༄༅།།༧གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེའི་ཞབས་བརྟན་གསོལ་སྨོན་དཔག་བསམ་ལྗོན་བཟང་ཞེས་བྱ་བ་བཞུགས་སོ།།ན་མོ་མ་ཧྰ་གུ་རུ་པདྨ་མ་ཎི་ཡེ།།ཆོས་དབྱིངས་རབ་འབྱམས་ཀློང་ཡངས་རིག་གཏེར་ལས།།ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་རྣམ་སྣང་མཛད།།སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ནས།།རྩ་བརྒྱུད་བླ་མའི་ཚོགས་ཀྱིས་ཤིས་པར་སྩོལ།།ལྔ་བརྒྱའི་གཙུག་བརྒྱན་པན་ཆེན་བཱི་མ་ལ།།བསམ་བཞིན་སྲིད་པ་བཟུང་བའི་ཚུལ་སྟོན་པས།།སྙིང་པོའི་བསྟན་པ་སྤེལ་ལ་ཟླ་བྲལ་བ།།པདྨ་ནོར་བུའི་ཡང་སྲིད་ཞབས་བརྟན་གསོལ།།ཐུགས་བསྐྱེད་དྲི་མེད་ཤེལ་གྱི་བུམ་པ་བཟང་ལས།།དམ་ཆོས་བདུད་རྩི་སྙིང་པོ་བརྒྱད་ལྡན་ཅན།།དཔལ་ཡུལ་དག་པའི་ཞིང་ནས་སྤྲོས་མཛད་པས།།རྟེན་འབྲེལ་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་སྨོན།།སྐུ་གསུམ་རྣམ་པར་སྣང་མཛད་ཐུགས་ཀྱི་འཕྲུལ།།མཚོ་སྐྱེས་རྒྱལ་བའི་རྒྱལ་ཚབ་སྐྱབས་གནས་མཆོག།རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་གྲུབ་དབང་རྗེ།།ཡེ་ཤེས་སྒྱུ་མའི་རོལ་གར་ཞབས་བརྟན་ཤོག།བསྟན་དང་འགྲོ་བའི་དོན་ལ་རྟག་དགོངས་པས།།སྐུ་དངོས་སྤྲུལ་སྐུ་རྒྱུན་ཆད་མེད་པ་རུ།།སྐལ་ལྡན་སྐྱོང་བར་ཞལ་བཞེས་རྡོ་རྗེའི་ཚིག།།ནམ་ཡང་ཉམས་རྒུད་མེད་པར་ཞབས་བརྟན་གསོལ།།བཀའ་དྲིན་མཉམ་མེད་༧གྲུབ་དབང་ཆོས་ཀྱི་རྗེ།།སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐའ་རྒྱས་པས།།བསྟན་འགྲོའི་དོན་དུ་རླབས་ཆེན་མཛད་བཟང་གིས།།དམ་པའི་རྣམ་ཐར་ཇི་བཞིན་ཞབས་བརྟན་གསོལ།།ཕྱི་ནང་གསང་བའི་བར་ཆད་མི་འབྱུང་ཞིང་།།ཉམས་རྟོགས་ཡོན་ཏན་མི་ཟད་གོང་དུ་འཕེལ།།དོན་གཉིས་ལྷུན་གྲུབ་རྡོ་རྗེ་ཐོད་ཕྲེང་རྩལ།།སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།།ཐེག་པ་ཆེན་པོའི་བྱང་སེམས་ས་གསུམ་ཁྱབ།།ཕྱག་རྒྱ་ཆེན་པོའི་བདེ་གསལ་གནས་ཀུན་ཁྱབ།།རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་ཀུན་ཁྱབ།།ཁྱབ་བདག་འགྲོ་བའི་མགོན་པོ་ཞབས་བརྟན་ཤོག།ཅེས་པ་རབ་རྒྱན་ཤིང་རྟའི་ཆུ་སྟོད་ཟླ་བའི་གཟའ་ཚེས་དགེ་བར་སྔ་འགྱུར་དཔལ་ཡུལ་དགོན་ཆེན་དུ་༧གྲུབ་དབང་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་རྒྱ་ཆེར་གནང་བའི་འདྲ་སྐུ་དཔར་མཇལ་བ་དང་མཁའ་འགྲོ་ཆོས་སྒྲོན་དང་དཔལ་ལྡན་ལྷ་མོ་སོགས་དད་ལྡན་སློབ་ཚོགས་ཀྱིས་བསྐུལ་ངོར་སྔ་འགྱུར་བསྟན་པའི་གྲལ་མཐར་བ་རྒྱལ་ཁམས་པ་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་ཕྱག་ཆེན་རི་ཁྲོད་ནས་གསོལ་བ་འདེབས་པར་དགེའོ།། །།
Alt Sidebar
Search