
༄༅།།རྡོ་རྗེ་གོ་ཁྲབ་ཀྱི་རིག་འཛིན་རྒྱལ་བའི་སྐུ་སྲུང་
༄༅།།རྡོ་རྗེ་གོ་ཁྲབ་ཀྱི་རིག་འཛིན་རྒྱལ་བའི་སྐུ་སྲུང་
ཡིད་བཞིན་ནོར་བུའི་མགུལ་རྒྱན་གྱི་ཕྲིན་ལས་
ཀུན་བཟང་ཞིང་གི་མེ་ལོང་
ཞེས་བྱ་བ་བཞུགས་སོ།།
ཨེ་མ་ཧོ༔
༼༡༽
དཔལ་ཆེན་གསང་བ་མཆོག་གི་དགྱེས་པ་ན།།
འགྱུར་མེད་ཡེ་ཤེས་རྡོ་རྗེའི་ཕྲིན་ལས་གང་།།
ཕྱོགས་དུས་རབ་འབྱམས་ཞིང་དུ་སྤེལ་བའི་མགོན།།
ཨེ་ཝྃ་རིག་འཛིན་བརྒྱུད་པས་དགེ་ལེགས་སྩོལ།།
༼༢༽
ཆོས་དབྱིངས་ཀུན་ཁྱབ་ཀ་དག་རྟག་ཏུ་བཞུགས།།
ཆོས་ཅན་འོད་གསལ་ལྷུན་གྲུབ་བརྟན་ཏུ་གསལ།།
ཆོས་ཀུན་རྡོ་རྗེ་སེམས་དཔའི་བདེ་ཆེན་དཔལ།།
ཆོས་རྒྱལ་ཆོས་ཀྱི་འཚོ་བར་གཡུང་དྲུང་མཛེས།།
༼༣༽
བཀྲ་ཤིས་གང་ཞིག་བདེ་ལེགས་དགའ་བའི་ཚལ།།
ཕུན་སུམ་ཚོགས་པའི་བསྟན་སྲིད་དབང་གིས་ཕྱུག།
ཨེ་ཝྃ་འཁོར་འདས་ཀུན་བཟང་སྒྱུ་འཕྲུལ་གར།།
ཡེ་ཤེས་དྲྭ་བའི་ཆོས་གླིང་རྒྱལ་གྱུར་ཅིག།
༼༤༽
ཡོངས་གྲོལ་ལྕགས་ལ་རྩི་བཞིན་རྣམ་པར་དག༵།
བསྐྱེད་རྫོགས་རྫོགས༵་པ་ཆེན་པོའི་ངང་ཉིད་ལས།།
ཨེ་ཝྃ་རྨད་བྱུང༌ཐེག་མཆོག་རྡོ་རྗེའི་ཆོས།།
མ་ལུས་འགྲོ་ཀུན་དབང་བཞིས་སྨིན་གྱུར་ཅིག།
༼༥༽
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
ལྟ་སྒོམ་སྤྱོད་པའི་འབྲས་བུ་མཐར་ཕྱིན་ནས།།
ཨེ་ཝྃ་མ་བཅོས་བཞི་ལྡན་སྙིང་པོའི་དོན།།
དོན་གཉིས་ལྷུན་གྲུབ་འཁོར་བ་དོང་སྤྲུགས་ཤོག།
ཅེས་པ་འདི་ཡང་རབ་གནས་ཤིང་སྦྲུལ་ཆོ་འཕྲུལ་ཟླ་བའི་དབང་ཕྱོགས་བཟང་པོ་དང་པོ་ལ་ཚ་བུ་འོད་གསལ་མཐའ་ཡས་རྡོ་རྗེ་ལྷུན་གྲུབ་དང་སྔགས་འཆང་བཀྲ་ཤིས་དབང་ཕྱུག་གིས་རྟེན་འབྲེལ་ལས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་རྒྱལ་བའི་དབང་པོའི་འདས་མཆོད་དང་འབྲེལ། གང་ཤར་བདེན་ཚིག་གྲུབ་པའི་སྨོན་ལམ་དུ་ཤྲཱིཿ ཨེ་མ་ཧོས་མཱ་ལེ་ཤ་ཡའི་ཡེ་ཤེས་འཁོར་ལོའི་ལྷ་ཁང་ནས་སྨོན་པར་དགེའོ།། ཤྲཱིཿ སརྦ་མངྒ་ལྃ་བི་ཛ་ཡནྟུ།། །།