རྫོགས་ཆེན་སྐྱབས་མགོན་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་དག་སྣང་།࿑ གྲུབ་དབང་རྫོགས་ཆེན་པ་སྐྱབས་མགོན་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དག་པའི་སྣང་བར་ཟངས་མདོག་དཔལ་རིར་བྱོན་པའི་ལོ་རྒྱུས་འབྲེལ་ཚད་ཐར་ལམ་འདྲེན་པའི་ལམ་སྒྲོན་ཞེས་བྱ་བ་བཞུགས་སོ།། ལྕགས་སྤྲེལ་ལོར་མཚམས་སྤྲུལ་རིན་པོ་ཆེས་ལུང་བསྟན་ལ། ད་ལོའི་རང་ལོའི་སྟེང་འདན་སེང་གེ་གནམ་རྫོང་ལྟ་བུ་ཞིག་ལ་བསྡད་ན་གསུངས་པ་ལྟར། སེང་གེ་གནམ་རྫོང་དང་པདྨ་རི་མཐོ་གཉིས་ཀྱི་མདུན་ཞོལ་དུ་གནས་འབྲེལ་བསྡད་སྐབས། སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུའི་ནུབ་མོའི་མནལ་ལམ་དུ་སྐད་ཅིག་གིས་རོལ་བའི་མཚོ་བདུན་ཞིག་གི་མཚོ་འགྲམ། རི་དང་བྱེ་མ་ཐམས་ཅད་གསེར་ཅན་རེད་ཡོད་པ་ཞིག་ཏུ་ཤར་ཕྱོགས་སུ་བྲག་ཕུག་ཤིན་ཏུ་ཆེ་བ་ཡོད་པའི་ནང་དུ་གུ་རུ་རིན་པོ་ཆེ་བདེ་བ་ཆེན་པོའི་ཆས་ཅན་གྱི་མདུན་དུ་སླེབས། དེའི་མདུན་ན་གཡས་སུ་འཇམ་མགོན་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོ། གཡོན་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས། གཞན་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་ཐེག་མཆོག་རྡོ་རྗེ། འཇིགས་མེད་ཆོས་དབྱིངས་འོད་གསལ། མཁན་ཆེན་པདྨ་བཛྲ། དགེ་བཤེས་ལུང་རྟོགས་རྒྱ་མཚོ། རྡོ་གྲུབ་ཀུན་བཟང་གཞན་ཕན། རྫ་རྒྱལ་མཚམས་སྤྲུལ་པདྨ་ཀུན་བཟང་སོགས་བདག་ཅག་གི་རྩ་བའི་བླ་མ་རྣམས་ཀྱིས་གཙོས་པའི་བླ་སྤྲུལ་ངོ་མི་ཤེས་པ་མང་པོ་བཞུགས་པའི་གྲལ་མཐར་རང་འདུག བླ་མ་བདེ་མཆོག་འཁོར་ལོའི་ཚོགས་གསུངས་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། དེ་ནས་ཡང་རོལ་མཚོའི་གླིང་བར་ཞིག་གི་མཚོ་འགྲམ་དུ་བྲག་ཕུག་ཅིག་གི་ནང་རིན་པོ་ཆེའི་ཁྲི་སྟེང་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་རབ་བྱུང་གི་ཆས་ཅན་བཞུགས། མདུན་ངོས་སུ་གུ་རུའི་ཞལ་ཐང་ཞིག་བཤམས། དེའི་མདུན་ནས་བཱི་མ་སྙིང་ཐིག་གི་དབང་ཞིག་ཐོབ་པ་རྨིས། དེ་ནས་རིགས་ཀྱི་བུ་ཁྱོད་རང་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་དུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཇལ་བར་འདོད་ན་ད་ལྟ་འགྲོ་གསུངས། བདག་གིས་ཀྱང་དེ་ལྟར་གསོལ་བ་འདེབས་པར་ཞུ་ཞེས་པས། དེ་མ་ཐག་ཏུ་སེང་གེ་དཀར་མོ་སྒ་སྲབ་དང་ལྡན་པ་ཞིག་དང་ རྟ་དཀར་ཞིག་བཅས་མཁའ་འགྲོ་དཀར་སེར་དམར་ལྗང་མཐིང་བཅུ་དྲུག་སྤྲིན་གཏིབས་པ་ལྟར་ཕེབས་ནས། འཇམ་མགོན་བླ་མས་སེང་གེ་བཅིབས་ནས་མཁའ་འགྲོ་མཐིང་ཀ་གཅིག་གིས་ཆིབས་ཁ་ཁྲིད། བདག་ཀྱང་རྟ་དཀར་པོ་ལ་ཞོན་ནས་མཁའ་འགྲོ་རྣམས་སྤྲིན་གཏིབས་པ་ལྟར་དང་མཉམ་དུ་ལྷོ་ནུབ་ཀྱི་ནམ་མཁར་ཕྱིན་ཏེ། སྐད་ཅིག་གིས་བྲག་རི་དམར་པོ་སྙིང་གི་དབྱིབས་ཅན་རྩེ་མོ་གནམ་དུ་ཟུག་པ་དེའི་སྟེང་དུ་ཕོ་བྲང་སུམ་བརྩེགས་གཡས་གཡོན་དུ་ཉི་མ་ཟླ་བ་ཤར་བ། སྐེད་པར་གཡུ་ཡི་ན་བུན་འཁྲིགས་པ། རྩ་བར་རྒྱ་མཚོ་ཆེན་པོས་བསྐོར་བ། མེ་ཏོག་སྣ་ཚོགས་ཀྱི་ཆར་འབེབས་པ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་མ་ཡིན་པའི་གྲོང་ཁྱེར་མང་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་རྒྱ་མཚོས་བསྐོར་བ། དེའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། དེའི་ཕྱི་རོལ་ཏུ་སྲིན་པོའི་གྲོང་ཁྱེར་ཉེར་གཅིག དེའི་ཕྱི་རོལ་ཏུ་བྲག་རི་དམར་པོས་བསྐོར་བ། ཆུའི་བར་མཚམས་སུ་རི་རྒྱལ་གྱི་རྩ་བའི་བར་ལྕགས་ཀྱི་ཟམ་པ་ཡོད་པ་ཟམ་སྲུང་ཐམས་ཅད་སྲིན་པོ་མགོ་དགུ་པ་ཅན་མགོ་གསུམ་པ་ཅན་སོགས་སྣ་ཚོགས་ཡོད་པ། ལག་ན་སྟ་རེ། རལ་གྲི། ཐོ་བ་སོགས་འཛིན་པ་སྣ་ཚོགས་ཡོད།…
རྗེ་བཙུན་འཇམ་དབྱངས་ཡབ་ཡུམ་དྲན་པ་ཡེ་ཤེས་མེ་ལོང་།།ན་མོ་མ་ཧཱ་གུ་རུ་མཉྫུ་ཤྲཱིཿགྷོ་ཥ་ཡ།༡༽ཇི་ལྟ་མཁྱེན་པའི་དབྱིངས་ལ་འབྱམས་སུ་ཀླས།།ཇི་སྙེད་རིག་པའི་འཇམ་དཔལ་ཡེ་ཤེས་དབྱངས།།ཇི་བཞིན་དོན་སྟོན་རྒྱལ་ཀུན་ཡབ་གཅིག་ཉིད།།ཇི་སྲིད་འཁོར་འདས་མ་སྟོང་བར་དུ་བསྙེན།།༢༽ཀ་དག་འཇམ་པའི་ངོ་བོ་ཀུན་ལ་ཁྱབ།།ལྷུན་གྲུབ་དཔལ་གྱི་རང་བཞིན་འོད་དུ་གསལ།།ཟུང་འཇུག་ཡེ་ཤེས་སེམས་དཔའི་གཏེར་ཆེན་པོ།།གཞོན་ནུ་བུམ་སྐུའི་སྙིང་པོ་འཇམ་དཔལ་དབྱངས།།༣༽གནས་ཆེན་རི་བོ་རྩེ་ལྔའི་ཞིང་གི་དབུས།།བྱང་སེམས་བརྟེན་གྱི་ཛམ་བུ་བྲི་ཤིའི་ལས།།གསེར་ལྟར་རྫུས་སྐྱེས་བལྟམས་པའི་འཇམ་དཔལ་དབྱངས།།གཟུངས་སྤོབས་གཏེར་གྱི་བདག་པོ་མཆོག་ལ་གུས།།༤༽མ་རིག་རྨོངས་པ་གཅོད་པའི་རལ་གྲི་འཛིན།།མཁྱེན་རབ་ཡེ་ཤེས་མཚོན་བྱེད་གླེགས་བམ་སྐྱོང་།།རྫོགས་པ་ཆེན་པོའི་རང་བཞིན་སྤེལ་མཁས་ཕྱིར།།མ་ལུས་འགྲོ་ཀུན་ཉིད་དང་མཚུངས་པར་ཤོག།༥༽མེད་སྣང་བདེན་པ་གཟུང་བའི་བྱིས་པ་ལ།།འཇམ་དཔལ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་ལས།།ཕྱི་ནང་གསང་བའི་ཡེ་ཤེས་དེ་ཁོ་ནས།།སྨིན་གྲོལ་སྐལ་བཟང་སྩོལ་པའི་གཏེར་ཆེན་དྲན།།༦༽བཅུ་དྲུག་ལང་ཚོ་རྒྱས་པའི་དུས་བཟང་ལ།།ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་དང་།།ཁྲི་ཕྲག་འཁོར་བཅས་བཟང་པོ་སྤྱོད་པའི་དཔལ།།སྨོན་ལམ་རྒྱ་མཚོ་མཉམ་དུ་རོལ་བར་དྲན།།༧༽མདོ་རྒྱུད་མན་ངག་འཇམ་དཔལ་སྙིང་ཐིག་ཆོས།།ཐོས་བསམ་སྒོམ་པའི་སྙིང་གི་གེ་སར་བརྟས།།བཀའ་དྲིན་ཟླ་བྲལ་བླ་མ་རིན་པོ་ཆེས།།བྱིན་རླབས་དངོས་གྲུབ་གནང་བར་ཡང་ཡང་དྲན།།༨༽དད་པའི་ཡིད་ངོར་ཡི་དམ་འཇམ་དཔལ་དབྱངས།།དུང་བའི་ཕྱག་རྒྱ་ལྷ་མོ་དབྱངས་ཅན་མ།།དྲག་སྣང་རིག་པའི་རྒྱན་དུ་གཤིན་རྗེ་གཤེད།།འཇམ་དཔལ་ཡིད་བཞིན་ནོར་བུ་རྟག་ཏུ་བརྟན།།༩༽གདོད་མའི་ཆོས་ཉིད་འཇམ་དཔལ་ཀུན་ཏུ་བཟང་།།བྱང་ཆུབ་སེམས་ཉིད་དོན་དམ་འཇམ་དཔལ་དབྱངས།།རྫོགས་ཆེན་འཇམ་དཔལ་བཤེས་གཉེན་དགོངས་ཀློང་རོལ།།འདུ་འབྲལ་མ་དམིགས་ཆོས་སྐྱོང་དམ་ཅན་རྒྱལ།།༡༠༽བླ་མ་འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་རྗེ།།ནམ་ཡང་འབྲལ་བ་མེད་པའི་ལྷག་པའི་ལྷ།།སྐལ་བཟང་རིག་པའི་གཏེར་ཆེན་མ་ཎི་ཀ།དྲན་པ་ཡེ་ཤེས་མེ་ལོང་ཀུན་གསལ་ཤོག།ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའུ་ནག་ཟླའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་འཁྲུངས་སྐར་ཡིན་པར་མཁའ་འགྲོ་དམ་པའི་གསུང་སྐུལ་བཞིན་དུ་རིག་འཛིན་ཨེ་མ་ཧོས་ཨེ་ཝཾ་ཀ་དག་ཕོ་བྲང་ནས་སྨོན་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།
ཞི་ལྷག་སྒོམ་ཐབས་ཀྱི་མན་ངག་ཡིད་བཞིན་ནོར་བུ།།ན་མོ་མ་ཧཱ་གུ་རུ་ཀཱ་ཡ་ཏྲ་ཡཱ་ཡ།།ཕུང་ཁམས་ཡོངས་བཟང་བདེ་བཤེགས་ངོ་བོར་དག།དབང་ཤེས་མ་ལུས་སེམས་དཔའ་སེམས་མར་རྫོགས།།ཡན་ལག་ཀུན་ཀྱང་ཁྲོ་བོ་ཁྲོ་མོར་སྨིན།།ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཕྱག་འཚལ་ལོ།།སྤྱི་བོའི་གཙུག་ཏུ་བརྒྱུད་གསུམ་བླ་མ་བཞུགས།།ཀླད་པར་ཁྲག་འཐུང་ཁྲོ་བོའི་གཞལ་ཡས་ཁང་།།མགྲིན་པར་རིག་འཛིན་རྨི་ལམ་འོད་གསལ་ཞིང་།།སྙིང་ཀའི་དཀྱིལ་འཁོར་ཞི་བའི་ལྷ་ཚོགས་གསལ།།ལྟེ་བ་ཡེ་ཤེས་རྒྱལ་བའི་ཚོགས་ཞིང་བཀྲ།།གསང་གནས་བདེ་ཆེན་རིག་མའི་སྒྱུ་འཕྲུལ་ངོམས།།རྩ་རླུང་ཐིག་ལེར་སྐུ་གསུམ་གཉུག་མའི་ངང་།།འཁོར་འདས་རྒྱལ་སར་ཕྱིན་པའི་ཞལ་ལ་བལྟའ།།སྣང་སྲིད་རྣམ་པར་དག་པའི་ངོ་བོ་ལས།།བདེ་ཆེན་ལྷན་སྐྱེས་རྫོགས་པའི་རང་བཞིན་རྩལ།།རིག་པ་ཆོས་སྐུར་སྨིན་པའི་ཐུགས་རྗེའི་བདག།དད་དང་དམ་ཚིག་གཙང་མས་སྒོམ་ལ་འཇུག།ལྟ་བ་སྤྲོས་བྲལ་འཛིན་མེད་ཀ་ནས་དག།སྒོམ་པ་འོད་གསལ་སྙིང་པོ་ལྷུན་གྱིས་རྫོགས།།འབྲས་བུ་སངས་རྒྱས་ཡེ་ཤེས་ཡོངས་སུ་སྨིན།།སྤྱོད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་གྱུར།།སྣང་བ་ལྷ་ཡི་དཀྱིལ་འཁོར་གསལ་དག་བརྟན།།གྲགས་པ་སྔགས་ཀྱི་བཟླས་པ་ཚད་དུ་ཕེབས།།དྲན་རྟོག་རིག་པ་ཡེ་ཤེས་སེམས་དཔའི་ངང་།།བསྟན་དང་འགྲོ་བའི་དོན་ཀུན་ལྷུན་གྱིས་གྲུབ།།ཅེས་པ་རབ་གནས་ལྕགས་བྱིའི་སྲིད་གསུམ་རྣམ་རྒྱལ་དུས་ཆེན་གྱི་དཀར་ཕྱོགས་རྒྱལ་བ་དང་པོར་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོས་ངོར་རྒྱལ་ཁམས་པ་ཨེ་མ་ཧོས་ཨེ་ཝྃ་སྣང་མུན་ཐོད་བརྒལ་སྒོམ་ཁང་དེ་ཉིད་དུ་བགྱིས་པས་འགྲོ་ཀུན་ཞི་ལྷག་ཏིང་འཛིན་རྒྱ་མཚོ་ལ་ལོངས་སུ་སྤྱོད་པའི་རྒྱུ་རུ་གྱུར་ཅིག་གུ།། ཤྲཱིཿསརྦ་ཝི་རི་ཏ་བི་ཛ་ཡནྟུ།། །།
རྡོ་རྗེ་གོ་ཁྲབ་ཀྱི་སྔགས་དོན་ཡིད་བཞིན་ནོར་བུ།། ན་མོ་གུ་རུ་བུདྡྷ་ཛྙཱ་ན་པདྨ་ཀ་ར་ཡེ།། ཀ་དག་གདོད་མའི་ཀུན་བཟང་ཨོ་རྒྱན་རྗེ།། ལྷུན་གྲུབ་ཡེ་ཤེས་སྤྱི་གཟུགས་པདྨ་འབྱུང་།། སྣ་ཚོགས་སྤྲུལ་སྐུ་གུ་རུ་རིན་པོ་ཆེ།། ཀུན་འདུས་ཡིད་བཞིན་ནོར་བུ་གསོལ་བ་འདེབས།། ༡༽ ཨོཾ་ཡིག་སྐུ་གསུམ་ངོ་བོར་སངས་རྒྱས་ཕྱིར།། དྲི་མེད་པདྨ་དཀར་པོས་ཕྲིན་ལས་རྩལ།། ཤ་ཝ་རི་ཕཊ༔ནད་རིགས་ཐམས་ཅད་སེལ།། ༤༢༤ ནན་པར་ཤིག༔གིས་གདོན་རྐྱེན་བར་ཆད་བསལ།། ༢༡༠༠༠ ༢༽ ནཱ་ག་ནན༔གྱིས་བག྄ེགས་འདྲོག་མ་ལུས་གྲོལ།། ༨༠༠༠༠་ ༣༦༠ ཏདྱ་ཐཱ༔ ཡིས་ཇི་སྐད་གསུང་པའི་དོན།། སརྦ་ཝི་རི་ཏ༔ ནི་ཀུན་ཏུ་སྲུང་།། ཧ་ན་ཧ་ན༔ས་སྡིག་སྒྲིབ་བག་ཆགས་སངས།། ༣༽ བཛྲེ་ན་ཡིས་རྡོ་རྗེས་གནམ་ས་གཏམས།། རཀྵ་རཀྵ་སྲུང་གུར་འཇའ་ཟེར་ཀློང་།། སྭཱ་ཧཱ༔ཡང་དག་གཞི་ཚུགས་སངས་རྒྱས་ཆོས།། འགྲོ་ཀུན་འཕགས་ལམ་ཐོབ་ཕྱིར་ཤིན་ཏུ་ཟབ།། སྨན་སྔགས་རྫས་ཀྱིས་ནུས་པའི་བདེན་ཚིག་གིས།། ནད་གདོན་བགེགས་རིགས་བར་ཆད་ཐམས་ཅད་སེལ།། ལུས་ངག་ཡིད་གསུམ་དག་རྫོགས་སྨིན་པའི་མཐུས།། ཁམས་གསུམ་ཡང་དག་སྐུ་གསུམ་རྒྱལ་སར་ཕྱིན།། སྣང་བ་མཆོག་གསུམ་ལྷ་ཡི་ངོ་བོར་དག། གྲགས་པ་རྩ་གསུམ་སྔགས་ཀྱི་རང་བཞིན་རྫོགས།། རིག་པ་སྐུ་གསུམ་རྒྱལ་བའི་ཐུགས་རྗེར་སྨིན།། འགྲོ་ཀུན་བདེ་མྱུར་སངས་རྒྱས་ས་ཐོབ་ཤོག། ཅེས་པ་འདི་ཡང་རབ་གནས་ལྕགས་བྱིའི་དབོ་ཟླའི་གནམ་གང་གི་ཉིན་མོར་རང་གི་རྟོགས་འབུལ་ཉིད་མ་ཧཱ་གུ་རུ་བུདྡྷ་གུ་ཧྱེས་བཀའ་རྒྱ་ཐོབ་པའི་མོད་ལ་གང་ཤར་འགྲོ་བར་ཕན་པའི་བརྡ་སྟོན་ཙམ་དུ་ཨེ་ཝཾ་རྫོགས་ཆེན་ཆོས་སྒར་ནས་བིརྱ་དྷཱ་ར་ཨེ་མ་ཧོས་དེ་མ་ཐག་ཏུ་ཡིག་ཐོག་ཏུ་བཀོད་པར་རྫོགས་སོ།། །།
ཨེ་མ་ཧོ༔ཨེ་ནི་ངོ་བོར་སྟོང་པ་ཆོས་སྐུར་དག།།མ་ནི་འོད་གསལ་སྣང་བ་ལོངས་སྤྱོད་རྫོགས།།ཧོ་ནི་ཐུགས་རྗེ་རང་རིག་སྤྲུལ་སྐུར་སྨིན།།ཨེ་མ་ཧོ་ཉིད་སེམས་ཅན་ཀུན་ལ་ཁྱབ།།ཨེ༵་ཡིག་འདིས་འཁོར་འདས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་ཡེ་ནས་སྟོང་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ངོ་བོ་ཆོས་དབྱིངས་སྐྱེ་བ་མེད་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡེ་གདོད་མའི་མགོན་པོ་དེ་ཀའོ།། མ༵་ཡིག་གིས་སྣང་བ་འོད་གསལ་བ་ལྷུན་གྲུབ་བདེ་བར་བཤེགས་པའི་སྣང་བ་ལ་དག་སྣང་གི་འཆར་ཆ་སྒོ་བརྒྱད་སོགས་དག་པ་རབ་འབྱམས་མུ་མེད་ཀྱི་སྙིང་པོའི་ཞིང་ཁམས་སྣ་ཚོགས་སུ་མངོན་སུམ་ལོངས་སྐུ་རྒྱལ་བ་སྲས་བཅས་ཀྱི་ཐུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་ནོ།། ཧོ༵་ཡིག་གིས་དེ་ལྟར་སྟོང་གསལ་དབྱེར་མེད་པའི་རང་གི་རིག་པ་རང་བྱུང་དོན་གྱི་སངས་རྒྱས་ཡིན་པ་ལ་ཡིན་པ་ཤེས་པའི་ཁོ་ཐག་སེམས་ནང་ནས་ཆོད་པའི་རང་ངོ་ཤེས་པ་དང་རང་བབས་བཞགས་པས་པས་སངས་རྒྱས་གཞན་ལས་བརྩལ་དུ་མེད་པར་རིག་པ་དེ་ཉིད་ལ་རང་གིས་རང་ཉིད་སངས་རྒྱས་ཡིན་པར་ངེས་ཤེས་སྐྱེས་པས་དགའ་སྐྱིད་བསམ་ཡུལ་ལས་འདས་པའི་ངང་ནས་བཙན་ས་ཟིན་སྤྲུལ་སྐུའི་རྣམ་པའོ།།ཅེས་པ་འདི་ཡང་ཨ་རིའི་སནྡྷ་ཧྥེའི་ཨེ་ཝཾ་གནམ་ལྕགས་ཕོ་བྲང་ནས་ལྷ་བབ་དུས་དགེ་བར་༸ཁྱབ་བདག་གསང་སྔགས་བསྟན་འཛིན་རིན་པོ་ཆེའི་མཁའ་འགྲོ་སྙིང་ཐིག་གི་དབང་བསྐུར་དགེ་བའི་ཚོགས་གྲལ་ནས་ཤྲཱིཿཨེ་མ་ཧོས་བགྱིས་པར་དགེའོ།།
སྲོག་ཆག་གྲོ་མ་མིག་མེད་ལ་སྦྱིན་པ་གཏང་ན་དགེ་རྩ་འདི་ལྟར་གཟིགས་དང་།༈ ཟས་སྦྱིན་འདིའི་ཁུངས། མདོ་རྔ་བོ་ཆེ། འོད་ཟེར་ཅན། ཕལ་བོ་ཆེ་རྣམས་སུ་གསུངས། སྦྱིན་བྱའི་ཁ་ཟས་ལའང་ཉ་དང་བྱ་རིགས་དག་གི་ཟན་ལ་གཙང་རྩོག་ཆེར་མེད་ཅིང་སྦྱིན་དུས་ནམ་གྲུབ་ལས་མི་འདུག གྲོག་མའི་ཁ་ཟས་ནི་དབྱར་ཟླ་གསུམ་བཅོ་ལྔ་ལྟ་བུ་ལ་ཕྱེ་ཕུད་གཙང་ཞིང་ཁ་རླངས་མ་ཤོར་བ། དཀར་གསུམ་མངར་གསུམ་སྣུམ་རིགས་རྣམས་དང་ཆང་སིད་སྦང་མ་སོགས་སྐྱུར་རིགས་དང་ཡང་མ་འདྲེས་པ། སྣོད་ཡང་གཙང་མ་རུ་བླུག བྱིན་རྟེན་སྦྱར་བའམ་གཟུངས་ཆུས་ཕྱེ་སྐྱ་བུལ་ཙམ་བྱས་ཏེ་གྲོག་ཚང་གི་སྟེང་དང་ནང་མིན་པར་ཕྱིའི་ཉེ་སར་གཏོང་དགོས།འདིར་སྲོག་ཆགས་གང་དག་ལ་སྦྱིན་པའི་ཚུལ། ༡ སྤྱིར་སྦྱིན་ཡུལ་འདི་རྣམས་ཀྱི་མཚོན་མཁའ་ཁྱབ་སེམས་ཅད་ཐམས་ཅན་ཀུན་ལ་རང་རང་སྡུག་བསྔལ་གང་གིས་མནར་བ་ལས་ཐར་ཅིང་གནས་སྐབས་མཐར་ཐུག་གིས་ཕན་བདེ་ཅི་འོས་གང་འཚམ་ཐོབ་ཐབས་སུ་གསུང་མཆོག་ཡི་རྒྱལ་པོ་ཡི་གེ་དྲུག་མའི་ཆོས་ཀྱི་སྦྱིན་པ་དང་། ༢ དམ་རྫས་མྱོང་གྲོལ་སོགས་ཀྱིས་བྱིན་ཕབས་པའི་ཁ་ཟས་གཙང་མ་ཇི་ལྟར་འོས་པའི་ཟང་ཟིང་གི་སྦྱིན་པ་དང་། ༣ སྦྱིན་ཡུལ་འགྲོ་བ་རྣམས་བདེ་སྐྱིད་ཕུན་ཚོགས་ཀྱིས་འཚོ་བའི་ཆེད་ཟས་གང་སྦྱིན་ལ་བརྟེན་དེར་ལྟོས་མི་འཇིགས་པ་སྲོག་གི་སྦྱིན་པ་དང་། ༤ འདིར་འབྲེལ་དེ་དག་ཀུན་ཀྱང་ཡིད་འོང་བདེ་དགའ་མཆོག་ལ་འགོད་འདོད་ཀྱིས་སྨོན་ཚིག་ལེགས་པར་བརྗོད་ཅིང་བྱམས་པའི་སྦྱིན་པ་དང་བཞི་པོ་ཚང་བའི་སྒོ་ནས་དེང་སྐབས་སྲོག་ཆགས་མང་ཙམ་ལ་ཁ་ཟས་ལེགས་སྦྱིན་གྱི་བསོད་ནམས་བསགས་པའི་སྒོ་འདིའི་ཕ࿆ན་ཡོ࿆ན་ཡང་ ༡ གནས་སྐབས་སྦྱིན་བདག་ལ་སྔོན་ལས་ངན་པ་ལན་ཆགས་བུ་ལོན་ལྕི་བ་ན་ཚའི་རིགས་ད་ལྟའི་ལུས་ཐོག་ཏུ་སོས་ཐབས་དཀའ་བ་རྣམས་ཀྱང་དེ་འཕྲལ་ཞི་བ་དང་།༢ ཚེ་འདིར་ཁ་རྗེ་ཉམས་པ་དབང་ཐང་རྒུད་པ་མི་འདོད་པ་ཐོགས་བབས་སོགས་ཀྱང་འཕྲལ་བཟློག་ལ་ནུས་ཤུགས་ཆེ་ཞིང་རྐྱེན་ངན་སེལ་བྱེད་ཀྱི་ཐབས་རིམ་བཟང་ཤོས་ཡིན་ལ། ༣ དེ་བརྟེན་སྦྱིན་པའི་མཐུ་ཆེན་པོ་ཉེ་བར་རྫོགས་པའི་ཆ་རྐྱེན་མཆོག་ཏུ་གྱུར་ནས་བསོད་ནམས་ཆེས་ཁྱད་པར་བའི་ཕུང་པོ་བསགས་པ་སྟོབས་ལྡན་དུ་ལེགས་པར་གྲུབ་སྟེ་ཚེ་མཇུག་བྱ་བ་ལམ་འགྲོ་གེགས་མེད་ཀྱི་མཐར་ཕྱི་མའི་དུས་སྐབས་སུའང་ཡང་དག་ཆ་རྐྱེན་བཟང་པོ་འབའ་ཞིག་གིས་མཐར་ཐུག་ཐར་བ་དང་ཐམས་ཅད་མཁྱེན་པར་རིང་འགོར་མི་དགོས་ཤིང་བྱ་ཐབས་སླ་བས་ཆེས་ཉེ་ཁྱད་པར་ཅན་གྱི་སྒོ་ནས་གོ་འཕང་མཆོག་དབང་བ་ལ་བརྟེན་རང་གཞན་དོན་གཉིས་རླབས་པོ་ཆེ་ཕྱོགས་དུས་ཐམས་ལ་རིས་སུ་མ་ཆད་པའི་གྲུབ་འབྲས་ཕུན་སུམ་ཚོགས་པ་ནམ་ཡང་མི་བསླུ་བའི་གོ་སྐབས་ལ་ཐེ་ཚོམ་བྱ་མི་འོས་པའི་ཕྱིར་ན་མདོ་རྒྱུད་དུ་མ་ལས་དེ་ལུགས་ལྟར་ཟས་སྦྱིན་འདི་ལ་ཕན་ཡོན་མང་དུ་གསུངས་པ་སྟེ་དེ་ཡང་བྱང་སེམས་ཀྱི་ཐུགས་བསྐྱེད་སྲོག་ཆགས་ལ་ཟས་སྦྱིན་སྐབས་ཀྱི་ཀུན་སློང་སྲིད་གསུམ་སེམས་ཅན་ཐམས་ཀུན་ལ་སྦྱིན་འདོད་ཀྱི་བསམ་པ་དང་དགེ་རྩ་འགྲོ་དོན་བླ་མེད་བྱང་ཆུབ་ཏུ་བསྔོ་བར་བྱས་ཤིང་དམ་རྫས་ཁྱད་འཕགས་དང་ཆོས་སྦྱིན་ཟབ་མོའི་སྟོབས་འཛོམ་པའི་ཐབས་དང་མ་བྲལ་ན་སེམས་ཅན་ལ་ཕན་ཐོགས་དེ་ལུགས་བཞིན་དང་། ནམ་ཞིག་བྱང་ཆུབ་གོ་འཕང་ཐོབ་བྱེད་ཀྱི་རྒྱུར་མི་བསླུ་བའི་ཚུལ་ཤེར་ཕྱིན་སྡུད་པ་ལས། བྱང་ཆུབ་སེམས་དཔའ་མཁས་པ་སྲིད་གསུམ་གྱི།།སེམས་ཅན་ཇི་སྙེད་དེ་དག་ཀུན་ལ་སྦྱིན་པ་འདི།།བྱིན་པར་གྱུར་ཅིག་སྙམ་དུ་བསམ་ནས་སྦྱིན་བྱིན་ལ།།དེ་ཡང་འགྲོ་བའི་དོན་ཕྱིར་བྱང་ཆུབ་མཆོག་ཏུ་བསློ།།ཞེས་གསུངས་པ་དང་། སྦྱིན་པས་ཡི་དྭགས་ཀྱི་སྒོ་ཆོད་ཅིང་དབུལ་ཕོགས་ཉོན་མོངས་པ་སེལ་ནས་རྣམ་སྨིན་ལོངས་སྤྱོད་མཐའ་ཡས་པ་རྒྱས་བཞིན་གཞན་སྡུག་བསྔལ་ཅན་མང་པོ་ཆོས་ཀྱི་རྒྱུད་སྨིན་པར་བྱེད་ནུས་ཚུལ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད།།དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅན་གཅོད།།སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར།།སྦྱིན་པས་སྡུག་བསྔལ་གྱུར་བའི་སེམས་ཅན་ཡོངས་སྨིན་བྱེད།།ཅེས་གསུངས་པ་ལྟར་ཉ་གྲོག་སོགས་སུ་ཁ་ཟས་ལན་ལ་རེ་བ་མེད་པར་སྦྱིན་གཏོང་གི་སྒོ་ཅི་ཙམ་ཕྱེ་ནུས་པ་དེ་ལུགས་བཞིན་ཕན་ཡོན་རྗེས་སུ་འགྲོ་བ་རྟེན་འབྲེལ་གྱི་ཆོས་ཉིད་ནམ་ཡང་མི་བསླུ་བ་ལགས་སོ།།བོད་ལོ༢༡༤༦:༣:༢༡ཉིན་རེ་སྐོང་ཟིལ་་ཏོག་ནས་ཟིན་བྲིས་སུ་བཏབ་པ་ཡིན། ༈ རྒྱ་གྲོག་ལ་ཟས་སྦྱིན་པའི་བསོད་ནམས། 1 ཡུལ་མི་བརྒྱ་ལ་སྦྱིན་པ་བས་སེར་མོ་རྟགས་འཛིན་ཙམ་ལ་གྲོ་དྲངས་པ་བསོད་ནམས་ཆེ། སེར་མོ་བརྒྱ་ལ་གྲོ་ཕུལ་བ་བས། རྒྱ་གྲོག་གྲོང་ཁྱེར་གསོ་བར་བསོད་ནམས་ཆེ། རྒྱ་གྲོག་གྲོང་ཁྱེར་ལ་དམྱལ་བ་ཡི་དྭགས་དུད་འགྲོ་ཐམས་ཅད་ཚང་།2 རྒྱ་གྲོག་གཅིག་གསོས་ན་ཕན་ཡོན་མདོ་སྡེ་བརྒྱ་ཚར་གཅིག་དང་མཉམ། བཅུ་གསོས་ན་བཀའ་འགྱུར་ཚར་གཅིག་དང་མཉམ། སྟོང་གསོས་ན་བཀའ་འགྱུར་ཚར་བཅུ་དང་མཉམ། ཁྲི་གསོས་ན་ཐུན་མོང་གྲུབ་ཐོབ། འབུམ་གསོས་ན་མཆོག་གི་དངོས་གྲུབ་ཐོབ། བྱེ་བ་གསོས་ན་སྟོང་འཁོར་ལོས་སྒྱུར་རྒྱལ་འགྱུར།…