• November 2024

    ཧྥོ་ལན་ཌྲཱི་ལ་བདེ་བར་འབྱོར་རོ།

    ཧྥོ་ལན་ཌྲཱི་ལ་བདེ་བར་འབྱོར་རོ། ཨ་ཡིག་ལས་བྱུང་ཨ་མའི་སྐྱེས་རབས་མཇལ།། ཨ་ཧོ་དད་གུས་དག་སྣང་འོད་དུ་འབར།། ཨ་བྷྱེ་ཏཱ་རེས་མཛེས་ལྗོངས་ཡོན་དུ་ཕུལ།། ཨ་ལ་ལ་ཧོ་ཧོ་ལན་ཨེ་ཝྃ་ཧོ།། 2/11/2024 ༄༅།།བླ་མ་ཀརྨ་ཆོས་འཕེལ་དབང་པོའི་ཞབས་བརྟན་ རིན་པོ་ཆེའི་གཏེར་ཅེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་བྷྱེ།། ཀ༵རྨ༵་རིག་པའི་རྡོ་རྗེའི་ཐུགས་སྨོན་མཐུས།། ཆོས༵་བཟང་ཡོན་ཏན་རབ་འཕེལ༵་ཡེ་ཤེས་གཟུགས།། མཁྱེན་བརྩེ་དབང༵་པོ༵འི་ཕྲིན་ལས་ཀུན་ཁྱབ་ཉིད།། སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་སྟོན་ཟླ་འབྲིང་པོའི་སྟོང་པ་གསུམ་པར་ཕྱི་དྲོའི་ཆར་རང་རིག་བླ་མའི་ཟབ་དབང་བསྐུར་སྐབས་སུ་རང་བྱུང་གི་སྨོན་ཚིག་ལྷ་ཁང་དེ་ཉིད་དུ་རང་དབང་གིས་ཨེ་མ་ཧོ༔ འམ་ཨ་ཏི་རིན་པོ་ཆེས་བདེན་ཚིག་གྲུབ་པའི་ཤིས་སྨོན་བགྱིས་པར་དགེའོ།། །། 1/11/2024

  • November 2024

    དད་དམ་གཙང་མའི་བླ་མ་དང་ཆོས་འབྲེལ་ལེགས་པར་གྲུབ་ནས་སི་ལོ་ཝ་ཀི་དང་རྒྱལ་ཕྲན་འགའ་རྒྱུད་ནས་གཏེར་བུམ་ལེགས་སྦྱིན་དང་སྒོམ་ཐག་རང་དབང་གིས་མཆོད་ནས་

    དད་དམ་གཙང་མའི་བླ་མ་དང་ཆོས་འབྲེལ་ལེགས་པར་གྲུབ་ནས་སི་ལོ་ཝ་ཀི་དང་རྒྱལ་ཕྲན་འགའ་རྒྱུད་ནས་གཏེར་བུམ་ལེགས་སྦྱིན་དང་སྒོམ་ཐག་རང་དབང་གིས་མཆོད་ནས་ དཔལ་ལྡན་མཆོག་སྦྱིན་དང་ཛམ་ལྷ་ཆོས་སྒྲོན་གྱི་སྡོད་གནས་ཀྱི་ནགས་ཀློང་ངམ། ཕོ་ལན་སྦྱིན་བདག་གི་རི་ཁྲོད་ན་བདེ་བར་མཆིས། ངོས་ལ་ཐུགས་ཁུར་གནང་བ་ཀུན་ཁམས་བདེ་ཞུ་བ་དང་ད་དུང་བསམ་ལྷུན་ཚར་རེ་གསུང་ཡོང་བར་མཁྱེན་ནོ།། ཨེ་མ་ཧོ་འམ་ཨ་ཏིས 3/11/2024 སྤྲུལ་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ཉུང་བསྡུས་སུ་བཀོད་པ་དད་གསུམ་པདྨོ་བཞད་ པའི་ཉི་གཞོན་ཞེས་བྱ་བ་བཞུགས་སོ༎ ༄༅༎པདྨའི་ཐུགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོ།། རྒྱལ་ཁམས་ཡོངས་ལ་འགྲོ་དོན་མང་དུ་མཛད།། སྤྲུལ་བའི་གཏེར་ཆེན་ཚུལ་ཁྲིམས་རྒྱ་མཚོ་ཡི།། པདྨའི་ཐུགས་བཞེད་འགྲུབ་པར་བྱིན་གྱིས་རློབས། དེ་ཡང་སྤྲུལ་བའི་སྐུ་མཆོག་དམ་པ་རྨ་ཡུལ་གཏེར་ཆེན༧ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི ། ཆུང་དུས་ནས་དཔོན་ཐོབ་ཀྱི་རྒྱབ་སྐྱོར་མེད་ལ ། ཕྱུག་ཐོབ་ཀྱི་ངོ་སོ་ཅི་ཡང་མེད་པར་བུ་རང་སྐྱེས་ཀྱི་ངོ་བོ་གཙང་མ་དང་། ཆོས་ཡང་དག་གི་ལམ་སྟོན་བཟང་པོ །རྗེ་བླ་མ་ཡི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བརྒྱུད་ནས་གསེར་ས་འོག་ན་ཡོད་ཀྱང་། འོད་ནམ་མཁར་འཆར་བའི་དཔེ་བཞིན ། སྤྲུལ་བའི་སྐུ་མཆོག་དམ་པ༧ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་བསྟན་འགྲོར་ཕན་པའི་མཛད་རྗེས་མང་ན་ཡང་འདིར་སྐབས་སུ་བབས་པ་རགས་བསྡུས་ཙམ་ཞིག་ གླིང་ཛཾ་དར་དང་ཡར་ཁོག་སྨན་སྐྱབས་གཉིས་ཀྱིས་ཁོང་དང་འབྲེལ་ཡོད་ཀྱི་བླ་སྤྲུལ ། དད་ལྡན་གྱི་ཡོན་བདག དམ་གཙང་གི་སློབ་མ །རྣམས་ཀྱི་མདུན་ས་ནས་འཚོལ་སྡུད་བྱས་པ་གཙོ་བོར་གླེང་བ་ལ ། དེ་ཡང་སྤྱི་ལོ་༡༩༩༠སྟེ་བོད་རབས་རྒྱན་ལྕགས་ཕོ་རྟ་ཡི་ལོའི་ཟླ་བརྒྱད་པའི་མར་ངོས་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་བཟང་ཁྱད་པར་ཅན་ལ། མགོ་ལོག་པདྨ་འབུམ་གྱི་མངའ་ཁོངས་ད་ལྟ་ས་གནས་སྙི་སྟོད་དུ་འབོད་པའི་ཡུལ་དེར་ཐོག་མར་སྐུ་འཁྲུངས། ཁོང་མ་འཁྲུངས་བའི་ཡར་སྔོན་དུ་མ་ཡུམ་ལ་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱིདོན་ས་ལུང་བསྟན་ནས་ཁྱོད་ལ་མ་འོངས་པར་སྐྱེས་བུ་དམ་པ་ཞིག་བསྟན་པ་དང་སེམས་ཅན་གྱི་ལ་བསམ་བཞིན་དུ་འབྱོན་པར་ལུང་བསྟན་པ་ལྟར་སྤྲུལ༧ཚུལ་ཁྲིམས་རྒྱ་མཚོ་ནི ། ཡབ་བྱ་བླ་མ་འབྱོར་རྒྱས་དང་ཡུམ་རྨོག་བཟའ་ཤེས་རབ་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་མ་ཡུམ་གྱི་སྐུ་ལུས་ལ་ན་ཟུག་ཅི་ཡང་མེད་པར་འཁྲུངས ། ཁོང་སྐུ་ན་ཆུང་ངུའི་དུས་སུ་ཞལ་ནས་ཀ་ཁ་ཞེས་གསལ་བཤད་སུམ་ཅུའི་དབྱངས་རྟ་བྱུང་རྒྱལ་དུ་གྱེར་བའི་དམ་པའི་རང་རྟགས་ཤིག་ལྷན་སྐྱེས་སུ་མངའ་བ་དང་། མ་ངེས་པའི་རྟགས་སུ་ཕུར་རྡོའི་སྟེང་དུ་ཞབས་རྗེས་བཀོད་པ་དང་ཉིན་འགའ་ལ་གར་སོང་མེད་པར་འགྲོ་ལ་ཕྱིར་ཐོན་ཚེ་མ་ཡུམ་གྱིས་དྲིས་ན་མཆོད་རྟེན་ལ་སོགས་པའི་ནང་དུ་སོང་ཞེས་ཤོད་སྲོལ་ཡོད་ཅེས་ཁོང་ཆུང་དུས་སུ་ཆ་རྒྱུས་ཡོད་པའི་མི་དག་གིས་བཤད ། བྱམས་བརྩེ་ཆེ་ཞིང་དམ་པའི་ལྷ་ཆོས་ལ་བརྩོན་སེམས་ཀྱི་བང་མི་ལྷོད་པ་ཞིག་ཡིན་ལ་ཁོང་དགུང་གྲངས་ལྔའི་སྟེང་ནས་ས་དེར་རྡོ་ལ་ཕྱག་རྗེན་པས་མ་ཎིའི་རྡོ་མཁར་སྣོད་བཅུད་ཀྱི་རྒུད་པ་སེལ་ཕྱིར་དུ་བཞེངས་པ་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་ཡོད ། ས་ཆ་ཕ་སྟོད་ཀྱི་གསེར་འཛོམས་ཕྱུག་མོ་རུ་གཙང་བ་སྐུ་འབྲིང་གཏད་དཀྲུག་འདོན་དུ་བྱོན་སྐབས་སུ་ཁོང་ཐུགས་དགྱེས་པའི་ངང་ཚོགས་མང་གི་དབུས་ནས་སྐུ་མདུན་དུ་བོས་ཤིང་ཡི་གེ་སྦྱོངས་ཤིག་ཅེས་མ་འོངས་འབྱུང་འགྱུར་ལུང་དུ་བསྟན…

  • September 2024

    ཨེ་མ་ཧོ་མཁྱེན་ནོ།

    ཨེ་མ་ཧོ་མཁྱེན་ནོ། ཨེ་མ་ཧོ༔ ན་མོ་མ་ཧཱ་གུ་རུ་བྷྱེ།། ན་མོ་མ་ཧཱ་བུདྡྷ་ཡེ།། ན་མོ་མ་ཧཱ་དྷརྨཱ་ཡེ།། ན་མོ་མ་ཧཱ་སྃ་གྷ་ཡེ།། ཨེ་མ་ཧོ༔ རྟོག་པའི་རྟོགས་པར་དབེན་པ་དང་།། ངག་གི་བརྗོད་པའི་ཡུལ་ལས་འདས།། རིག་པ་ཀུན་བཟང་ཀློངས་མཁྱེན་པ།། དྲི་བྲལ་རྡོ་རྗེ་འཆང་ཆེན་འདུད།། དཔའ་བོ་ཀུན་གྱི་དཔའ་བོ་ཆེ།། མཁའ་འགྲོ་ཀུན་གྱི་བདག་མོ་ཆེ།། རྒྱལ་སྲས་རྒྱལ་བའི་ཐུགས་ཀྱི་སྲས།། གསུམ་ལྡན་ཀུན་མཁྱེན་ཉི་མའི་གཉེན།། སྐྱེ་བ་མེད་ལ་འགག་པ་མེད།། འོང་བ་མེད་ལ་འགྲོ་བ་མེད།། རང་བཞིན་བྲལ་བའི་གཤིས་བབས་ལ།། ཀུན་འདུས་ཆོས་སྐུ་དབྱིངས་སུ་བཞུགས། ཉི་མ་ཡིན་ལ་ཟླ་བ་ཡིན།། ངོ་བོ་ཡིན་ལ་ཀུན་འདུས་ཡིན།། ཆོས་སྐུ་ཡིན་ལ་ལོངས་སྐུ་ཡིན། བླ་མ་དུས་གསུམ་སངས་རྒྱས་མཁྱེན། བྲལ་བ་མེད་པའི་ཐུགས་ཀྱིས་འཛིན། འཛིན་པ་མེད་པའི་དབྱིངས་སུ་ཞུགས། ཟུང་འཇུག་དབྱེར་མེད་ངོ་བོའི་སྐུ། མཚོན་བྱ་བྲལ་བའི་སྐུ་ཐོབས་ཤོག། གོང་གི་སྙིང་གི་བླ་མའི་སྐྱབས་འོག་པ་མགོན་པོ་སྐྱབས་ནས་ཡུ་རོབ་སི་ལོ་ཝ་ཀི་ཡའི་བཀྲ་ཤིས་རབ་བརྟན་གླིང་ནས་སྨོན་པའོ།། །།

  • September 2024

    ༄༅།།བླ་མ་སྒོམ་ཚུལ་འཁོར་འདས་གསལ་བའི་མེ་ལོང་།

    ༄༅།།བླ་མ་སྒོམ་ཚུལ་འཁོར་འདས་གསལ་བའི་མེ་ལོང་། ཨེ་མ་ཧོ༔ ༼༡༽ ཀ་ཡེ་དག་ཆོས་དབྱིངས་སྟོང་ཉིད་ལས།། འོད་ཡོངས་རྫོགས་ཞིང་ཁམས་རབ་འབྱམས་ཤར།། སེམས་གྲོལ་སྨིན་རིག་པ་རང་ངོ་ཤེས།། དོན་བདེན་གཉིས་མཐར་ཕྱིན་བླ་མ་མཁྱེན།། ༼༢༽ ལུས་དད་པས་ཕྱག་དང་ཕྱག་རྒྱ་སྦྱོར།། ངག་ངུ་ངག་ཀློང་ནས་གསོལ་བ་ཐོབས།། སེམས་ཐུགས་ཡིད་དབྱེར་ཏིང་འཛིན་ངང་།། ཆོས་ཀུན་ཤེས་ལྟ་བ་ཤེས་རབ་འབོད།། ༼༣༽ ལས་དང་པོས་བློ་ལྡོག་རྣམ་བཞི་སྒོམས།། ཆོས་རྩ་བ་ངེས་འབྱུང་རྣལ་མ་གོམས།། མ་འགྲོ་དོན་སྒྲུབ་ཕྱིར་བྱང་སེམས་བཅས།། སེམས་བསྐྱེད་རྫོགས་རྫོགས་པ་ཆེན་པོར་བརྩོན།། ༼༤༽ བློ་རྣམ་རྟོག་མ་མང་སྐྱབས་སེམས་ཀྱིས།། སེམས་འདི་སྐད་གཅིག་མི་སྡོད་པས། དད་པའི་ངུ་ངག་ཀློང་ནས་བླ་མར་འབོད། གནས་ལུགས་རྒྱུད་ལ་སྐྱེ་བའི་བྱིན་རློབས་ཞུས།། ༼༥༽ དམ་ཆོས་བདུད་བརྩིའི་སྨན་མཆོག་ཡང་ཡང་འཐུང་།། ལས་ཉོན་ནད་ལས་ཐར་ཕྱིར་བསག་སྦྱོང་འབོད།། ཚོགས་གཉིས་རྫོགས་ན་སྒྲིབ་གཉིས་བག་ཆགས་སྦྱོང་།། དོན་གཉིས་ལྷུན་གྱིས་གྲུབ་པར་གདོན་མི་ཟ།། ཤྲཱིཿ གླིང་པས་གཡུ་སྒྲ་སྙིང་པོའི་ཡང་སྲིད་མཆོག་སྤྲུལ་རྡོ་རྗེ་དབང་རྒྱལ་ལ་ཐོལ་གྱིས་གངམས་པར་དགེའོ།། 4/9/2024

  • September 2024

    སྐྱེས་ཚོགས་ཁོ་ནས་བུད་མེད་བསྙེན་པར་རྫོགས་མི་རུང་པའི་ཚུལ་མཁན་རིག་དར་ལ་ཕུལ་བ།

    སྐྱེས་ཚོགས་ཁོ་ནས་བུད་མེད་བསྙེན་པར་རྫོགས་མི་རུང་པའི་ཚུལ་མཁན་རིག་དར་ལ་ཕུལ་བ། རྩོམ་པ་པོ་རིག་པའི་རྡོ་རྗེ་ནས། དེ་ཡང་ཉེ་ཆར་དྲྭ་ལམ་ཁག་ཁ་ཤས་ཤིག་ནས་གསེར་རྟའི་མཁན་པོ་རིག་དར་གྱིས་བརྩམས་གནང་བའི་རྩོམ་ཡིག་ཐར་ཐོར་ཞིག་མཐོང་བྱུང་བས་དེའི་ནང་དོན་གཙོ་བོ་ནི་དགེ་སློང་ཕ་ཚོགས་རྐྱང་པས་བུད་མེད་བསྙེན་པར་རྫོགས་ཆོག་པའི་འབོད་སྐུལ་དང་བཅས་པའི་སྒོ་ནས་མདོ་དང་བསྟན་བཅོས་ཀྱི་ལུང་ཁ་ཤས་ཤིག་ཚོལ་བསྡུ་བྱས་ཏེ་དགེ་སློང་མའི་སྡོམ་པ་སྦྱིན་པ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྔོན་དུ་འགྲོ་དགོས་པའི་ངེས་པ་མེད་ཚུལ་དང་ཕ་ཚོགས་རྐྱང་པས་ཀྱང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་ཚུལ་དང་དེ་ལྟར་མི་ཆོག་པ་ལ་རྒྱབ་རྟེན་གྱི་ལུང་རིགས་གང་ཡང་མེད་ཚུལ་སོགས་མང་དུ་གསུངས་གནང་འདུག་པས་འདི་ལ་ཁོ་བོས་ཕྲག་དོག་དང་སྡང་ཞེན་སོགས་གང་ཡང་སྨྲ་རྩིས་མེད་མོད་འོན་ཀྱང་རྩོམ་ཡིག་འདི་དང་འདི་འདྲའི་རིགས་ཅན་རྣམས་ལ་འཐད་མི་འཐད་ཀྱི་ཆ་ལ་དགག་སྒྲུབ་ཅུང་ཟད་རེ་དགོས་པར་སྣང་སྟེ་གལ་སྲིད་འདི་དང་འདི་འདྲའི་རིགས་ཅན་གྱི་རྩོམ་ཡིག་རྣམས་ལ་དགག་སྒྲུབ་མ་བྱས་པར་བཏང་སྙོམས་སུ་བཞག་ན་མ་དག་རྒྱུན་འབྱམས་སུ་འགྲོ་ཉེས་ཡོད་པས་འདི་ལ་ལེགས་ཉེས་ངེས་པར་དུ་དཔྱོད་དགོས་པ་ཡིན་ཏེ་དེ་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས། དམ་ཆོས་འཁྲུལ་དང་མ་འཁྲུལ་པ། །སྐྱེ་བ་གཏན་གྱི་གྲོས་ཡིན་པས། །འདི་ལ་ལེགས་ཉེས་དཔྱོད་པ་ལ། །སྡང་ཞེས་སྨྲ་བ་རང་སྐྱོན་ཡིན། །ཞེས་གསུངས་པས་སོ། ། དེས་ན་ཁོ་བོས་འདིའི་སྐོར་ལ་དགག་སྒྲུབ་ཅུང་ཟད་རེ་ཞུས་ན། དེ་ཡང་ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་དེ་དག་ལས་དང་པོར་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕ་ཚོགས་རྐྱང་པས་བསྒྲུབ་ཆོག་པར་གསུངས་པའི་སྒྲུབ་བྱེད་ལ་འདི་ལྟར་བཀོད་གནང་འདུག་སྟེ། དེ་ཡང་མདོ་རྩར། དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་། ཞེས་གསུངས་སོ། །ཞེས་དང་། ཡང་རྒྱ་ཆེར་འགྲེལ་ལས། དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང་བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློབ་མ་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མནོད་པ་དང་། བསྙེན་པར་རྫོགས་པར་བྱ་བ་ཆོས་དང་ལྡན་པའི་དོན་དེ་གཉིས་བྱུང་ན་དེ་དག་བསྒྲུབ་པའི་དོན་དུ་ཡང་དགེ་སློང་དབྱར་གནས་པར་ཁས་བླངས་པ་མཚམས་ཀྱི་ནང་ན་འདུག་པས་ཞག་བདུན་མན་ཆད་མཚམས་ཀྱི་ཕྱི་རོལ་དུ་འགྲོ་ཞིང་དེ་ཚུན་ཆད་ཀྱིས་ཕྱིར་འཁོར་བར་བྱིན་གྱིས་བརླབ་བོ་ཞེས་བྱ་བར་སྦྱར་རོ། །ཞེས་གསུངས་སོ། ། ཞེས་སོགས་བསྟན་བཅོས་ཀྱི་ལུང་ཁ་ཤས་ཤིག་བཀོད་གནང་འདུག་ཀྱང་མདོ་ལས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཕ་ཚོགས་རྐྱང་པས་སྦྱིན་ཆོག་པའི་སྒྲུབ་བྱེད་ཀྱི་ལུང་ནི་གང་ཡང་བཀོད་རྒྱུ་རྙེད་མི་འདུག་ལ་འོན་ཀྱང་ཁྱོད་ཀྱིས་བཀོད་པའི་བསྟན་བཅོས་དེ་དག་གི་དོན་ནི་ཁོ་བོས་འོག་ཏུ་འཆད་པར་བྱའོ། ། དེས་ན་ཁྱེད་ལྟར་ན་སློབ་དཔོན་ཡོན་ཏན་འོད་དང་རྒྱ་ཆེར་འགྲེལ་གཉིས་ཀ་ལ་ནང་འགལ་ཡོད་པར་འགྱུར་ཏེ་དེ་ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་ལས། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་སོགས་གསུངས་པ་དང་། ཡང་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་རང་གི་རྣམ་བཤད་ལས། དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པ་སྡོམ་པའི་ཡན་ལག་ཏུ་གྱུར་པ་ནི་གཉིས་པའོ། །གཉིས་ཀའི་མདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བ་ལ་བསྙེན་པར་རྫོགས་པའི་ཡན་ལག་ཏུ་གྱུར་པ་ནི་གསུམ་པའོ། །ཞེས་སོགས་བུད་མེད་བསྙེན་པར་རྫོགས་པ་ལ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་མ་ཐོབ་པར་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བར་གསུངས་པ་དང་ཚངས་སྤྱོད་ཉེར་གནས་དེ་ཡང་དགེ་སློང་མའི་དགེ་འདུན་འབའ་གིས་སྦྱིན་དགོས་པར་གསུངས་པས་ཁྱེད་ལྟར་ན་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་པར་གསུངས་པ་འདི་མི་འཐད་པར་ཐལ། དགེ་སློང་ཕའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཡང་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་ཆོག་པ་ཡོད་པའི་ཕྱིར། དེས་ན་ཁྱོད་ཀྱིས་གོང་གི་གཞུང་འདི་དག་མ་མཐོང་བའམ་ཡང་ན་རང་གིས་མཐོང་ན་ཡང་རང་ཉིད་ཀྱི་དམ་བཅའ་ལ་གནོད་ཀྱིས་དོགས་ནས་མ་མཐོང་བའི་ཟོལ་མཛད་དེ་བཞུགས་པ་གང་རུང་ལས་མ་འདས་སོ། ། གཞན་ཡང་དེ་དང་འདྲ་བར་རྒྱ་ཆེར་འགྲེལ་ལས་ཀྱང་། དགེ་སློང་མ་རྫོགས་པར་བསྙེན་པར་བྱ་བ་ལ། དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་ལན་གཉིས་བྱ་དགོས་ཏེ། གཅིག་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་དུས་ན་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ལས་བྱེད་པའི་དགེ་སློང་མས་དྲི་བའོ། །ཞེས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པའི་དུས་སུ་དགེ་སློང་མ་འབའ་ཞིག་གི་དབུས་སུ་བསྒྲུབ་བྱ་མ་དེ་ལ་བར་ཆད་འདྲི་དགོས་པར་གསུངས་པ་དང་། ཡང་རྒྱ་ཆེར་འགྲེལ་ལས། དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་སྔ་རོལ་ཁོ་ནར་དྲི་བའི་ཐ་མར་གསུམ་པ་ནི་དགེ་སློང་ལས་བྱེད་པས་གཉི་གའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བའི་འོག་ཏུ་དྲི་བའོ།…

  • August 2024

    ༄༅། །ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ།

    ༄༅། །ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་སྐད་དུ། ཏཱ་རེ་དེ་བི་སྟོ་ཏྲཾ་ཨེ་ཀ་བི་ཤཾ་ཏི་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ༡༽ འཕགས་པ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།།སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།།གེ་སར་བྱེ་བ་ལས་ནི་བྱུང་མ།།དེ་ལ་དང་པོར་རེ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་ནམ་མཁའི་དཀྱིལ་ན་པདྨ་དམར་པོའི་སྟེང་ན་བཞུགས་པ་སྐུ་མདོག་དམར་མོ་མེ་ལྟ་བུའི་འོད་འཕྲོ་བ་ཅན།ཞལ་གཅིག་ལ་སྤྱན་གཉིས་མ་ཕྱག་བརྒྱད་པའོ།།ཕྱག་དང་པོ་གཉིས་སྒྲོག་པར་བཞེངས་པའི་རབ་ཏུ་དགའ་བའི་ཕྱག་རྒྱ་དང་ལྡན་པའོ།།དེའི་འོག་མ་གཉིས་ཀྱིས་མདའ་དང་གཞུ་གཞན་ལ་འཕེན་པ་ཐུགས་ཀར་བཀང་བ།གཡས་ཀྱི་གསུམ་པ་ན་འཁོར་ལོ། །བཞི་པ་ན་རལ་གྲི། གཡོན་གྱི་གསུམ་པ་ན་དུང༌།བཞི་པ་ན་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་དང་པོ་རྫོགས་སོ།། །། ༢༽འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།།གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།།རབ་ཏུ་ཕྱེ་བའི་འོད་རབ་འབར་མ།།དེ་ལ་དང་པོར་རེ་ཞིག་སྟོན་ཀའི་ཟླ་བ་ལྟར་དཀར་བའི་སྒྲོལ་མ་དཀར་མོ་ཞལ་གསུམ་ཕྱག་བཅུ་གཉིས་མ།ཞལ་གསུམ་ནི་རྩ་ཞལ་དཀར་བ། གཡས་སྔོ་ཞིང་གཡོན་སེར་བའོ། །ཕྱག་དང་པོ་གཉིས་མཉམ་པར་གཞག་པ།གཡས་གཉིས་པ་ཁ་ཊྭཱཾ་ག །གསུམ་པ་ན་འཁོར་ལོ། བཞི་པ་ན་རིན་པོ་ཆེ། ལྔ་པ་ན་རྡོ་རྗེ།དྲུག་པ་ན་མེ་ཏོག་གི་ཕྲེང་བའོ། །གཡོན་གྱི་གཉིས་པ་ན་རིལ་བ་སྤྱི་བླུགས།གསུམ་པ་ན་ཨུཏྤལ། བཞི་པ་ན་དྲིལ་བུ། ལྔ་པ་ན་བུམ་པ། དྲུག་པ་ན་པོ་ཏི་བསྣམས་པའོ།།འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་གཉིས་པ་རྫོགས་སོ།། ༣༽འཕགས་མ་སྒྲོལ་མ་གསེར་མདོག་ཅན། ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི།།པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།།བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །རྗེ་བཙུན་མ་སྒྲོལ་མ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་བཅུ་མ།སྣ་ཚོགས་པདྨའི་སྟེང་གི་ཉི་མ་ལ་གནས་མ། ཕྱག་གཡས་ཀྱི་དང་པོ་ན་ཕྲེང་བ་ཐུགས་ཀར་འཛིན་པ།གཉིས་པ་ན་རལ་གྲི། གསུམ་པ་ན་མདའ་འཕེན་པར་མཛད་པ། བཞི་པ་ན་རྡོ་རྗེ། ལྔ་པ་ན་དབྱུ་གུའོ།།གཡོན་གྱི་དང་པོ་ན་དར་དཔྱངས། གཉིས་པ་ན་ཞགས་པ་གསུམ་པ་ན་པདྨ། བཞི་པ་ན་དྲིལ་བུ།ལྔ་པ་ན་གཞུ་བསྣམས་པའོ། །དེ་ཡང་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ།།འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བའི་ལེའུ་གསུམ་པ་རྫོགས་སོ།།…