• february 2024

    ༄༅།།རིག་འཛིན་ཕྲིན་ལས་རྡོ་རྗེའི་ཞབས་བརྟན་ཀུན་བཟང་མེ་ཏོག

    ༄༅།།རིག་འཛིན་ཕྲིན་ལས་རྡོ་རྗེའི་ཞབས་བརྟན་ཀུན་བཟང་མེ་ཏོག ཅེས་བྱ་བ་བཞུགས་སོ།། ཨེ་མ་ཧོ༔ ཕན་ནོ་ཕན་ནོ་སྭཱ་ཧཱ།། རིག༵་འཛིན༵་བརྒྱུད་གསུམ་བླ་མའི་བྱིན་རླབས་དང་།། ཕྲིན༵་ལས༵་རྩ་གསུམ་རྒྱལ་བའི་ཡེ་ཤེས་མཐུས།། ཟབ་གསང་སྐུ་གསུམ་ཡིད་བཞིན་ནོར་བུའི་དཔལ།། ཁམས་གསུམ་འགྲོ་བའི་དོན་ཀུན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་འབྲུག་གི་གནམ་ལོ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་སངས་རྒྱས་སྨན་བླའི་དུས་ཆེན་ལ་ལས་གྲོགས་ཧཱུྃ་གིས་གསུང་སྒྱུར་ལས་གང་ཤར་ཐོལ་སྨོན་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་སྙིང་ནས་ཨེ་ཝྃ་པདྨ་གླིང་ནས་སྨོན་པ་དེ་དེ་བཞིན་འགྲུབ་པར་གྱུར་ཅིག་གུ། །། ཤྲཱིཿ ས་མ་ཡ་བི་ཛ་ཡན་ཏུ།།

  • february 2024

    ཨ་མའི་འདས་མཆོད་ཀྱི་སྐོརདྲན་པའི་མེ་ལོང་རབ་གསལ།

    ཨ་མའི་འདས་མཆོད་ཀྱི་སྐོརདྲན་པའི་མེ་ལོང་རབ་གསལ། ཡེ་གཞི་ཀ་དག་ཁྲེགས་ཆོད་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་གྱུར་ནས་རང་བྱུང་ལྷུན་གྲུབ་ཐོད་རྒལ་གྱི་སྣང་བཞི་མཐའ་རུ་ཕྱིན་པའི་གནས་ལུགས་རྫོགས་པ་ཆེན་པོའི་རྣལ་འབྱོར་མ་ཨ་མ་ཨོ་རྒྱན་སྒྲོལ་མ་ཉིད་རབ་གནས་ས་ཁྱི་འབྱུང་བ་བཞི་ལྡན་རྒྱལ་ཟླ་བའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་བཟང་གི་སྔ་གྲོ་ཆུ་ཚོད་གསུམ་དང་སྐར་མ་སུམ་བཅུ་སོ་གསུམ་ལ་མཉམ་བཞག་དང་བཅས་དགོངས་པ་ཟབ་མོ་ཟག་མེད་གདོད་མའི་མགོན་པོ་ཡེ་ཤེས་ཆོས་སྐུའི་དབྱིངས་སུ་རྒྱལ་བ་ཀུན་ཏུ་བཟང་མོའི་ངོ་བོར་སངས་རྒྱས་སུ་ཟིན། རང་བཞིན་འགགས་མེད་ཀྱི་སྣང་ཆ་ཟངས་མདོག་དཔལ་རི་དང་རིགས་ལྔའི་ཞིང་དང་ས་སྤྱོད་སོགས་གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཞིང་དང་འགྲོ་ཁམས་ལ་ཕན་བདེ་སྒྲུབ་པའི་ཕྲིན་ལས་མཛད་པར་སྨོས་ཅི་འཚལ། མ་ལུས་འགྲོ་ལ་ཕན་བདེའི་ཕྱིར་དང་ཚོགས་གཉིས་རྒྱ་མཚོས་འཐེབ་རྩ་རུ་དཔལ་ཡ་ཆེན་འདས་ལོག་མཁའ་འགྲོ་ཡིད་བཞིན་ནོར་བུ་ཚུལ་ཁྲིམས་དབང་མོས་དངོས་སུ་མར་མེ་ཁྲི་མཆོད་གཅིག་ཨ་མ་རིན་པོ་ཆེའི་ཆེད་དུ་མཆོད་འབུལ་ཆོས་སྦྱིན་གནང་བ་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ་དང་། མཁའ་འགྲོ་མ་རྣམས་བསྟན་འགྲོའི་དཔལ་མགོན་དུ་ནམ་མཁའ་མ་ཞིག འཁོར་བ་མ་སྟོང་བར་དུ་གསང་གསུམ་བརྟན་པའི་སྨོན་ལམ་དང་བཞེད་དོན་ཀུན་ལྷུན་གྲུབ་ཏུ་སྨོན་ནོ།། ——-ཨེ་མ་ཧོས

  • february 2024

    ༆ རི་དྭགས་ཆོས་འཁོར།

    ༆ རི་དྭགས་ཆོས་འཁོར། རང་རའི་དགོན་སྡེ་ཁག་གི་ཡང་རྩེར་རིག་རྒྱུ་མང་བའི་འཁོར་ལོ་དང་རི་དྭགས་ཀྱི་གཟུགས་ལས་གྲུབ་པའི་བཀོད་པ་ཡ་མཚན་ཅན། རི་དྭགས་ཆོས་འཁོར་ཞེས་པ་དེ་ནི། གདུལ་བྱའི་སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་ཁུག་པའི་དོན་ཡིན་རུང་། ཞིབ་པར་ཞུ་ན། འཁོར་ལོའི་གྲུབ་ཆ་གཙོ་བོ་གསུམ་སྟེ། འཛིན་བྱེད་ཀྱི་ལྟེ་བ་དང་། གཅོད་བྱེད་ཀྱི་རྩིབས། སྡུད་བྱེད་ཀྱི་མུ་ཁྱུད་གསུམ་ལས། ཚུལ་ཁྲིམས། ཏིང་འཛིན།ཤེས་བར་བསླབ་པ་གསུམ་མམ་ཡང་ན་འདུལ་བ། མདོ་སྡེ། མངོན་པ་བཅས་ཆོས་སྡེ་སྣོད་གསུམ་མཚོན་ལ། རི་དྭགས་ཕོ་མོ་གཉིས་པོས་ཆོས་འཁོར་གྱི་རྩེ་མོར་བློ་རྩེ་གཅིག་ཏུ་ལྟ་བ་ནི། ཕྱི་ནང་གི་གྲུབ་མཐའ་འཛིན་མཁན་གང་ཟག་སུ་འདྲ་ཞིག་ཡིན་ཡང། མཐར་ཐུག་འབྲས་བུ་སྐུ་གསུམ་ལ་དམིགས་ཤིང་། བགྲོད་པའི་ལམ་ནི་སངས་རྒྱས་ཀྱིས་བསྟན་པའི་ལམ་མཆོག་ཏུ་གྱུར་པ་བསླབ་པ་གསུམ་ལས་གཞན་གང་ཡང་མེད་པ་རབ་ཏུ་མཚོན་བྱེད་ཅིག་ཡིན། དེ་ཡང་དོན་དམ་དུ་འཁོར་ལོ་རྩིབས་བརྒྱད་ལས། འཕགས་ལམ་ཡན་ལག་བརྒྱད་དང་བཅས་པའི་སངས་རྒྱས་ཀྱི་བཀའ་ཡོད་དོ་ཅོག་དང་། རི་དྭགས་ཕོ་མོ་གཉིས་ལས། ཐབས་དང་ཤེས་རབ་གཉིས་མཚོན་གྱི་ཡོད་པས། དོན་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་ན། ངེས་པར་དུ་ཐབས་དང་ཤེས་རབ་གཉིས་ཟུང་འབྲེལ་བྱ་དགོས་པའི་ནང་པ་སངས་རྒྱས་པའི་རིང་ལུགས་གཏིང་ཟབ་ཞིག་མཚོན་གྱི་ཡོད།

  • february 2024

    དྲན་པའི་ཡེ་ཤེས་ནམ་མཁའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

    དྲན་པའི་ཡེ་ཤེས་ནམ་མཁའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་སྨྲི་ཏི་ཛྙཱ་ན་ཡེ།། ༼༡༽ དྲན་པ་སངས་རྒྱས་ཡེ་ཤེས་དཔལ།། དྲན་པ་དགྱེས་པའི་བག་ཡོད་གསལ།། དྲན་པ་ཤེས་བཞིན་རྡོ་རྗེའི་གར།། དྲན་པ་རྟེན་འབྲེལ་ཉི་མ་ཤར།། ༼༢༽ དྲན་པ་བླ་མའི་ཐུགས་དང་མཐུན།། དྲན་པ་ཡི་དམ་རྒྱལ་བའི་དཔལ།། དྲན་པ་མཁའ་འགྲོ་རྒྱ་མཚོའི་ཐུགས།། དྲན་པ་ཆོས་སྐྱོང་གེ་སར་རྒྱལ།། ༼༣༽ དྲན་པའི་ངོ་བོ་སྟོང་བ་ཉིད།། དྲན་པའི་རང་བཞིན་འོད་དུ་གསལ།། དྲན་པ་ཐུགས་རྗེ་རང་རིག་དཔལ།། དྲན་རིག་སངས་རྒྱས་ཡེ་ཤེས་ལགས།། ཞེས་པ་རབ་གནས་ཁྲོ་མོ་རྒྱལ་ཟླའི་རྒྱལ་བ་གསུམ་པར་ཇོ་མོ་འཆི་མེད་རྒྱལ་མོས་སྐུལ་ངོར་བྲག་དམར་ཀེའུ་ཚང་གི་ཡང་གསང་ནམ་མཁའི་སྙིང་པོའི་སྒྲུབ་ཁང་ནས་ཐོལ་གྱིས་གདམས་ཚིག་ཏུ་ཤྲཱིཿགླིང་པ་ཨེ་མ་ཧོས་དེ་ཉིད་དུ་བགྱིས་པར་དགེའོ།། །།

  • february 2024

    ༄༅།།རིག་འཛིན་དྲག་སྔགས་གླིང་པ་རྒྱལ་ལོ།།

    ༄༅།།རིག་འཛིན་དྲག་སྔགས་གླིང་པ་རྒྱལ་ལོ།། ཨེ་མ་ཧོ།། འཛམ་གླིང་ཞབས་ཀྱིས་གནོན་པའི་དྲག་སྔགས་གླིང་།། ཉི་ཟླའི་ཤར་ནུབ་ཁེབས་པའི་རྣལ་འབྱོར་བ།། དུས་གསུམ་མཁྱེན་པའི་རྒྱལ་བ་དྲང་སྲོང་པ།། རིག་འཛིན་ཨ་བུ་རིན་ཆེན་སྐུ་ལ་འདུད།། འཛམ་གླིང་ཆོས་ལ་བཀོད་པའི་དྲག་སྔགས་གླིང་།། གླིང་བཞིའི་མུན་པ་སེལ་བའི་རྒྱལ་བའི་སྲས།། ཐེག་གསུམ་ཆོས་འཁོར་བསྐོར་མཁས་གྲུབ་པའི་དབང་།། སྔགས་འཆང་ཨ་བུ་རིན་ཆེན་གསུང་ལ་འདུད།། འཛམ་གླིང་ཞི་བདེའི་དེད་དཔོན་དྲག་སྔགས་གླིང་།། ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་རྒྱལ།། མཁྱེན་བརྩེ་ནུས་ལྡན་སངས་རྒྱས་ཡེ་ཤེས་ཞབས།། གཏེར་ཆེན་ཨ་བུ་རིན་ཆེན་ཐུགས་ལ་འདུད།། སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྒྱ་མཚོའི་གཏེར།། མུ་མེད་འགྲོ་ཀུན་འདྲེན་པའི་རྡོ་རྗེ་འཆང་།། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཨེ་མ་ཧོ།། སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག། ཅེས་པ་འདི་ཡང་རབ་གནས་ཤིང་འབྲུག་རྒྱལ་ཟླའི་དགའ་བ་གཉིས་པར་རིགས་གསུམ་ཀུན་འཛོམས་བཀྲ་ཤིས་རབ་བརྟན་དགོན་ནས་དམ་པ་གང་གི་དངོས་སློབ་གྱི་གྲལ་མཐའ་ཟིན་པའི་མགོན་པོ་སྐྱབས་ནས་སྨོན་པར་དགེའོ།། །

  • January 2024

    ༈ སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་འདས་ལོ་

    ༈ སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་འདས་ལོ་ ༦༦༡ འཁོར་བའི་རྗེས་དྲན་བསུ། ༄༅། །ཀུན་མཁྱེན་ཆེན་པོའི་བླ་མའི་རྣལ་འབྱོར་བཞུགས། ཨཱཿ འོད་གསལ་ལྷུན་གྲུབ་འཇའ་ཟེར་ཐིག་ལེའི་ཀློང་། །ཀ་དག་གདོད་མའི་མགོན་པོ་ཀློང་ཆེན་པ། །དཀར་གསལ་མཛེས་མཛུམ་ངལ་གསོས་ཕྱག་རྒྱ་ཅན། །དྲན་པས་མཆོག་གཏེར་སྐྱབས་ཀུན་ངོ་བོར་གསལ། །ཡེ་ཤེས་སྐུ་ཅན་གདོད་མའི་མགོན་པོ་ལ། །གུས་པས་ཕྱག་འཚལ་མཆོད་འབུལ་གསོལ་བ་འདེབས། །ཚེ་རབས་ཕྲེང་བར་འབྲལ་མེད་རྗེས་བཟུང་ལ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་བརློབ། །ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བི་མ་ལ་རསྨི་སརྦ་སིདྡྷི་ཧཱུྃཿ ཞེས་བཟླས་མཐར། བླ་མ་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཡེ་ཤེས་དགོངས་པའི་རྩལ་དབང་སེམས་ལ་རྫོགས། །རིག་སྟོང་ཆོས་ཟད་དགོངས་པ་བླ་མའི་ཞལ། །དུས་བཞི་མཉམ་ཉིད་ཀློང་དུ་ཨེ་མ་ཧོ། ། ཞེས་མོད་ལ་མཉམ་པར་བཞག་གོ །ཞེས་པའང་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་བླ་མ་དམ་པ་འོད་གསལ་འཇའ་ལུས་རྡོ་རྗེའི་ཐུགས་བཞེད་བཞིན་པདྨ་དགྱེས་པས་བྲིས་པའོ། ། ༈ གངས་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུལ། །ཡོན་ཏན་ཀུན་འབྱུང་དགའ་བའི་སྐྱེད་ཚལ་དུ། ། སྙིང་པོའི་དོན་གཟིགས་སྦས་པའི་རྣལ་འབྱོར་བ། །ཀློང༵་ཆེ༵ན་ར༵བ་འབྱམ༵ས་ཞབས་ལ་གསོལ་བ་འདེབས།། ཉིད་ཀྱི་ཞལ་གསུང་ལགས། ༈ རྒྱལ་བ་ཀུན་ཀྱི་ཡེ་ཤེས་གཅིག་བསྡུས་པ། །མཁྱེན་རབ་ཆོས་ཀྱི་ཉི་མ་འབྱམས་སུ་ཀླས། ། ཀློང༵་ཆེ༵ན་ར༵བ་འབྱམ༵ས་ཞབས་ལ་གསོལ་བ་འདེབས། །ཕྱོགས་མེད་ཤེས་རབ་མཆོག་གི་དངོས་གྲུབ་སྩོལ། ། རིག་འཛིན་འཇིགས་མེད་གླིང་པས། ༈ ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས། །འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས། ། གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད། །ཀུན༵་མཁྱེན༵་ཆོ༵ས་ཀྱི༵་རྒྱལ༵་པོ་ལ་ཕྱག་འཚལ། ། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། ༈ ཆོས་ཀུན་མཉམ་པ་ཉིད་ཀྱི་གཞི་དབྱིངས་སུ། །རང་སྣང་སྐུ་གསུམ་རོལ་བའི་རྩལ་རྫོགས་པའི། ། སྒྲིབ་བྲལ་གདོད་མའི་མགོན་པོ་ཀློང་ཆེན་པ། །དྲི༵་མེ༵ད་འོ༵ད་ཟེ༵ར་ཞབས་ལ་གསོལ་བ་འདེབས། ། འཇམ་མགོན་མི་ཕམ་པ་མཆོག་གིས། ༈ ཀ་དག་ཆོས་སྐུའི་དགོངས་པ་མངོན་དུ་གྱུར། །རང་སྣང་ལོངས་སྐུའི་སྤྲིན་ཆེན་ཚོམ་བུར་བཀོད། ། སྣ་ཚོགས་སྤྲུལ་བ་རྒྱ་མཚོའི་འགྲོ་ཁམས་འདུལ། །ཀློང༵༵་ཆེ༵ན་ཆོ༵ས་ཀྱི༵་རྒྱ༵ལ་པོ༵ར་གཙུག་གིས་བསྟེན། ། ཀུན་གཟིགས་མཁན་ཆེན་བླ་མས་གསུང་། ༸ཀུན་མཁྱེན་བླ་མ་མཁྱེན་ནོ། ཨེ་མ་ཧོ༔ ཀ་དག་ཆོས་ཀུན་མཉམ་ཉིད་ཀུན་དབྱིངས་སུ།། ལྷུན་གྲུབ་རང་སྣང་སྐུ་གསུམ་རོལ་རྩལ་རྫོགས།། ཀུན་བཟང་གདོད་མའི་མགོན་པོ་ཀློང་ཆེན་པ།། ཀུན་མཁྱེན་རྒྱལ་བའི་དབང་པོར་གསོལ་བ་འདེབས།། འགྲོ་ཀུན་སྨིན་གྲོལ་ནུས་པར་བྱིན་གྱིས་རློབས།། ཨོྃ་བུདྡྷ་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ། ཐོ་རངས་ཁར་འོད་གསལ་དག་པའི་ཞིང་ཁམས་ནས་ཤྲཱིཿ ཨེ་མ་ཧོས་ཡོ་ཀར་གླིང་གི་མགྲོན་ཁང་ནས་རྩེ་གཅིག་ཏུ་སྨོན་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །། 28/1/2024 in York Hotel Taipei