དྲན་པའི་ཡེ་ཤེས་ནམ་མཁའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།
དྲན་པའི་ཡེ་ཤེས་ནམ་མཁའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་སྨྲི་ཏི་ཛྙཱ་ན་ཡེ།། ༼༡༽ དྲན་པ་སངས་རྒྱས་ཡེ་ཤེས་དཔལ།། དྲན་པ་དགྱེས་པའི་བག་ཡོད་གསལ།། དྲན་པ་ཤེས་བཞིན་རྡོ་རྗེའི་གར།། དྲན་པ་རྟེན་འབྲེལ་ཉི་མ་ཤར།། ༼༢༽ དྲན་པ་བླ་མའི་ཐུགས་དང་མཐུན།། དྲན་པ་ཡི་དམ་རྒྱལ་བའི་དཔལ།། དྲན་པ་མཁའ་འགྲོ་རྒྱ་མཚོའི་ཐུགས།། དྲན་པ་ཆོས་སྐྱོང་གེ་སར་རྒྱལ།། ༼༣༽ དྲན་པའི་ངོ་བོ་སྟོང་བ་ཉིད།། དྲན་པའི་རང་བཞིན་འོད་དུ་གསལ།། དྲན་པ་ཐུགས་རྗེ་རང་རིག་དཔལ།། དྲན་རིག་སངས་རྒྱས་ཡེ་ཤེས་ལགས།། ཞེས་པ་རབ་གནས་ཁྲོ་མོ་རྒྱལ་ཟླའི་རྒྱལ་བ་གསུམ་པར་ཇོ་མོ་འཆི་མེད་རྒྱལ་མོས་སྐུལ་ངོར་བྲག་དམར་ཀེའུ་ཚང་གི་ཡང་གསང་ནམ་མཁའི་སྙིང་པོའི་སྒྲུབ་ཁང་ནས་ཐོལ་གྱིས་གདམས་ཚིག་ཏུ་ཤྲཱིཿགླིང་པ་ཨེ་མ་ཧོས་དེ་ཉིད་དུ་བགྱིས་པར་དགེའོ།། །།
༄༅།།རིག་འཛིན་དྲག་སྔགས་གླིང་པ་རྒྱལ་ལོ།།
༄༅།།རིག་འཛིན་དྲག་སྔགས་གླིང་པ་རྒྱལ་ལོ།། ཨེ་མ་ཧོ།། འཛམ་གླིང་ཞབས་ཀྱིས་གནོན་པའི་དྲག་སྔགས་གླིང་།། ཉི་ཟླའི་ཤར་ནུབ་ཁེབས་པའི་རྣལ་འབྱོར་བ།། དུས་གསུམ་མཁྱེན་པའི་རྒྱལ་བ་དྲང་སྲོང་པ།། རིག་འཛིན་ཨ་བུ་རིན་ཆེན་སྐུ་ལ་འདུད།། འཛམ་གླིང་ཆོས་ལ་བཀོད་པའི་དྲག་སྔགས་གླིང་།། གླིང་བཞིའི་མུན་པ་སེལ་བའི་རྒྱལ་བའི་སྲས།། ཐེག་གསུམ་ཆོས་འཁོར་བསྐོར་མཁས་གྲུབ་པའི་དབང་།། སྔགས་འཆང་ཨ་བུ་རིན་ཆེན་གསུང་ལ་འདུད།། འཛམ་གླིང་ཞི་བདེའི་དེད་དཔོན་དྲག་སྔགས་གླིང་།། ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་རྒྱལ།། མཁྱེན་བརྩེ་ནུས་ལྡན་སངས་རྒྱས་ཡེ་ཤེས་ཞབས།། གཏེར་ཆེན་ཨ་བུ་རིན་ཆེན་ཐུགས་ལ་འདུད།། སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱ་མཚོའི་གཏེར།། མུ་མེད་འགྲོ་ཀུན་འདྲེན་པའི་རྡོ་རྗེ་འཆང་།། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཨེ་མ་ཧོ།། སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་རྒྱལ་ཟླའི་དགའ་བ་གཉིས་པར་རིགས་གསུམ་ཀུན་འཛོམས་བཀྲ་ཤིས་རབ་བརྟན་དགོན་ནས་དམ་པ་གང་གི་དངོས་སློབ་གྱི་གྲལ་མཐའ་ཟིན་པའི་མགོན་པོ་སྐྱབས་ནས་སྨོན་པར་དགེའོ།། །
༈ སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་འདས་ལོ་
༈ སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་འདས་ལོ་ ༦༦༡ འཁོར་བའི་རྗེས་དྲན་བསུ། ༄༅། །ཀུན་མཁྱེན་ཆེན་པོའི་བླ་མའི་རྣལ་འབྱོར་བཞུགས། ཨཱཿ འོད་གསལ་ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་ཀློང་། །ཀ་དག་གདོད་མའི་མགོན་པོ་ཀློང་ཆེན་པ། །དཀར་གསལ་མཛེས་མཛུམ་ངལ་གསོས་ཕྱག་རྒྱ་ཅན། །དྲན་པས་མཆོག་གཏེར་སྐྱབས་ཀུན་ངོ་བོར་གསལ། །ཡེ་ཤེས་སྐུ་ཅན་གདོད་མའི་མགོན་པོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་གསོལ་བ་འདེབས། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ལ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་བརློབ། །ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་རསྨི་སརྦ་སིདྡྷི་ཧཱུྃཿ ཞེས་བཟླས་མཐར། བླ་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཡེ་ཤེས་དགོངས་པའི་རྩལ་དབང་སེམས་ལ་རྫོགས། །རིག་སྟོང་ཆོས་ཟད་དགོངས་པ་བླ་མའི་ཞལ། །དུས་བཞི་མཉམ་ཉིད་ཀློང་དུ་ཨེ་མ་ཧོ། ། ཞེས་མོད་ལ་མཉམ་པར་བཞག་གོ །ཞེས་པའང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་བླ་མ་དམ་པ་འོད་གསལ་འཇའ་ལུས་རྡོ་རྗེའི་ཐུགས་བཞེད་བཞིན་པདྨ་དགྱེས་པས་བྲིས་པའོ། ། ༈ གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཡོན་ཏན་ཀུན་འབྱུང་དགའ་བའི་སྐྱེད་ཚལ་དུ། ། སྙིང་པོའི་དོན་གཟིགས་སྦས་པའི་རྣལ་འབྱོར་བ། །ཀློང༵་ཆེ༵ན་ར༵བ་འབྱམ༵ས་ཞབས་ལ་གསོལ་བ་འདེབས།། ཉིད་ཀྱི་ཞལ་གསུང་ལགས། ༈ རྒྱལ་བ་ཀུན་ཀྱི་ཡེ་ཤེས་གཅིག་བསྡུས་པ། །མཁྱེན་རབ་ཆོས་ཀྱི་ཉི་མ་འབྱམས་སུ་ཀླས། ། ཀློང༵་ཆེ༵ན་ར༵བ་འབྱམ༵ས་ཞབས་ལ་གསོལ་བ་འདེབས། །ཕྱོགས་མེད་ཤེས་རབ་མཆོག་གི་དངོས་གྲུབ་སྩོལ། །…
སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།
སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། དེ་ཡང་དུས་ཀྱི་ཐ་མར་རྩ་གསུམ་ལྷ་ཡི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་སྙམ་དུ་ལན་གཅིག་ཙམ་མོས་པ་ཡང་བསོད་ནམས་ཚད་མེད་པ་དང་ལྡན་ཞིང་། རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དུས་དང་། ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ།། ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པ་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣགས་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པ་ཡི་དམ་ལྷ། །མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་ཚོགས། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲངས་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི། །རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདེན་གསུངས་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ། །ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས།…
མ་ཧཱ་ཀ་ལའི་གསོལ་མཆོད་གང་བསམ་ལྷུན་གྲུབ་
མ་ཧཱ་ཀ་ལའི་གསོལ་མཆོད་གང་བསམ་ལྷུན་གྲུབ་ ཅེས་བྱ་བ་བཞུགས་སོ།། ཧཱུྃ་ཧྲཱིཿ་ཧཱུྃ།། ༼༡༽ སྲིན་ཡུལ་ལང་ཀའི་གྲོང་བརྡལ་ཀྱི།། དབུས་ཀྱི་རི་བོ་མ་ལ་ཡར།། ཀོ་ཀ་ཐང་དམར་རྒྱ་མཚོའི་དོ།། དྲག་ཤུལ་དུར་ཁྲོད་ཁྱབ་པར་བརྡལ།། ༼༢༽ གནམ་ལྕག་འབར་བའི་རྩེ་མོ་ན།། དཔལ་ལྡན་མ་ཧཱ་ཀ་ལ་ཆེ།། ཚུར་བྱོན་ཚུར་བྱོན་ད་ཚུར་བྱོན།། དམ་ཚིག་དབང་གིས་མཆོད་སྤྲིན་བཞེས།། ༼༣༽ ཕྱི་མཆོད་འདོན་ཡོན་སྣ་ཚོགས་མཆོད།། ནང་མཆོད་སྨན་རཀ་བདུད་རྩིས་མཆོད།། གསང་མཆོད་ཡེ་ཤེས་ཀུན་བཟང་མཆོད།། གང་བསམ་ལྷུན་གྱིས་གྲུབ་པར་མཛོད།། ཨོྃ་ཤྲཱི་མ་ཧཱ་ཀ་ལ་ཧཱུྃ་ཕཊཿ ཤྲཱིཿ་གླིང་པས་སོ། ༣/༡/༢༠༢༤། 3/1/2024
བཀྲ་ཤིས་བརྒྱད་པ་བཞུགས།
བཀྲ་ཤིས་བརྒྱད་པ་བཞུགས།ཨོཾ།།སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་འགྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང༌། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང༌། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀཱ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང༌། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང༌། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང༌། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།…