་སུ་གསུངས་ཡོད་པའི་ཕྱིར་རོ། །རེ་ཞིག་དེ་ཙམ་གྱིས་ཆོག་གོ །གོང་དུ་བྲིས་པའི་ཚངས་སྤྱོད་ཉེར་གནས་ཀྱི་སྐོར་ལ་དཔྱད་པ་འདི་ལྟར་བྱེད་དོན་ནི་གསེར་རྟའི་མཁན་པོ་རིག་དར་གྱིས་བྲིས་པའི་འདུལ་བའི་དཔྱད་རྩོམ་ཁ་ཤས་ཤིག་མཐོང་སྟེ་དེའི་སྐབས་སུ་མི་འཐད་པའི་ཆ་འགའ་ཤས་ཤིག་མཐོང་བས་རྐྱེན་བྱས་ཏེ་རིག་པའི་རྡོ་རྗེ་ནས་བོད་རབ་རྒྱན་ཤིང་འབྲུག་ལོའི་བོད་ཟླ་༧་པའི་ཚེས་-༢-གྱི་ཉིན་མོར་གསེར་རྟའི་མཁན་རིག་དར་ལ་སྤྲིངས་སོ། །

Leave a Reply

Your email address will not be published. Required fields are marked *