
༄༅།།སྔ་འགྱུར་རིག་འཛིན་ཆོས་འཁོར་གླིང་ལ་ཆེད་དུ་འབུལ་བའི་གཏམ་
༄༅།།སྔ་འགྱུར་རིག་འཛིན་ཆོས་འཁོར་གླིང་ལ་ཆེད་དུ་འབུལ་བའི་གཏམ་
རྟེན་འབྲེལ་ལས་ཀྱི་ལམ་བཟང་ཞེས་བྱ་བ་བཞུགས་སོ།།
ན་མོ་མ་ཧཱ་གུ་རུ་རཏྣ་ཏྲ་ཡཱ་ཡ།།
༼༡༽
ཆོས་དབྱིངས་ཡེ་ཤེས་རབ་འབྱམས་རྒྱལ་བའི་སྐུ།།
ཆོས་ཅན་རྟེན་འབྲེལ་བཟང་པོའི་དམ་ཆོས་གསུང་།།
ཆོས་ཀུན་དེ་ཉིད་རིག་པ་བླ་མའི་ཐུགས།
ཆོས་འཁོར་གླིང་གི་ཕྲིན་ལས་ཀུན་ཁྱབ་རྒྱལ།།
༼༢༽
བྱམས་བརྩེ་དག་པ་ནམ་མཁའི་ཁམས་དང་མཉམས།།
དགའ་བདེ་རྫོགས་པ་རྒྱར་མཚོའི་གཏེར་ཏུ་གཏམས།
བཏང་སྙོམས་སྨིན་གྲོལ་ཀུན་ལ་ཁྱབ་པས་མཛེས།།
སྙིང་གི་གྲོགས་པོའི་མཛད་པར་རྗེས་ཡི་རངས།།
༼༣༽
འཁོར་འདས་སྤྱན་རས་ཡངས་པའི་ལོ་ཙཱ་ཆེ།།
སྦྱིན་པའི་ཕྱག་རྒྱ་ཆེན་པོའི་རྟེན་བཟང་འབྲེལ།།
སྙན་པའི་ངག་པ་དབང་བའི་སྒྲོལ་མའི་དབྱངས།།
བསྟན་འགྲོར་ཕན་བདེ་སྤེལ་བའི་ཆོས་ཚོགས་རྒྱལ།།
༼༤༽
གནས་སའི་འཁོར་ཡུག་ས་ཆུ་བཟང་དགུ་འཛོམས།།
ཕྱོགས་བཅུའི་མི་སྣ་གུ་ཡངས་ཆོས་དཔལ་དད།།
སྒྱུ་འཕྲུལ་དཀྱིལ་འཁོར་གླིང་དཀར་དཔའ་བོའི་གར།།
སྔ་འགྱུར་ཆོས་འཁོར་གླིང་མཆོག་རྟག་ཏུ་རྒྱལ།།
༼༥༽
རྩ་བརྒྱུད་བླ་མའི་དགོངས་བརྡ་སྙན་ནས་བརྒྱུད།།
ལས་སྨོན་རྟེན་འབྲེལ་བཟང་མོས་དམ་ཚིག་ཅན།།
སྐལ་ལྡན་སློབ་ཚོགས་རྒྱས་པའི་གདན་ས་ཉིད།
མི་ནུབ་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།།
ཅེས་པ་འདི་ཡང་རབ་གནས་ཤིང་སྦྲུལ་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་༸སྐྱབས་རྗེ་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་བཀོད་བསྒྲིགས་དང་ལོ་ཙཱ་བ་ཆེན་པོ་དཔལ་ལྡན་རྡོ་རྗེ་ཡབ་ཡུམ། བླ་ཚབ་ནོར་བུ་རྡོ་རྗེ་དང་རྟེན་འབྲེལ་བཟང་མོ་སོགས་དད་གུས་་སྣང་ཅན་ལ་ཉིན་མ་བདུན་གྱི་རིང་ལ་ཆོས་ཁྲིད་ཟབ་རྒྱས་རྟོགས་པའི་མཎྜལ་འབུལ་ཐུབ་པ་དང་ངེད་ཅག་བླ་སློབ་འབྲལ་མི་ཕོད་པའི་ངང་དུ་མཉམ་པོར་གནམ་ཐང་དུ་ཆས་ཁར་གང་ཤར་བཀའ་དྲིན་ཆེ་འབུལ་དུ་ཤྲཱིཿ ཨེ་མ་ཧོས་དགའ་གཏམ་གླུ་རུ་བླངས་པར་དགེའོ།།
ཤྲཱིཿ སརྦ་བི་ཛ་ཡནྟུ།། །།