• January 2020

    ༄༅།།མཁན་ཆེན་བླ་མའི་གསོལ་འདེབས་སྙིང་གི་ནོར་བུ།།ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།ཀུན་ཏུ་བཟང་པོ་འཇམ་དཔལ༵་དགྱེས༵་པའི་ཐུགས།།རྡོ༵་རྗེ༵་འཆང་དབང་རིགས་ཀུན་ཁྱབ་བདག་རྗེ།།རྒྱལ་བ་ཀུན་འདུས་མཁན་ཆེན་བླ་མ་ལ།།གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན།།ཨོཾ་ཨཱཿཧཱུཾ་ཧྲཱིཿ་ཤྲཱིཿཨ་ནནྟ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ༔མདོ་སྔགས་ཆོས་ཚུལ་མ་ལུས་ལེགས་རྟོགས་ནས།།འགྲོ་བ་མ་ལུས་ལམ་བཟང་ས་ལ་བཀོད།།བསྟན་དང་འགྲོ་ལ་ཕན་བདེ་ལྷུན་གྱིས་གྲུབ།།མཁན་ཆེན་བླ་མའི་དགོངས་པ་རྟོགས་པར་ཤོག།ཨོྃ་ཨཱཿཧཱུཾ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་སིདྡྷི་ཕ་ལ་ཧཱུཾ་ཨ།།བདག་གི་མཁན་ཆེན་བླ་མ་ཐུགས་རྗེ་ཅན།།ཉམས་ཐག་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ།།དགྱེས་པའི་ཞལ་བཟང་བདག་ལ་བསྟན་དུ་གསོལ།།དབུགས་དབྱུང་གསུང་གི་སྣང་བ་བསྩལ་དུ་གསོལ།།རྩེ་གཅིག་སྙིང་ནས་གསོལ་བ་འདེབས་པའི་ཚེ།།ཆོས་ཀྱི་འཁོར་ལོའི་དབྱིངས་སུ་ལེགས་བཞུགས་ནས།།ཡིད་ལ་གང་འདོད་དམ་པ་མ་ལུས་པ།།འབད་མེད་ལྷུན་གྱིས་གྲུབ་པས་མཛད་དུ་གསོལ།།མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དང་།།འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ།།རེ་སའི་སྐྱབས་གནས་ཁྱེད་ལས་གཞན་ནས་མེད།།ཐུགས་རྗེ་སྤྱན་གྱིས་བདག་ལ་གཟིགས་ནས་སུ།།མགོན་སྐྱབས་བྲལ་བའི་ཉམས་ཐག་བདག་ཅག་ལ།།མཁན་ཆེན་བླ་མའི་ཐུགས་རྗེས་རབ་དགོངས་ནས།སྐུ་གསུང་ཐུགས་ཀྱི་སྣང་བ་བྲལ་མེད་དུ།།ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་པར་ཤོག།།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།མཁན་ཆེན་བླ་མའི་གོ་འཕང་མྱུར་ཐོབ་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཡར་ངོའི་ཚེས་པ་བཅུ་ལ་ལ་དྭགས་ཏཱ་རས་ངོར་ཨེ་མ་ཧོས་དེ་ཉིད་དུ་སྤེལ་བར་དགེའོ།།

  • January 2020

    ཆར་འབེབས་བདུད་རྩིའི་སྤྲིན་ཆེན།།ན་མོ་རཏྣ་ཏྲ་ཡཱ་ཡ།།ཐུགས་རྗེ་ཀུན་ལ་མཉམ་པའི་བཅོམ་ལྡན་འདས།།འགྲོ་ཀུན་བུ་བཞིན་སྐྱོབ་པའི་པདྨ་འབྱུང་།།དབྱེར་མེད་ཐུགས་རྗེའི་དབང་ཕྱུག་སྨན་གྱི་བླས།།བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན་ཕོབས།།ཨོ་གླིང་ཚ་ཀླུང་ཞེ་དགུའི་མཐའ་ལ་ཉེ།།ཉམ་ཆུང་དུད་འགྲོའི་ཚེ་སྲོག་མེ་ཡིས་ཚིག།མཁའ་ཀློང་དུ་བས་འཁེངས་པའི་བར་གསེང་ཀུན།།ཀུན་བཟང་ཆར་ཆེན་སྩོལ་ཅིག་དཀོན་མཆོག་གསུམ།།རྒྱལ་བ་སྲས་དང་བཅས་ལ་ར་མདའ་སྒྲོན།།ཆོས་སྐྱོང་བཀའ་སྲུང་ཀུན་ལ་མངའ་གསོལ་བསྟོད།།ས་ཆུ་མེ་རླུང་འཇིགས་པའི་དགྲ་ཆེན་ལས།།ད་ལྟ་ཉིད་དུ་གྲོལ་བ་ཐུགས་རྗེས་གཟིགས།།ཕྱི་འབྱུང་རང་སར་དེངས་པས་གཙང་ཞིང་དག།ནང་འབྱུང་སེམས་ཁམས་བདེ་བའི་དཔལ་ཡོན་རྫོགས།།གསང་བ་རིག་པའི་ཡེ་ཤེས་དེ་ཉིད་སྨིན།།ཡང་བསྟན་པས་འགྲོ་ཀུན་སྨིན་གྲོལ་ཤོག།ཤྲཱིཿཨེ་མ་ཧོས་༣/༡/༢༠༢༠་ལའོ།།蓮華猛咒州伏藏鄔金藥師心咒The mantra of Ogyen Menla from Padma DraNgag Lingpa Lineageཨོཾ་ཨཱཿ་ཧཱུཾ་བཛྲ་གུ་རུ་པདྨ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ༎唵阿吽 班雜 咕嚕 唄瑪 唄咔咋耶 娑哇 悉地 帕啦 吽 阿Om Ah Hum Varja Guru Padma Beikenjaye Shava Siddhi Pala Hum Ahཨོཾ་ཨཱཿ་ཧཱུཾ་བཛྲ་གུ་རུ་པདྨ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཧཱུྃ༎唵阿吽 班雜 咕嚕 唄瑪 唄咔咋耶 娑哇 悉地 吽Om Ah Hum Varja…

  • January 2020

    རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྒྱུ་མས་གར།།སྟོང་ཉིད་གཤིས་ལ་སྙིང་རྗེས་གདངས་ཤར་བའི།།གང་འདུལ་དེ་སྣང་ཞི་ཆགས་ཁྲོས་པའི་སྐུ།།འཇམ་དཔལ་བློ་ལྡན་མཆོག་སྲེད་སྙིང་དབུས་རོལ།། ལོགས་རྟོག་བདུད་ཀྱི་རུ་མཚོན་ཐང་ལ་སྙིལ།།དོལ་འགོང་དམ་སྲིན་དཔུང་ཚོགས་མེ་ཡི་བསྲེགས།།རབ་འཇིགས་གཤིན་རྗེའི་འབར་བའི་སྐུར་བཞེངས་བའི།།གཡུ་འོད་ལྷ་ཡི་མེ་ཏོག་གུས་པས་འདུད།། ཤར་ཕྱོགས་ཟ་ཧོར་རྒྱལ་བརྒྱུད་མ་འགྱུར་བ།།སེང་ཆེན་བཀའ་བློན་གོང་མ་ལྷ་ནས་སྐོས།།གཡུལ་རྒྱལ་མདན་མ་བྱང་ཁྲའི་རིགས་ཀྱི་སྲས།།འདན་སྲས་གཡུ་འོད་འབུམ་མེ་ལྷ་ཡི་སྲས།། དཀར་པོ་གླིང་གི་གཅེས་ཕྲུག་བཅུ་གསུམ་ལས།།སྙིང་སྟོབ་འགྲན་མེད་དྲག་པོས་རྩལ་ལ་མཁས།།དཔའ་བློན་བརྒྱད་བཅུའི་གཙུག་ན་ནོར་བུ་བཞིན།།གཡུ་འོད་འབུམ་མེའི་སྙན་པ་ཕྱོགས་བཅུ་འཕུར།། སྤྲུལ་བའི་དཔའ་བོ་ཆོས་ཀྱི་སེང་གེ་ཡིས།།དྲག་པོས་རྩལ་དང་གཡུལ་རྒྱལ་མན་ངག་གནང་།།སེང་ཆེན་མཁའ་སྐྱོད་ཞིང་ལ་གཤེགས་ཤུལ་དུ།།ཉིད་ཀྱི་རྒྱལ་ཚབ་གླིང་གི་རྗེ་བོ་བསྐུར།། བཏུད་ན་ཞི་བསིལ་དུང་ཟླ་དཀར་པོ་ལ།།ཁྲོས་ན་ལན་མེད་འཆི་བདག་གཤིན་རྗེ་དངོས།།དོལ་རྒྱལ་ཉག་ཕྲན་མདའ་ཡི་སྙིང་ཁྲག་ཕོས།།དམ་སྲིན་རུ་མཚོན་རྡོག་པས་འོག་ཏུ་ནན།། ཆང་ཕོར་ནས།

  • January 2020

    ༄༅༅།།རྫོགས་ཆེན་གཞི་ལམ་འབྲས་བུའི་སྨོན་ལམ་ཀུན་བཟང་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས༔དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ཀ་དག་གདོད་མའི་ངོ་བོ་སྤྲོས་དང་བྲལ༔ལྷུན་གྲུབ་འོད་གསལ་རང་བཞིན་དག་པའི་ཞིང་༔ཟུང་འཇུག་རིག་པའི་ཐུགས་རྗེ་ཀུན་ཁྱབ་དཔལ༔རང་བཞིན་རྫོགས་པ་ཆེན་པོ་རྟོགས་གྱུར་ཅིག༔སྣང་སྟོང་གཞི་ཡི་ཨ་མ་སྤྲོས་དང་བྲལ༔གསལ་སྟོང་ལམ་གྱི་བུ་ཆུང་འོད་དུ་གསལ༔བདེ་སྟོང་མ་བུ་ངོ་འཕྲོད་རིག་པའི་རྩལ༔གནས་ལུགས་རྫོགས་པ་ཆེན་པོ་རྟོགས་གྱུར་ཅིག༔ཡོད་མེད་རྒྱལ་བས་མ་གཟིགས་འདུས་མ་བྱས༔གཉིས་མིན་འཁོར་འདས་ཀུན་གཞི་འགལ་འདུ་བྲལ༔སྨྲ་བསམ་བརྗོད་མེད་རྟོག་པའི་ཡུལ་ལས་འདས༔རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔ཆོས་དབྱིངས་ངོ་བོ་སྟོང་པས་རྟག་མཐའ་གྲོལ༔ཆོས་ཉིད་རང་བཞིན་གསལ་བས་ཆད་མཐའ་བྲལ༔ཆོས་ཀྱི་ཐུགས་རྗེ་འགག་མེད་སྣ་ཚོགས་སྣང་༔རྫོགས་ཆེན་ལམ་གྱི་གནས་ལུགས་རྟོགས་པར་ཤོག༔ཡེ་གྲོལ་རྒྱལ་བའི་དགོངས་པ་ཀུན་ཏུ་བཟང་༔གཅེར་གྲོལ་འོད་གསལ་སྙིང་པོ་དག་པའི་ཞིང་༔རང་གྲོལ་གཉུག་མའི་འཕོ་ཆེན་རྡོ་རྗེའི་སྐུ༔རྫོགས་ཆེན་འབྲས་བུའི་གནས་ལུགས་རྟོགས་པར་ཤོག༔ཆོས་ཀུན་དབྱེར་མེད་དོན་དམ་ཐ་མི་དད༔བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལ༔ཐོབ་བྱ་ཐོབ་བྱེད་ཐོག་མཐའ་བར་མེད་ཉིད༔རྫོགས་པ་ཆེན་པོའི་གནས་ལུགས་རྟོགས་པར་ཤོག༔ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཡར་ངོའི་རྒྱལ་བ་གཉིས་པར་སྤྲུལ་སྐུ་དམ་པ་མགར་ཆེན་ཨ་ཉ་རིན་པོ་ཆེའི་ཞལ་ཐོག་ནས་གྲུབ་པའི་སིདྡྷི་དུང་ཕྱུར་གྱི་དགེ་བསྔོ་དང་སྨོན་ལམ་དུ་གསུང་སྐུལ་ངོར་ཤྲཱིཿསྨྱོན་ཨེ་མ་ཧོས་གང་ཤར་རིག་རྩལ་ལ་བཅོས་བསྒྱུར་མེད་པར་སུག་ལས་བགྱིས་པར་དགེའོ།། །།

  • January 2020

    སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་ཡིན།།དམ་ཆོས་ཡོངས་རྫོགས་ནང་གི་བླ་མ་ཡིན།།བཀའ་དྲིན་བརྗོད་བྲལ་གསང་བའི་བླ་མ་ཡིན།།བླ་མ་ཁྱེད་ནི་དུས་གསུམ་སངས་རྒྱས་ཡིན།། དུས་ཚེས་ངན་པ་ཡོད་ན་ཁྱེད་ཀྱིས་བཟློག།བཀྲ་མི་ཤེས་པ་ཡོད་ན་ཁྱེད་ཀྱིས་སེལ།།གདོན་བགེགས་འབྱུང་བོ་ཡོད་ན་ཁྱེད་ཀྱིས་ཐུལ།།ཁྱེད་ནི་བླ་མ་ཁྱེད་ནི་སངས་རྒྱས་དངོས།། ཁྱེད་ཀྱི་སྐུ་པར་མཇལ་ན་དད་འདུན་འཕེལ།།ཁྱེད་ཀྱི་མཛད་འཕྲིན་གླེང་ན་བརྗོད་མི་ཚར།།ཁྱེད་ཀྱི་བཀའ་དྲིན་བསམ་ན་མཆི་མ་ལྷུང་།།ཁྱེད་ལ་གུས་སོ་ཁྱེད་ལ་སྐྱབས་སུ་མཆི།། སྤྱི་ཚེས་དང་པོའི་ཚེས་གཅིག་ལ་གཙང་སྨྱོན་གྱིས།

  • January 2020

    དེ་ཉིད་ཀྱི་གླུ་ཀུན་ཁྱབ་སངས་རྒྱས།།ན་མོ་རཏྣ་ཏྲ་ཡཱ་ཡ།དཔལ་བླ་མ་སངས་རྒྱས་མཐོང་བ་ཉིད།།སེམས་དད་གུས་དམ་ཆོས་རྣལ་མ་ལགས།།བློ་དག་སྣང་གུ་རུ་སིདྡྷིའི་གྲངས།།ཉམས་རྟོགས་འབུལ་སྙིང་ནས་ཡི་རང་ཡོད།།རྒན་བསོད་ནམས་དམན་པ་ག་ལ་ཡིན།།རྒས་འཁོགས་ཀྱང་འཆི་ཆོས་འགྲུབ་ནས་འདུག།རྟེན་དལ་འབྱོར་སྙིང་པོ་ལོན་ནས་གདའ།།ད་འཆི་རུང་འགྱོད་དགོས་གཏན་ནས་མེད།།ཕ་ཨོ་རྒྱན་པདྨའི་བུ་རྒྱུད་ལ།།མ་འགྲོ་དྲུག་འདྲེན་པའི་ཐུགས་དམ་མཆིས།།བུ་དམ་ཚིག་འགྱུར་མེད་ཀུན་ཁྱབ་ལ།།དཔལ་ཡེ་ཤེས་བླ་མའི་གསལ་ཞིག་འདེབས།།མགོན་བརྒྱུད་གསུམ་བླ་མ་གསོལ་བ་ཐོབས།།སེམས་བྱུང་གནས་འགྲོ་གསུམ་ལེགས་པོར་དཔྱོད།།གནད་བཞི་ཆ་གསུམ་བྲལ་རིག་པ་ལ།།ལམ་མཐོང་བའི་རྫོགས་ཆེན་དེ་ཀ་ལགས།།ཕྱི་བློ་ལྡོག་རྣམ་བཞི་གོམས་པ་དང་།།ནང་ཚད་མེད་རྣམ་བཞི་སྒོམ་དང་།།དོན་སྲོག་སྡོམ་གཟེར་བཞིས་ཐབས་ཤེས་ན།།གནད་རིག་འཛིན་རྣམ་བཞིའི་དགོངས་པར་ཕྱིན།།མགོར་སྐྱབས་འགྲོ་སེམས་བསྐྱེད་ཆ་ཚང་དང་།།བར་རྡོར་སེམས་མཎྜལ་ཚོགས་བསགས་ཀྱིས།།མཐར་བླ་མའི་རྣལ་འབྱོར་འདི་ཁོ་ན།།སྐྱབས་ཀུན་འདུས་གུ་རུ་རིན་པོ་ཆེ།།ལུས་འཇའ་ལུས་སྒོམ་ནས་གསོལ་བ་ཐོབས།།ངག་བཛྲ་གུ་རུའི་བསྙེན་པ་བགྲངས།།སེམས་རིག་པ་བླ་མའི་རྣལ་འབྱོར་ལ།།དུས་རྟག་པར་བརྩོན་དང་མངོན་སངས་རྒྱས།།ཕྱི་འཁོར་བའི་རྒྱ་མཚོ་བརྒལ་བ་དང་།།ནང་སེམས་ཀྱི་ཉིད་མཐོང་བ་ལ།།དོན་གུ་རུ་མ་གཏོགས་གཞན་ན་མེད།།ཁྱོད་གསང་གསུམ་བདེ་བའི་རྟེན་འབྲེལ་ཡོད།།ཡིད་ངེས་འབྱུང་འཁོར་བ་ཞེན་ལོག་གིས།།ནང་བྱང་ཆུབ་སེམས་ལ་མངའ་དབང་འབྱོར།།སེམས་དག་པའི་རྩལ་ལས་རིག་པ་ཉིད།།མགོན་པདྨ་ཀ་ར་དེ་ཀ་ལགས།།འཆི་གནད་གཅོད་སྡུག་བསྔལ་མི་མྱོང་ངེས།།གཞི་རྣམ་མཁྱེན་གོ་འཕང་འཐོབ་པར་ངེས།།ལམ་རྫོགས་པ་ཆེན་པོ་དེ་ཀ་ལ།།དད་དག་སྣང་རྩི་དང་མ་ཡལ་མཛོད།།ཁྱོད་དད་པ་ཅན་ལ་དངོས་གྲུབ་ཡོད།།སེམས་བརྩེ་བ་ཅན་ལ་སྙིང་རྗེ་བཅས།།གནད་ཟབ་མོའི་གདམས་ངག་བདུད་རྩི་ཉིད།།སྒོ་ལུས་ངག་ཡིད་ལ་སྨིན་གྲོལ་འབུལ།།དཔལ་ཀུན་བཟང་རྒྱལ་བའི་དགོངས་པ་ཉིད།།ཐུགས་དགྱེས་པ་མཛོད་ལ་ཀློང་དུ་གཏམས།།སྐྱབས་རྡོ་རྗེ་འཆང་དངོས་དེ་ཉིད་ལས།།དུས་ནམ་ཡང་གཡོ་བར་མེད་པར་སྨོན།།ཞེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་དཀར་ཕྱོགས་དགའ་བ་གཉིས་པར་དད་གུས་ཅན་ཀུན་ཁྱབ་སངས་རྒྱས་ལ་གུས་པ་ཤྲཱིས་དེ་ཉིད་ཀྱི་གླུ་རུ་བླངས་པར་དགེའོ།།