RINPOCHE MEETS WITH H.E. JAMYANG DAGMOLA SAKYA
དེ་རིང་ནི་བདག་གི་རྨི་ལམ་གྱི་བདེན་པ་མངོན་དུ་གྱུར་ནས་རྗེ་བཙུན་འཕགས་མ་སྒྲོལ་མ་དཀར་མོ་དང་རྣམ་དབྱེར་མ་མཆིས་པའི་འཕགས་མ་སྒྲོལ་མ་འཇམ་དབྱངས་དཔལ་མོ་དང་དངོས་སུ་ཞལ་མཇལ། རྗེ་བཙུན་སྒྲོལ་མ་དཀར་མོ་འོད་ཟེར་བརྒྱ་བའི་དབང་ལུང་མན་ངག་ཁྲིད་བཅས་གདམས་ངག་ཐམས་ཅད་ཐུགས་བརྩེ་ཆེན་པོས་སྒོ་ནས་གནང་བ་དང་བྱིན་རླབས་བསྩལ་བས་རྗེས་སུ་བཟུངས། བསོད་ནམས་དང་སྐལ་བ་བཟང་སོང་། ༸སྐྱབས་རྗེ་དམ་པ་ཀཿ ཐོག་རིག་འཛིན་ཆེན་པོ་དང་མཁའ་འགྲོ་དམ་པ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུའོ། ཚེ་རིང་ནད་མེད་ཀྱི་བྱིན་རླབས། ཟབ་གཏེར་སྒོ་འགྱེད་ཀྱི་དངོས་གྲུབ། མན་ངག་ཀུན་ཚང་གི་གདམས་ཟབ། བདུད་བཞི་གཡུལ་རྒྱལ་གྱི་དཔའ་གདེང་བཅས་གང་བསམ་ལྷུན་གྲུབ་ཀྱི་རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་སུ་འགྲིགས་སོ།། ཨེ་མ་ཧོས་ཨ་རིའི་སྟག་ཚང་བ་གམ་ནས་བྲིས་པར་དགེའོ།།
༄༅།།ཁོ་ལོ་རཱ་དྲོའི་ལྷ་རི་དང་ཀླུ་ཤིང་ལ་གསོལ་སྨོན་
༄༅།།ཁོ་ལོ་རཱ་དྲོའི་ལྷ་རི་དང་ཀླུ་ཤིང་ལ་གསོལ་སྨོན་ ཀུན་བཟང་ཟླ་བའི་འོད་ཟེར་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ནཱ་ག་ཛྙཱ་ན་ཡེ།། ཀ་དག་མཁའ་ཀློང་གཙང་མའི་རི་ཀླུང་ནས།། ཁ་བས་སོ་ཞོ་ངོམས་པའི་ལྷུན་པོས་དཔུང་།། ག་བུར་མདངས་འཛིན་མུ་འཁྱུད་ཕྲེང་བས་བསྐོར།། ང་རྒྱལ་རྣམ་དག་དག་ཞིང་མངོན་པར་བསྟོད།། ཅ་ཅོ་དྲེད་མོའི་གཏམ་གླེང་ངང་གིས་དབེན།། ཆ་རྐྱེན་ཀུན་བཟང་མཆོད་པའི་སྤྲིན་ཆེན་སྤུངས།། ཇ་ཆང་འདོད་ཡོན་ལོངས་སྤྱོད་ཡོངས་སུ་བཤམས།། ཉ་གང་ཟླ་བཞིན་རྒྱལ་བ་སྲས་བཅས་མཆོད།། ཏ་ཐཱ་ག་ཏའི་བསྟན་པ་ཁྱོད་ཀྱིས་སྲུངས།། ཐ་དག་ཡེ་ཤེས་རྒྱལ་བའི་ཐུགས་རྗེས་ཟུངས།། ད་ལྟའི་དུས་རབས་ངན་པའི་མཐའ་དམག་བཟློག། ནཱ་ག་ར་ཛ་བི་ཛ་ཡནྟུ་རྒྱལ།། པ་ར་མི་ཏ་བྱང་སེམས་རྒྱུད་ལ་འབྱོར།། ཕ་མ་གཉིས་མེད་རྒྱུད་སྡེའི་ལྷ་སྲུང་ཆེ།། བཛྲ་ཐེག་པའི་གཏེར་སྲུང་གཞི་ཡི་བདག། མ་ལུས་འཁོར་དང་བཅས་པར་མངའ་གསོལ་ལོ།། ཙ་རི་ཏྲ་དང་གནས་ཡུལ་དུར་ཁྲོད་ནས།། ཚ་གྲང་གཡུལ་ལས་སྐྱོབ་པའི་བཀའ་སྲུང་ཆེ།། ཛ་ཡའི་བསྟན་སྲུང་དམ་ཚིག་དུས་ལ་བབས།། ཝ་ལེར་གནས་འདིར་བྱོན་ལ་ཕྲིན་ལས་མཛོད།། ཞྭ་དམར་སྔ་འགྱུར་བསྟན་པའི་རྒྱུད་པ་འཛིན།། ཟ་ཧོར་མཁན་སློབ་རིག་པའི་དཀོར་གཉེར་སྐྱོང་།། འ་ཅག་ཕན་བདེ་སྤེལ་བའི་གྲོགས་མཛད་ནས།། ཡ་མཚན་རྫོགས་ལྡན་དང་པོ་མགྲོན་དུ་འབོད།། ར་བ་གངས་རི་ཕྲེང་བས་ཡོངས་སུ་བསྐོར།། ལ་ལུང་མེད་པར་གཙང་གསལ་སྒྱུ་འཕྲུལ་གར།། ཤ་ཞེན་བསྟན་པའི་ལ་རྒྱ་ལེགས་པར་བསྲུངས།། ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་སྤོར།། ཧ་ཅང་མཛེས་པའི་ཁོ་ལོ་རཱ་དྲོ་རུ།། ཨ་ཏིའི་དད་པ་བསྟན་པ་འཛིན་སྐྱོང་སྤེལ་མཛད་པའི།། ཧ་ཤང་དམ་པས་ཞིང་ཀུན་ཁྱབ་པར་མཛོད།། ཨི་ལྡན་དབྱངས་གསལ་སྙན་པའི་ཐུགས་དམ་བསྐང་།། ཨུ་དུམ་ཝ་ར་ལས་ལྷག་སངས་རྒྱས་དཔལ།། ཨེ་མ་འགྲོ་ཀུན་དགྱེས་པའི་རྡོ་རྗེ་ཆོས།། ཨོ་རྒྱན་པདྨའི་རིང་ལུགས་དར་རྒྱས་ཤོག། ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་ས་ག་ཟླ་བའི་དབང་ཕྱོགས་རྒྱལ་བ་དང་པོར་གནས་རི་དེ་ཉིད་ནས་འཇིགས་མེད་ཀུན་མཁྱེན་རིན་པོ་ཆེ་དང་མཁའ་འགྲོ་ཟླ་བ་ལྷ་མོས་གསུང་ལ་བསྟེན་ནས་གང་ཤར་རྩོལ་མེད་དུ་བྱུང་བ་དག་ཨ་རིའི་ཨེ་ཝྃ་ཨ་མ་གླིང་ནས་ཤྲཱིཿ ཨེ་མ་ཧོས་གཞི་བདག་བཀའ་སྲུང་མཆོད་གསོལ་དུ་བྲིས་པ་དོན་དང་ལྡན་པར་གྱུར་ཅིག་གུ།།…
༧ ཆོས་རྗེ་དམ་པ་བླ་མ་ཡིད་བཞིན་ནོར་བུའི་རིན་པོ་ཆེའི་མ་འོངས་ལུང་བསྟན།
དགོན་པ་དུ་མ་དུས་གཅིག་ཏུ་བཞེང་བའི་མཛད་བཟང་།
དགོན་པ་དུ་མ་དུས་གཅིག་ཏུ་བཞེང་བའི་མཛད་བཟང་། ཨེ་མ་ཧོ༔ ༼༡༽ བསོད་ནམས་ཆོས་དཔལ་གྱི་སྒྲོན་མེ་འབར།། ཤེས་རབ་ཕར་ཕྱིན་ཆོས་མིག་སྣང་།། འོད་གསལ་མཐའ་ཡས་རྡོ་རྗེ་ཡིས།། ཨོ་རྒྱན་མཁའ་འགྲོའི་གླིང་ཀ་བཞེངས།། ༼༢༽ ཚེ་རབས་སྐྱེ་བའི་ཕྲེང་བར་འབྲེལ།། བླ་མའི་དགོངས་པ་བཞིན་སྒྲུབ་པའི།། སྤྲུལ་སྐུ་འོད་གྲགས་རིན་པོ་ཆེས།། ཨེ་ཝྃ་བསམ་ཡས་གླིང་ཀ་བཞེངས།། ༼༣༽ ཆོས་དང་དམ་ཚིག་གཅིག་ཏུ་འབྲེལ།། ཆོས་མཐུན་མཛད་པའི་ཕྲིན་ལས་ཅན།། ཆོས་བདག་པདྨ་ཆོས་གྲགས་ཀྱིས།། ཨེ་ཝྃ་ཀུན་བཟང་ཆོས་གླིང་བཞེངས།། ༼༤༽ གནས་བརྟན་སྡེ་སྣོད་འཛིན་པ་ཆེ།། མཁན་ཆེན་བླ་མ་ཁོ་ནར་དད།། དགེ་སློང་འཇམ་མགོན་བླ་མ་ཡིས།། ཨེ་ཝྃ་གེ་སར་དགོན་པར་བཞེངས།། ༼༥༽ བསླབ་གསུམ་རྒྱན་གྱིས་ཐུགས་རྒྱུད་ཕྱུག། སྡེ་སྣོད་གསུམ་གྱིས་ཆོས་སྒྲ་སྒྲོག། གསང་གསུམ་བླ་མ་སྐྱབས་བཅོལ་བས།། ཨེ་ཝྃ་ཀུན་དགའ་ར་བར་བཞེངས།། ༼༦༽ རྨི་ལམ་གོ་ཁྲབ་རྡོ་རྗེ་ལས།། ནགས་ཚལ་དགའ་བའི་ཀླུང་ཆེན་པོར།། སྔགས་འཆང་དཔལ་ཆེན་རྡོ་རྗེ་ཡིས།། པདྨ་དྲག་གླིང་དགོན་པར་བཞེངས།། ༼༧༽ ཨེ་ཝྃ་ཆོས་སྨན་གེ་སར་ལྗོངས།། ཁྲ་སྡོམ་རྫ་ཁྲའི་གུང་བ་རུ།། རྣལ་འབྱོར་ཨེ་ཝྃ་རིག་པ་ཡིས།། སྤྱི་དཔོན་དཔེ་མཛོད་ཁང་ཆེན་བཞེངས།། ༼༨༽ དྲག་སྔགས་གླིང་པའི་ཐུགས་ཀྱི་སྲས།། གྲུབ་དབང་རྫོགས་ཆེན་རྒྱལ་བའི་སྲས།།…
ཨོ་རྒྱན་རིན་པོ་ཆེ་ལ་མཁྱེན་གསོལ་ཀུན་འདུས་རྒྱལ་བ།
ཨོ་རྒྱན་རིན་པོ་ཆེ་ལ་མཁྱེན་གསོལ་ཀུན་འདུས་རྒྱལ་བ། ན་མོ་མ་ཧཱ་གུ་རུ་པདྨ་སྃ་བྷ་ཝེ།། ཨེ་མ་ཧོ༔ སངས་རྒྱས་ཆོས་དང་དགེ་འདུན་ངོ་བོ་ཉིད།། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།། ཕྱི་ནང་གསང་བའི་འགལ་རྐྱེན་ཀུན་ཞི་ནས།། བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་ཤོག། ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་རང་བཞིན་དཔལ།། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།། ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་རྒྱས།། བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་ཤོག། ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་ཐུགས་རྗེ་ཅན།། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན་ལ་དབང་།། བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་ཤོག། ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འགྲོ་འདུག་ཟ་ཉལ་བསམ་སྤྱོད་ཐམས་ཅད་ཀུན།། ཀུན་བཟང་ཨོ་རྒྱན་རྗེ་དང་རོལ་གཅིག་ཏུ།། སྣང་གྲགས་རིག་པའི་ཕྲིན་ལས་འགྲོ་ཁམས་ཁྱབ།། བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་ཤོག། ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པ་འདི་ཡང་རབ་གནས་ཆུ་ཡོས་ནག་པ་ཟླ་བའི་ཡར་ངོའི་་རྒྱལ་བ་གསུམ་པའི་ནམ་ལངས་ཁར་སད་རྨི་བཟང་པོའི་བར་མཚམས་ནས་བྱ་དང་བྱེའུ་མང་པོས་ཨོ་རྒྱན་རིན་པོ་ཆེ་མཁྱེན་ནོ་ཞེས་འབོད་པ་གསལ་བོ་ཐོས་པའི་མོད་ལ་གང་ཤར་བ་དག་མ་བཅོས་སེམས་ཀྱི་རི་མོ་དག་ནགས་ཀླུང་ཆེན་མོ་དེ་ཉིད་དུ་ཤྲཱིཿ སྨྱོན་ཨེ་མ་ཧོས་དད་གུས་མིག་ཆུའི་ཕྲེང་རྒྱུན་བར་ནས་བརྡོལ་བའི་གསོལ་འདེབས་ཟབ་མོའོ།། སརྦ་མངྒ་ལྃ།
གསོལ་འདེབས་དངོས་གྲུབ་ཀུན་འདུས།
གསོལ་འདེབས་དངོས་གྲུབ་ཀུན་འདུས། ཨེ་མ་ཧོ༔ བླ་མའི་བླ་མ་པདྨ་ཆོས དབྱིངས་ཁྱབ་བརྡལ་མཁྱེན་ནོ་། ། བླ་མའི་བླ་མ་དག་པའི་དག་པ་རྒྱལ་བའི་སྲས་གཅིག་ངུར་སྨྲིག་འཛིན་པའི་དྲི་མེད་དགེ་སློང་བྱ་བྲལ་བ།། བརྒྱུད་པའི་རྒྱུད་པ་སྙན་ལས་སྙན་ལ་རབ་ཏུ་རྒྱུད་མཛད་ཤེལ་ཕྲེང་འཛིན་པའི་པདྨ་དཀར།། བྱིན་རླབས་རླབས་ཀྱིས་ཐུགས་རྗེ་འོད་དཀར་ཐུགས་ཀྱི་མཁྱེན་ཀློང་ཀུན་བཟང་དགོངས་པ་ཆོས་ཀྱི་དབྱིངས།། སྐུ་དྲིན་སྲིད་པའི་ཁྱོན་གྱིས་གཞལ་ཡང་གཞལ་མེད་དྲང་སྲོང་རྣལ་འབྱོར་ཆེན་པོ་ཁྱབ་བརྡལ་མགོན་མཆོག་སྙིང་ནས་དྲན།། ཨོྃ་ཨཱཿ ཧཱུྃ་དྷརྨཱ་དྷཱ་ཏུ་གུ་རུ་པདྨ་སིདྡྷི་ཧཱུྃ།། བླ་མའི་བླ་མས་བྱིན་རླབས་ཐོབ་པས་སྐལ་ལྡན་བུ་སློབ་མགོན་པོ་སྐྱབས་ནས་རང་ཤག་བཀྲ་ཤིས་རབ་བརྟན་གླིང་ནས་བྲིས་པ་དགེའོ་ལེགས་འཕེལ།། 11/4/2024
Alt Sidebar
Search




