
ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨ་མུ་ཀ་ཨུརྞ་མ་ཎི་ཡེ་སྭཱ་ཧཱ།
ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨ་མུ་ཀ་ཨུརྞ་མ་ཎི་ཡེ་སྭཱ་ཧཱ།
༄༅།།རྒྱལ་གླུ་པདྨའི་རྒྱལ་མཚན་ཡིད་བཞིན་ནོར་བུའི་ཏོག་གི་འོད་སྣང་ཞེས་བྱ་བ།
ཨེ་མ་ཧོ༔ ཨ་ལ་ལ་ཧོ།།
༼༡༽
ཀ་དག་ཡེ་ཀློང་མཉམ་པར་བརྡལ་བའི་དབྱིངས།།
ལྷུན་གྲུབ་འོད་གསལ་སྙིང་པོ་འབྱམས་ཀླས་པས།།
སངས་རྒྱས་ཡེ་ཤེས་དྲག་སྔགས་གླིང་པའི་གར།།
ཨེ་ཝྃ་ཆོས་རྒྱལ་དམ་པ་ཀུན་ནས་རྒྱལ།།
༼༢༽
འཁོར་འདས་ཆོས་ཀུན་རང་གྲོལ་རྡོ་རྗེའི་སྐུ།།
ཟབ་རྒྱས་དབྱངས་ཀུན་ཐོས་གྲོལ་དམ་པའི་གསུང་།།
སྤངས་རྟོགས་ཡོན་ཏན་སྨིན་གྲོལ་མཁྱེན་བརྩེའི་ཐུགས།།
དོན་གཉིས་ལྷུན་གྲུབ་དཔལ་དགྱེས་རྡོ་རྗེ་རྒྱལ།།
༼༣༽
སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་ལས།།
དོན་དམ་བྱང་ཆུབ་སེམས་ལ་མངའ་དབང་བསྒྱུར།།
ནམ་མཁའ་མཛོད་ཀྱི་ཏིང་འཛིན་འཕྲུལ་འཁོར་གྱི།།
འདོད་རྒུ་ཀུན་འབྱུང་ཡིད་བཞིན་ནོར་བུ་རྒྱལ།།
༼༤༽
བདེ་ཆེན་རབ་འབར་དབང་གི་ཕོ་བྲང་ནས།།
མ་ལུས་འགྲོ་ཀུན་སྡུད་པའི་མཐུ་སྟོབས་ཅན།།
ཐབས་གྲོལ་ཨུཏྤལ་དམར་པོའི་ཕྱག་རྒྱའི་གར།།
བཅོམ་ལྡན་སྣང་མཐའི་པདྨ་རྒྱལ་པོ་རྒྱལ།།
༼༥༽
ཞི་བདེའི་ཏིང་འཛིན་ཤེས་རབ་སྒྱུ་འཕྲུལ་ལས།།
མ་རུང་བདུད་བཞིའི་འཇིགས་པ་ཀུན་བསྒྲལ་ཏེ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲིངས།།
ཕྲིན་ལས་ཀུན་ཁྱབ་ཡེ་ཤེས་རལ་གྲི་རྒྱལ།།
༼༦༽
གསང་ཆེན་ཡང་དག་གངས་ཆེན་མཚོ་ཡི་གཏེར།།
ཟག་མེད་ཡེ་ཤེས་མཛོད་ལ་དབང་འབྱོར་བའི།།
གསང་བ་སྙིང་པོའི་ཡང་གསང་བླ་ན་མེད།།
མདོ་རྒྱུད་མན་ངག་བརྩིབས་སྟོང་འཁོར་ལོར་རྒྱལ།།
༼༧༽
སྔགས་སྐྱེས་མཁའ་འགྲོའི་རྟེན་འབྲེལ་མངོན་དུ་གསལ།།
ཞིང་སྐྱེས་མཁའ་འགྲོའི་ཚོགས་ལ་མངའ་དབང་བསྒྱུར།།
ལྷན་སྐྱེས་མཁའ་འགྲོའི་དེ་ཉིད་མངོན་སུམ་རྟོགས།།
མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་དཔལ་རྒྱལ།།
༼༨༽
བསམ་སྦྱོར་ངན་པའི་བདུད་རིགས་རྩ་ནས་ཞི།།
གང་འདོད་ལོངས་སྤྱོད་དབྱར་གྱི་མཚོ་བཞིན་རྒྱས།།
དབང་དྲག་མཆོག་གི་དངོས་གྲུབ་ཀུན་ཐོབ་ནས།།
མཐུན་རྐྱེན་ལེགས་འཛོམས་ཀུན་བཟང་རྒྱལ་པོ་རྒྱལ།།
༼༩༽
རྒྱལ་ལོ་རྒྱལ་ལོ་དཀོན་མཆོག་རྩ་གསུམ་རྒྱལ།།
རྒྱལ་བསྟན་དར་ཞིང་རྒྱལ་ཁམས་བདེ་བར་རྒྱལ།།
རྒྱལ་ཀུན་དགྱེས་པས་རྒྱལ་གླུ་རྒྱལ་སྲས་རྒྱལ།།
རྒྱལ་རྒྱལ་རང་རྒྱལ་ལྷ་མི་ཐམས་ཅད་རྒྱལ།།
ལྷ་རྒྱལ་ལོ། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།
ཞེས་པ་འདི་ཡང་རབ་གནས་ཤིང་སྦྲུལ་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་༸སྐྱབས་རྗེ་གྲུབ་དབང་རིག་འཛིན་གྲུབ་པ་མཐར་ཕྱིན་མཆོག་དང་། རིག་འཛིན་རྟེན་འབྲེལ་བཟང་མོ་དང་མཁས་དབང་ལོ་ཙཱ་བ་ཆེན་པོ་རིག་འཛིན་དཔལ་ལྡན་རྡོ་རྗེ་དང་བླ་ཚབ་རིག་འཛིན་ནོར་བུ་རྡོ་རྗེ་དང་། རིག་འཛིན་རྡོ་རྗེ་སྒྲོལ་མ་དང་རིག་འཛིན་ཀརྨ་མཁའ་འགྲོ་དང་རིག་འཛིན་དཔལ་ལྡན་ལྷ་མོ་བཅས་རིག་འཛིན་འདུས་སྡེའི་བཀོད་བསྒྲིགས་ལེགས་གནང་དང་། དཔལ་སྔ་འགྱུར་རིག་འཛིན་ཆོས་འཁོར་གླིང་ནས་རྨི་ལམ་སྐོར་ལས་གསང་བ་རྣལ་འབྱོར་རྣམས་འཆད་བཞིན་པའི་སྐབས་སུ་གང་ཤར་བ་དག་རྨི་ལམ་དབང་ཕྱུག་གམ་རིག་འཛིན་ཨེ་མ་ཧོས་དེ་ཉིད་དུ་རྒྱལ་གླུ་རུ་ཐོལ་གྱིས་བླངས་པར་དགེའོ།།
ཤྲཱིཿ སརྦ་མངྒ་ལམ།