• June 2019

    ༧རྗེ་བཙུན་སྨྲ་བའི་སེང་གེའི་བསྟོད་པ་ཀུན་སྐྱོབ་མཐུ་ལྡན་གྱི་འགྲེལ་བ་ཉུང་ངུ་གསར་བུ་འཇུག་པའི་ལམ་བཟང་།

    ༧རྗེ་བཙུན་སྨྲ་བའི་སེང་གེའི་བསྟོད་པ་ཀུན་སྐྱོབ་མཐུ་ལྡན་གྱི་འགྲེལ་བ་ཉུང་ངུ་གསར་བུ་འཇུག་པའི་ལམ་བཟང་། ཨེ་མ་ཧོ། ཀུན་སྐྱོབ་མཐུ་ལྡན་བློ་གྲོས་གཏེར་འཛིན་སྨྲ་བའི་སེང་གེ་ཐུགས་རྗེ་ཅན། ཞེས་པས། ཨེ་མ་ཧོ་ནི་ངོ་མཚར་ཆེ་བའི་སྒྲ་སྟེ་གཟི་བརྗིད་ཀྱི་ཆེ་བ་འདོན་ཕྱིར་བསྟོད་ཚིག་གི་ཐོག་མར་དྲངས་ཏེ། ཁམས་གསུམ་འཁོར་བའི་གནས་སུ་ཟོ་ཆུ་བཞིན་བརྒྱུད་པའི་སེམས་ཅན་ཀུན་ལ་སྐྱབས་དང་སྐྱབས་པ་ཆེན་པོ་སྟེ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ངོགས་སྟོན་པའི་བྱིན་མཐུ་འམ་ནུས་པ་ལྡན་པ། ཇི་སྙེད་ཀུན་རྫོབ་ཀྱི་བོན་དང་ཇི་ལྟ་གནས་ལུགས་ཀྱི་བོན་སོགས་ཐམས་ཅད་གཟིགས་པའི་བློ་གྲོས་གང་གིས་སྤྱད་ཀྱང་འཛད་པ་མེད་པའི་གཏེར་གྱི་བང་མཛོད་འཛིན་ཞིང་། ཕྱི་ནང་གསང་བའི་ཐེག་སྒོ་གང་ཞིག་སྨྲ་བ་དང་དགྲོལ་བའི་གསུང་ལ་ཐོགས་རྡུགས་དང་འཇིགས་ཞུམ་མེད་པར་རྩལ་ཆེན་གྱི་སེང་གེ་ལྟ་བུའི་མཁྱེན་ཚད་ཀྱི་ཐུགས་དགོངས་དང་། འགྲོ་བ་ཀུན་ལ་བུ་གཅིག་གི་མ་ལྟར་བརྩེ་བའི་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་བསྟན་པ་དང་། མཚན་དཔེ་རབ་རྫོགས་གུར་གུམ་མདོག་དམར་ཞལ་གཅིག་ཕྱག་གཉིས་འཛུམ་དང་ལྡན། ཞེས་པ། གང་དེའི་སྐུ་ལ་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་མ་ཚང་བ་མེད་པར་རབ་ཏུ་མངའ་ཞིང་ཡོངས་སུ་རྫོགས་པ་དང་། གུར་གུམ་ཆུན་པོའི་མདོག་བཞིན་དམར་སེར་གྱི་མདངས་རྒྱས་ཤིང་གཞོན་ཚུལ་གྱི་ཉམས་དང་ལྡན་པའི་ཞལ་གཅིག་དང་། དོ་མཉམ་བདེན་གཉིས་མཚོན་པའི་ཕྱག་ནི་རྣམ་པ་གཉིས་སུ་གནས་ཤིང་། དྲག་དང་ཁྲོ་བོའི་ངང་ཚུལ་ལས་རིང་དུ་འདས་ཏེ་ཞི་ཞིང་དུལ་བའམ་དགྱེས་པ་ཆེན་པོའི་བཞད་མཛུམ་དང་ལྡན་པ་དང་། སྟོང་གསུམ་ཀུན་གྲགས་སྒྲ་རྒྱལ་འབྲུག་གི་ཁྲི་ལ་རོལ་པའི་འགྱིང་བག་ཅན། ཞེས་པས། སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་པ་མཐའ་ཐུག་གི་འཇིག་རྟེན་དང་གསུམ་སྟེ་འཇིག་རྟེན་ཀུན་ལ་སྙན་པའི་གྲགས་པ་ལྡིར་བའི་སྒྲ་ཡི་རྒྱལ་པོ་ཞེས་ངར་ཆེན་གཡུ་འབྲུག་གིས་བཏེགས་པའི་ཁྲི་འཕང་མཐོན་པོ་ལ་རོལ་པའམ་བཞུགས་པའི་གཟི་བརྗིད་འགྱིང་སྟབས་བག་ཕེབ་ཅིང་ཁོང་ལྷོད་པའི་ཚུལ་ཅན་དུ་གནས་ཤིང་། འཕྲུལ་ཆེན་ཡི་གེ་བཞི་བཅུས་རབ་སྤྲས་བཀྲ་གསལ་ནམ་བཟའ་ལེགས་པར་བགོས། ཞེས་པ། འཕྲུལ་གྱི་ཡི་གེ་ཆེན་མོ་སྟེ་ཞང་བོད་ཡི་གེ་ཀུན་གྱི་བྱུང་ཁུངས་སམ་མ་ཕྱི་དབྱངས་གསལ་བཞི་བཅུའི་གཟུགས་ཀྱི་རྣམ་པར་མཚན་པས་རབ་ཏུ་སྐྲས་པའི་དར་གྱི་སྟོད་གཡོག་སོགས་བཀྲ་ལ་གསལ་བའི་ནམ་བཟའ་སྐུ་ལ་ལེགས་ཤིང་འཚམ་པར་བགོས་པ་དང་། རྒྱུད་ལུང་མན་ངག་སྡེ་སྣོད་ཀུན་འབྱུང་གཏོ་ཡི་བཀའ་སྒྲོམ་རབ་ཏུ་འགེལ། ཞེས་སྟོན་པས་གསུངས་ཤིང་ཞུས་ལེན་དང་འབྲེལ་བའི་རྒྱུད་དང་། འཕགས་པས་བཀྲལ་ཏེ་གཏན་ཚིགས་སུ་ཆེ་བའི་ལུང་དང་། ཉུང་ལ་འདུས་ཤིང་མཛུབ་ཚུགས་སུ་སྟོན་པའི་མན་ངག་གི་སྡེ་གསུམ་པོ་གདུལ་བྱ་སྣོད་དང་ལྡན་པ་ཀུན་ལ་བྱུང་དང་འབྱུང་བའི་གཏོ་ཡི་བཀའ་སྒྲོམ་ཞེས་གསུང་རབ་ཀྱི་བཅུད་དུ་སྦ་བའི་སྣོད་སྒྲོམ་སྐུ་ཡི་རྒྱབ་ཕྱོགས་སུ་རབ་ཏུ་འགེལ་བའམ་འཁུར་བའི་རྣམ་ཅན་དང་། ཕྱག་གཡས་སྔོན་དམར་ཤེས་རབ་རལ་གྲིས་འཁྲུལ་རྟོག་བདག་འཛིན་རྩད་ནས་གཅོད། ཞེས་པས་ཕྱག་གཡས་ན་མཐིང་སྔོན་ནམ་མཁའི་མདངས་དང་ལྡན་ཞིང་རྩེ་མོར་དམར་ནག་མེ་རི་འབར་བས་བརྒྱན་པའི་ཤེས་རབ་ཀྱི་རལ་གྲི་རྣོན་པོས་འཁྲུལ་པའི་རྣམ་པར་རྟོག་པ་ཀུན་དང་རྩ་བ་བདག་གཞན་གཉིས་སུ་འཛིན་པའི་མ་རིག་བག་ཆགས་དང་བཅས་པ་རྩད་ནས་གཅོད་པའི་བརྡ་རུ་མཁའ་རུ་ཕྱར་བ་དང་། གཡོན་པའི་གསལ་བའི་སྒྲོན་མེས་འགྲོ་བ་མ་རིག་བློ་མུན་སེལ་བར་མཛད། ཞེས་པ། ཕྱག་གཡོན་པས་མེ་ཏོག་ཨུད་པ་ལའི་དཀྱིལ་དུ་གསལ་ལ་འོད་དུ་འཚེར་བའི་སྒྲོན་མེས་ཀུན་འབྱུང་ལས་ཉོན་དབང་གིས་འགྲོ་ཞིང་འཁྱམས་པའི་སེམས་ཅན་རྣམས་ཀྱི་ཡང་དག་གཤིས་ཀྱི་གནས་ལུགས་མ་རིག་རྨོངས་པའི་བློ་དབྱར་གྱི་ཤེའུ་མུན་འཁྲིག་པ་ལྟ་བུ་དེ་ཉིད་སྐད་ཅིག་ལ་སེལ་བར་མཛད་པ་དང་། གཡས་གཡོན་འཕྲག་གཉིས་འབར་བའི་ཉི་ཟླ་ཐབས་ཤེས་ཟུང་འབྲེལ་ཚུལ་དུ་བརྗིད། ཅེས་སྐུ་ཡི་གཡས་གཡོན་འཕྲག་གོང་གཉིས་སུ་མདངས་ཟེར་འོད་དུ་འབར་བའི་ཉི་མ་དང་ཟླ་བ་གཉིས་ཐབས་དང་ཤེས་རབ་ཡ་མ་བྲལ་བར་ཟུང་དུ་འབྲེལ་བའི་བརྡའམ་ཚུལ་དུ་བརྒྱན་ཅིང་བརྗིད་དང་ལྡན་པ། གཡུ་ཡི་ཟུར་ཕུད་རིགས་ཀྱི་རྟགས་སོགས་ཞི་རྒྱན་མཛེས་པའི་རྒྱན་གྱིས་བརྒྱན། ཞེས་པའི་དོན་དབུ་ལ་གཡུ་ཡི་ཟུར་ཕུད་ཅེས་སྔོ་ལྗང་གཡུ་འོད་འབར་བའི་རིན་པོ་ཆེའི་དབུ་རྒྱན་ལ་དབུས་ཀུན་སྣང་ཁྱབ་པ་གཙོས་བདེ་བར་གཤེགས་པ་རིགས་ཀྱི་ལྷ་ལྔ་འམ་གཡུང་དྲུང་སོགས་རིགས་རྟགས་ལྔ་ཡིས་མཚན་པའི་དབུ་རྒྱན་གསོལ་བ་ལ་སོགས་ཞི་བའི་ལྷ་རྒྱན་བཅུ་གསུམ་རྣམ་པར་མཛེས་ཤིང་བཀོད་པའི་ཕྲ་ཚོམ་དང་ཕྲེང་བའི་རྒྱན་གྱིས་སྤྲས་པའམ་བརྒྱན་པར་མཛད་པ། ལེགས་པ་ཀུན་འབྱུང་རྒྱལ་དང་རྒྱལ་སྲས་ཐམས་ཅད་འདུས་པའི་ངོ་བོ་ཉིད། ཅེས་པ། གནས་སྐབས་དང་མཐའ་ཐུག་གང་ལའང་ཕན་བདེ་ལེགས་པའི་ཡོན་ཏན་ཡོད་ཅོག་ཀུན་གྱི་འབྱུང་བའི་གནས་སུ་གྱུར་པ་ཕྱོགས་བཅུ་མུ་མཐའ་མེད་པ་ན་བཞུགས་པའི་རྒྱལ་བ་སྟེ་སངས་རྒྱས་དང་རྒྱལ་སྲས་གཡུང་དྲུང་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་སྟོབས་གཅིག་ཏུ་འདུས་པའི་ངོ་བོ་འམ་བདག་ཉིད་དུ་གྱུར་པ། མཐའ་རིང་འཁོར་བའི་རྒྱ་མཚོ་འདི་ལས་ཉེ་བར་སྒྲོལ་མཛད་ཕྲིན་ལས་ཅན། ཞེས་གཏིང་མཐའ་མི་མངོན་ཞིང་བཞུར་རྒྱུན་རིང་ལ་ཟད་པ་མེད་པ་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཆེན་པོ་འདི་ལྟ་བུ་ལས་མི་འགྱང་ཉེ་བར་གཏན་བདེའི་སྐམ་ས་རུ་སྒྲོལ་བར་མཛད་པའི་རྣམ་བཞིའི་ཕྲིན་ལས་འགག་པ་མེད་པའི་བདག་ཉིད་ཅན་གང་དེར། ལུས་ངག་ཡིད་གསུམ་སྒོ་ནས་དྭངས་པས་ཁྱེད་ལ་རབ་ཏུ་ཕྱག་བགྱིས་པས། ཞེས་པས་གུས་པ་ལུས་ཀྱི་ཕྱག་དང་བསྟོད་དབྱངས་ངག་གི་ཕྱག་དང་དགའ་དད་ཡིད་ཀྱི་ཕྱག་གསུམ་གྱི་སྒོ་ནས་ཚུལ་འཆོས་ཀྱི་དྲི་མས་མ་གོས་པས་ན་དྭངས་བ་སྟེ་མགོན་པོ་ཁྱེད་ལ་གུས་པ་ཆེན་པོས་རབ་ཏུ་འམ་ཡང་དག་པའི་ལྷ་ཕྱག་ལན་གྲངས་མང་དུ་བགྱིས་ཤིང་འཚལ་བས་ན། མི་ཕམ་རྒྱལ་མཛད་དགྱེས་པའི་ཞབས་པད་བདག་གི་སྤྱི་བོར་མྱུར་དུ་ཞོག ཅེས་འཁོར་བའི་གཡུལ་ས་ཆེན་པོ་འདིར་མི་ལྟུང་བའམ་ནམ་ཡང་ཕམ་པ་མེད་པར་གཏན་དུ་རྒྱལ་བར་མཛད་པའི་ཐུགས་ཉིད་དགྱེས་ཤིང་བྱམས་པ་ཆེན་པོའི་ཚུལ་གྱིས་སྐུ་ཡི་ཞབས་ཟུང་དྲི་མེད་པད་མོ་ལྟ་བུ་གང་དེ་སྐྱབས་ཞུ་བ་པོ་བདག་གི་སྤྱི་བོར་ཡུན་ཏུ་མི་ཐོགས་པར་མྱུར་བ་ཉིད་དུ་ཞོག་ཅིག་ཅེས་བསྐུལ་བ་དང་། དམ་པ་སྨད་པའི་ལས་རྣམས་གང་བགྱིས་སྤྱན་སྔར་བཤགས་སོ་བཟོད་པར་གསོལ། ཞེས་པས་བསྟོད་པར་འོས་པའི་ཡུལ་དམ་པ་སུ་ལའང་སྒྲོ་སྐུར་དང་འཕྱ་སྨོད་བྱས་པས་སྡིག་པའི་ལས་ངན་གྱི་ཚོགས་རྣམས་ཕྲ་རག་གང་ཞིག་རང་གིས་བགྱིས་པ་དང་གཞན་ལ་བགྱིད་དུ་བསྩལ་བ་ཅི་བྱས་པ་ཐམས་ཅད་ཁྱེད་ཀྱི་སྤྱན་སྔར་རམ་མདུན་དྲུང་དེར་མི་འཆབ་གནོང་འགྱོད་སེམས་ཀྱིས་བཤགས་སོ་ཞེས་ཉེས་སྐྱོན་བགྲང་ཞིང་ཁེངས་བསྐྱུངས་བའི་སྒོ་ནས་བཟོད་པར་གསོལ་ཏེ་ཉེས་བྱས་བསྡོམ་པ་དང་། ཕུན་ཚོགས་ལྡན་ཀྱང་དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ་ལོ་ཐུགས་རྗེས་བཞེས། ཞེས་པ། གང་ན་བཞུགས་པའི་ཞིང་དུ་འཕོངས་པ་མེད་པར་དགོས་རྒུ་ཕུན་སུམ་ཚོགས་པའི་གཏེར་དང་ལྡན་པ་ལགས་མོད་ཀྱང་བདག་གཞན་འགྲོ་བ་རྣམས་ཀྱིས་དངོས་སུ་འབྱོར་བ་དང་ཡིད་ཀྱིས་དམིགས་ཤིང་སྤྲུལ་ཏེ་མཆོད་པའི་ཚོགས་སུ་བསགས་པ་འདི་རྣམས་འབུལ་ལོ་ཞེས་བློས་བླངས་ཏེ་ཕུལ་བ་ཡིན་པས་ཐུགས་ཀྱིས་མི་འདོར་བར་རྗེས་སུ་ཆགས་པའི་ཚུལ་གྱིས་བཞེས་ཞེས་མཆོད་པ་དང་། ཉིན་མཚན་ཀུན་ཏུ་འདུན་པས་བསམ་ཀྱང་ད་རུང་ཁྱེད་ཀྱི་ཐུགས་རྗེའི་ཤུགས། ཞེས་ཉིན་དང་མཚན་ལ་སོགས་དུས་དང་རྣམ་པ་ཀུན་ཏུ་དད་འདུན་མོས་པས་ཁྱེད་ཉིད་ཡིད་ལ་སྒོམ་ཞིང་བསམ་མོད་ཀྱང་ད་དུང་ངམ་ད་རུང་སྨྲ་དབང་ཁྱེད་ཀྱི་ཐུགས་རྗེ་ཞེས་མཁྱེན་བརྩེའི་ནུས་ཤུགས་གང་ཞིག་མངའ་བ་དེ་ལྟར་ནའང་། ཅུང་ཟད་མེད་སྙམ་འོན་ཀྱང་བདག་གི་ཉེས་པའི་སྐྱོན་གྱི་སྒྲིབ་པ་ཟད། ཅེས་པས་ཁོ་བོའི་རྒྱུད་ལ་གང་དེའི་ཆ་ཤས་ཅུང་ཟད་ཙམ་ཡང་ཐོབ་པར་མ་ནུས་པའམ་མེད་པར་སྙམ་བཞིན་མཆིས་ན། འོན་ཏེ་སླད་ཕྱིན་ཆད་ཀྱང་བདག་གི་སྒོ་གསུམ་གྱི་སྡིག་པ་མི་དགེས་ཉེས་ཤིང་བསགས་པའི་སྐྱོན་གྱི་ཚོགས་ཀུན་ནས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཕྲ་རགས་དང་བཅས་པ་འདི་རྣམས་དག་ཅིང་ཟད་པའི་ཕྱིར་དུ། རབ་འབྱམས་ཤེས་བྱའི་ཚོགས་ཀུན་ཀུན་གསལ་བློ་གྲོས་བདག་ལ་མྱུར་དུ་སྩོལ། ཞེས་ཤིན་ཏུ་རྒྱ་ཆེ་ལ་རབ་ཏུ་མུ་མཐའ་མེད་པར་འབྱམས་སུ་ཀླས་པའི་ཤེས་པར་བྱ་བའི་ཚོགས་ཏེ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་བོན་ཀུན་ལུས་པ་མེད་པ་ཀུན་ནས་ཡོངས་སུ་ཤེས་ཤིང་གསལ་བའི་བློ་གྲོས་རིག་རྩལ་ཅི་མཆིས་པ་རྣམས་མི་ཤེས་རྨོངས་པ་བདག་གི་རྒྱུད་ལ་གཡེལ་བ་མེད་པར་མྱུར་བ་ཉིད་དུ་བསྩལ་བར་མཛད་དུ་གསོལ་ཞེས་པ་དང་། བདག་ལ་མགོན་བྱེད་རེ་ས་ཁྱེད་ལས་ལྷག་པའི་གཞན་ལ་སུ་མེད་པས། ཞེས་པ། བདག་ལ་ཞེས་གང་སྐྱབས་ཞུ་བ་པོ་རང་ཉིད་ལ་གནས་སྐབས་དང་མཐའ་ཐུག་ཀུན་ལ་ཕན་བདེའི་མགོན་ནམ་སྡོང་གྲོགས་སུ་བྱེད་པར་དད་འདུན་གྱི་རེ་བ་འཆང་ས་རིག་པའི་ལྷ་མཆོག་ཁྱེད་ལས་མཆོག་ཏུ་གྱུར་པའམ་ལྷག་པའི་གནས་ཤིག་སྣང་སྲིད་ཀྱི་ཞིང་འདི་དང་གཞན་གང་ན་སུ་ཡང་མེད་པས་ན། དུས་རྣམ་ཀུན་ཏུ་མི་འབྲལ་ཁྱེད་ཀྱི་ཐུགས་རྗེས་བདག་ལ་བཟུང་དུ་གསོལ། ཞེས་འདི་ཕྱི་བར་དོ་ལ་སོགས་དུས་དང་རྣམ་པ་ཀུན་ཏུ་མི་འབྲལ་འགྲོགས་ཤིང་ཁྱེད་ཀྱི་ཐུགས་རྗེ་སྟེ། དོན་དམ་མྱ་འདས་ཀྱི་བོན་དང་ཀུན་རྫོབ་འཁོར་བའི་བོན་ཀུན་སྒྲིབ་པ་མེད་པར་གཟིགས་པའི་མཁྱེན་པ་དང་འགྲོ་བ་ཡོངས་ལ་བུ་ལྟར་བརྩེ་བའི་སྙིང་རྗེ་ཆེན་པོ་དེས་ཁས་ཉེན་བདག་ལ་བྲི་གང་མེད་པར་བཟུང་བར་མཛད་དུ་གསོལ་ཞེས་ཞུ་བ་དང་། བདག་གིས་གཞན་ཕྱིར་བཀའ་ཡི་འཁོར་ལོ་བསྐོར་ཞིང་འགྲོ་རྣམས་མྱུར་སྒྲོལ་ཤོག ཅེས་པས་དེའི་མཐུས་བདག་གིས་འགྲོ་བ་གཞན་གྱི་ཤེས་རྒྱུད་དཀྲོལ་བ་དང་བསྟན་པ་ཡུན་ཏུ་གནས་ཕྱིར་རྒྱལ་བའི་བཀའ་ཡི་གསུང་གསང་གང་ལ་སྒོམ་སྒྲུབ་ལྷུར་ལེན་དང་འཆད་རྩོད་རྩོམ་པའི་བྱ་བྱེད་འཁོར་ལོ་བསྐོར་བ་ལྟ་བུ་གང་དག་གདུལ་བྱའི་རྒྱུད་ལ་ལེགས་པར་འཕོས་ཞིང་ལས་ཉོན་དབང་གིས་སྡུག་བསྔལ་གྱི་མཚོ་ལ་བྱིང་བའི་འགྲོ་དྲུག་སེམས་ཅན་རྣམས་རིང་པོར་མི་ལོན་པར་མྱུར་དུ་བདེ་ཆེན་རྫོགས་པའི་ཞིང་ཁམས་སྐམ་ས་ཆེན་པོར་སྒྲོལ་བའམ་འཁོད་པར་ཤོག་ཅེས་སྨོན་ལམ་གྱིས་མཐར་བརྒྱན་པའོ།།

  • June 2019

    ༧མཁས་དབང་དམ་པ་དོལ་པོའི་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་རྡོ་རྗེ་

    ༧མཁས་དབང་དམ་པ་དོལ་པོའི་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེའི་ཞབས་བརྟན་སྨོན་གསོལ་ཀུན་བཟང་མེ་ཏོག།ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།།ཨོ༵་རྒྱན༵་མཚོ་སྐྱེས་རྡོ་རྗེས་ཐུགས་རྗེའི་དཔལ།།ཆོས༵་དབྱིངས༵་སྤྲོས་བྲལ་ངང་ནས་མ་གཡོས་བཞིན།།ཡེ༵་ཤེས༵་སྒྱུ་འཕྲུལ་རོལ་བའི་སྤྲུལ་པའི་སྐུ།།སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།སྔ་འགྱུར་ཀུན་མཁྱེན་ཡབ་སྲས་མི་ཕམ་རྗེའི།།ལེགས་བཤད་གཏེར་མཛོད་དཔལ་ལ་དབང་འབྱོར་ཞིང་།།གཟུངས་སྤོབས་འཆད་རྩོམ་སྤེལ་བའི་ཕྲིན་ལས་ཅན།།དོལ་པོའི་མཆོག་སྤྲུལ་དམ་པ་ཞབས་བརྟན་ཤོག།ཚུལ་ཁྲིམས་རྣམ་དག་གནས་བརྟན་དགེ་སློང་རྗེ།།ཏིང་འཛིན་ཡང་དག་བྱང་ཆུབ་སེམས་དཔའ་ཆེ།།ཤེས་རབ་ཀུན་བཟང་རིག་འཛིན་རྣལ་འབྱོར་པ།།གསུམ་ལྡན་རྡོ་རྗེ་འཆང་དབང་ཞབས་བརྟན་ཤོག།སྐུ་ཚེ་བརྟན་པ་ཚེ་མཐའ་ཡས་དང་མཉམས།།གསུང་ཆོས་ཁྱབ་བརྡལ་རྫོགས་ཆེན་བསྟན་པ་སྤེལ།།ཐུགས་རྗེ་ཨོ་རྒྱན་ཆོས་དབྱིངས་རྡོ་རྗེའི་དཔལ།།འཁོར་འདས་རྒྱན་ཏུ་རྟག་ཏུ་འཚོ་བཞེས་གསོལ།།ཞེས་པ་འདི་ཡང་རབ་གནས་ས་ཕག་ས་ག་ཟླ་བའི་དབང་ཚེས་རྒྱལ་བ་གསུམ་པར་མཁས་དབང་དམ་པ་གང་གི་ལྟ་ཕྱོགས་ཀྱི་འབེལ་གཏམ་ཟུར་ཙམ་ཉན་པའི་མོད་ལ་ལོ་སྔོན་ནས་རིག་འཛིན་ནམ་མཁའ་རྫོང་དུ་ཞི་དུལ་འཕགས་ནོར་བདུན་ལ་རང་བྱན་ཆུབ་པའི་སྤྲུལ་པའི་སྐུ་མཇལ་བ་དེ་ལྷང་ངེར་ལྷམ་མེར་ལྷན་ནེར་དྲན་པའི་མོད་ལ་མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་བཞེད་དོན་ཡིད་བཞིན་འགྲུབ་པའི་བདེན་ཚིག་ཏུ་ཤྲཱིཿཨེ་མ་ཧོས་ཨ་རིའི་ཨེ་ཝཾ་བོད་སྙིང་ཆོས་ཚོགས་ཁང་ནས་བགྱིས་པར་དགེའོ།། །། སྤྱི་ལོ་༡/༦/༢༠༡༩ལ།།་

  • June 2019

    བྱ་རྒྱལ་ཁྱུང་ལ་འཕྲིན་བཅོལ་གང་བསམ་ལྷུན་གྲུབ།

    བྱ་རྒྱལ་ཁྱུང་ལ་འཕྲིན་བཅོལ་གང་བསམ་ལྷུན་གྲུབ།ན་མོ་གུ་རུ་ག་རུ་ཌཱ་ཡ།།ཆོས་དབྱིངས་ཀུན་བཟང་ཡབ་ཡུམ་ལ།།རིགས་བདག་རྒྱལ་བ་ཡབ་ཡུམ་བསྐོར།།རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་།།ཐུགས་དམ་བསྐུལ་ཞིང་སྐྱབས་སུ་མཆི།།མཐིང་མདོག་བྱ་རྒྱལ་ཁྱུང་ཆེན་ལ།།དཔའ་ཐུལ་དགྲ་ལྷའི་གོ་ཆས་གསོལ།།ཐབས་ཤེས་ཉི་ཟླའི་དཀྱིལ་ནས་བཞེངས།།རྒྱལ་མཚན་ནོར་བུ་འཛིན་ལ་བསྟོད།།སངས་རྒྱས་སྟོང་གི་དབུ་རྒྱན་ཅིང་།།རྒྱལ་སྲས་སེམས་དཔའི་ཕྲིན་ལས་གར།།ཉན་ཐོས་རིག་གྲོལ་དགེ་འདུན་དཔུང་།།དུག་ནད་ཀུན་སེལ་རྒྱལ་ལ་འདུད།།ལས་ཉོན་བདུད་བཞིའི་འཇིགས་ཀུན་སེལ།།མ་རིག་གདོན་བགེགས་འཇོམས་པའི་དཔལ།།ཐར་ལམ་འདྲེན་པའི་ཡི་དམ་མཆོག།མེས་དབོན་རྒྱུད་པའི་ལྷ་སྲུང་མཆོད།།དབྲ་ཆེན་བསྟན་པའི་བཀའ་སྲུང་མཛོད།།ཕན་བདེ་སྤེལ་བའི་ཕྲིན་ལསམཛོད།།མདོར་ན་འགྲོ་བ་སེམས་ཅན་ཀུན།།ཀུན་བཟང་ཞིང་དུ་སྨིན་གྲོལ་མཛོད།།ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་རྒྱལ་ཟླའི་གཟའ་ཚེས་དགེ་བར་ཤྲཱིས་སོ།། རྟག་པར་རྒྱུན་མ་ཆད་པ་འདོན་ཐུབ་མཁན་ཡོད་ན་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གདོན་མི་ཟའོ།། ཕྱི་ལོ་༢༠༡༧/༡/༢༧ལའོ      

  • June 2019

    འཕུར་ལམ་གྱི་དཀར་པོ་རྟེན་འབྲེལ་ཀུན་བཟང་། ཨེ་མ་ཧོ།།

    འཕུར་ལམ་གྱི་དཀར་པོ་རྟེན་འབྲེལ་ཀུན་བཟང་།ཨེ་མ་ཧོ།།༼༡༽དཀར་ཕྱོགས་རྒྱལ་བ་གསུམ་པའི་ཐོ་རངས་ཁར།།སྤྲིན་དཀར་འོག་ལ་གཞོན་ནས་གནམ་འཕང་བསྐྱོད།།གངས་དཀར་རི་བོས་བསྐོར་བའི་མན་ཏྲ་ནར།།ལྷག་དཀར་དགེ་བའི་ཉིན་མོར་བདེ་བར་འབྱོར།།༼༢༽མཚོ་དཀར་བ་ཚྭ་ཅན་གྱི་གྲོང་ཁྱེར་ནས།།གོས་དཀར་ལྕང་ལོ་གྱིས་མཇལ་ཕྱག་འཚལ།།དམ་དཀར་དད་གུས་མཆོད་པའི་ཕྱག་རྒྱ་བཅས།།འོད་དཀར་ཡེ་ཤེས་འཇའ་ཟེར་རྟེན་འབྲེལ་འགྲིགས།།༼༣༽རྣམ་དཀར་དགེ་ཚོགས་བསྐྲུན་པའི་ཞིང་ཁམས་མཆོག།དཀྱིལ་དཀར་ཨེ་ཝཾ་སངས་རྒྱས་དགའ་ཚལ་དུ།།ཟླ་དཀར་ས་ག་ཟླ་བའི་འཁྲུངས་སྐར་རུ།།གོས་དཀར་བསྟན་པའི་ཁྱབ་བདག་དངོས་སུ་མཇལ།།་་་་་་་་་་གནམ་ལྕགས་མཁན་རིན་པོ་ཆེ་ངག་དབང་དང་ཡེ་ཤེས་འཇའ་ཟེར་དང་ལུགས་དངོས་སུ་རང་བྲིས་བཞིན་དུ་གནམ་ཐང་དུ་བསུ་བར་བྱོན་ནས་བོང་བ་གསེར་གཟིགས་ཀྱིས་བཀའ་དྲིན་གནང་། ཁྱད་པར་དུ་༧དོན་གྱི་སླད་དུ་མཚན་ནས་སྨོས་ན་༧སྐྱབས་རྗེ་དམ་པ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་གྱི་བྱམས་བརྩེའི་གསེར་ཞལ་མཇལ། བཀའ་དྲིན་དང་བྱིན་རླབས་བསྩལ། སངས་རྒྱས་སྟོང་གི་དགའ་ཚལ་དང་རྫོགས་ཆེན་སྟོན་པའི་དཀྱིལ་འཁོར། ཨེ་ཝཾ་ཏཱ་ར་དགོན་པ་བླ་མ་དམ་པ་དང་མཉམ་དུ་གནས་བསྐོར་དང་བཀའ་མོལ་གནང་། སྙིང་གྲོགས་མཁན་པོ་གནམ་ལྕགས་རྡོ་རྗེ་དང་མཁས་བཙུན་བཟང་པོས་ཕྱུག་པའི་རྗེ་བཙུན་མ་འཇམ་དབྱངས་དཔལ་མོ་དང་མོའི་ཡུམ་ཆེན་དང་ཤྲི་དང་སོགས་དང་ཚོགས་འཁོར་ལ་དངོས་སུ་ཞུགས་པའི་སྤྲོ་དགའ་བརྟས་སོ།

  • June 2019

    རང་བྱུང་གི་རྟོགས་གསོལ།།

    རང་བྱུང་གི་རྟོགས་གསོལ།།ན་མོ་གུ་རུ་བཛྲ་གུ་ཧྱེ་བིརྱ་དྷ་ར་ཡེ།།ཟབ་གསང་སྙིང་ཐིག་དགོངས་པའི་མཛོད་ལ་དབང་།།རིག་འཛིན་བརྒྱུད་པའི་སྣང་བཞིར་ཕ་རོལ་ཕྱིན།།སེང་ཧེ་ཤྭ་ར་ཉིད་དང་དབྱེར་མེད་པའི།།སྐྱབས་མཆོག་དྲིན་ཆེན་བླ་མ་གསོལ་བ་འདེབས།།ཕྲིན་ལས་ཀུན་ཁྱབ་དབྱིངས་དང་མཉམ་པར་ཤོག།ཨེ་མ་ཧོས་ཨ་ལས་ས་པདྨ་འདབ་བརྒྱད་དང་གནམ་འཁོར་ལོ་རྩེ་བརྒྱད་ཀྱི་རང་བྱུང་གི་དཀྱིལ་འཁོར་མཛེས་པའི་དབུས་ནས་སྨོན་པའོ།།ྋསྐྱབས་རྗེ་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབསབཞུགས་སོ།།ཨེ་མ་ཧོ།།གསང་སྔགས་བསྟན་འཛིན་དམ་པ་ཡིད་བཞིན་དབང་།།བཤད་སྒྲུབ་དྲི་མེད་ལྷ་གོས་རྩེར་མཆོད་ནས།།མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས།།སྐྱབས་མཆོག་དམ་པ་བསྐལ་བརྒྱར་འཚོ་བཞེས་གསོལ།།ཨེ་མ་ཧོ་རུ་འབོད་པས་རྩེ་གཅིག་ཏུ་སྨོན་ཞིང་གསོལ་བ་བཏབ་པར་དགེའོ།།

  • May 2019

    མ་ཧཱ་གུ་རུ་པདྨ་ཀ་རའི་གསུང་གི་ཐོ་ཡིག་བཞུགས་སོ།།

    མ་ཧཱ་གུ་རུ་པདྨ་ཀ་རའི་གསུང་གི་ཐོ་ཡིག་བཞུགས་སོ།། བཀྲ་ཤིས་གཡང་གི་བྱིན་ཆགས་པའི།།གངས་ལྡན་འཛིན་མའི་དཀྱིལ་འཁོར་ལ།།དགེ་བའི་ལོ་ཏོག་སྨིན་མཛད་པའི།།དཔལ་ལྡན་རྫོགས་པའི་སངས་རྒྱས་རྒྱལ།། ཡུལ་ལ་རྒུད་པ་འབྱུང་བའི་སྔ་ལྟས་སམ།།ནང་ལ་འཁྲུགས་རྩོད་བྱེད་པའི་གཡོ་ཇུས་སྟེ།།གང་ཡིན་ངེས་པ་མེད་པའི་སྐུར་འདེབས་དང་།།ལོག་པར་སྨྲ་རྣམས་རང་རིགས་ཕུང་བའི་རྒྱུ།། འོན་ཀྱང་དུས་རབས་གསར་བའི་སྦྲང་རྩི་ཡིས།།སེམས་ཁམས་གཏིང་ནས་མྱོས་པའི་ན་གཞོན་དག།ཆུ་སྣ་གར་ཁྲིད་ཕྱོགས་སུ་རྒྱུགས་པ་ལྟར།།ཅི་ཐོས་བདེན་པར་འཛིན་པའི་ཉེན་ཁ་ཡོད།། དེ་བས་དེ་ལ་ཕན་པའི་སླད།།གསལ་བཤད་གཡུ་སྦྲང་གཞོན་ནུ་མ།།གངས་ཅན་ཡངས་བའི་སྐྱེད་ཚལ་དུ།།ཅི་འདོད་གར་གྱིས་འཕུར་ལ་བྲེལ།། ཤེས་ལྡན་སྤྱན་དཀྱུས་ཡངས་བ་དག་ལ་ངལ་བ་འདི་དག་གཞལ་ཡང་མི་དགོས་མོད། གསར་བུ་ཅི་སྨྲས་གཏམ་གྱིས་ཐེ་ཚོམ་གྱི་གནས་ལ་ལྷུང་བར་འགྱུར་བ་དག་ལ་ཕན་པའི་སླད་དུ་སློབ་དཔོན་གུ་རུ་རིན་པོ་ཆེ་བཀའ་དྲིན་ཅན་གྱི་གསུང་ཟབ་མོ་གཏེར་མ་དང་། ད་ལྟའི་དུས་ན་འགྲོ་བ་མིའི་འདུལ་བྱ་ལ་དངོས་སུ་མི་སྣང་ཞིང་། ལྷ་ཀླུ་གནོད་སྦྱིན་གྱི་ཡུལ་ན་བཞུགས་པ་དག་མ་ཡིན་པར་ད་ལྟ་ཡང་ང་ཚོ་སོ་སྐྱེ་རྟོག་གེ་བ་དག་ལ་དངོས་སུ་སྣང་བའི་གསུང་རྩོམ་རྣམས་ངོ་སྤྲོད་ཅུང་ཟད་བགྱིད་པར་འདོད། དེ་ཡང་འོག་ཏུ་གཞུང་སོ་སོའི་མཚན་ནམ་མིང་དང་། གཞུང་སོ་སོའི་མཛད་བྱང་ངམ་མཇུག་བྱང་དང་། ད་ལྟ་དཔར་དང་དེབ་གང་དུ་བཞུགས་མིན་རེ་རེ་ནས་འགོད་པས་གོ་རིམ་དང་མཐུན་པར་གཟིགས་པས་འཐུས་པར་འགྱུར་རོ།། འོ་ན་སློབ་དཔོན་ཆེན་པོ་ལ་གསུང་འབུམ་མེད་པ་ཅི་ཡིན་སྙམ་ན། གསུང་འབུམ་ཞེས་པ་བོད་རང་གི་བླ་མ་འགའ་རེས་ཕྱིས་སུ་སྲོལ་བཏོད་ནས་དར་བ་ཞིག་ཡིན་པ་ལས་རྒྱ་གར་རང་དུ་སྡེ་དང་ཚོགས་སོགས་སུ་འབོད་པ་མ་གཏོགས་གསུང་འབུམ་ཞེས་པའི་འབོད་སྲོལ་དེ་ཡོད་པར་མ་མཐོང་ཞིང་།སློབ་དཔོན་རྒྱ་གར་གྱི་པཎྜི་ཏ་ཡིན་སྟབས་གསུང་དང་ཕྱག་དཔེ་དག་བཀའ་བསྟན་གྱི་ནང་དུ་བཞུགས་པ་ལས་གསུང་འབུམ་ལོགས་སུ་མེད་པ་ཡིན། དཔེར་ན་མགོན་པོ་ཀླུ་གྲུབ་ཀྱི་གསུང་འབུམ་ཞེས་པ་ཞིག་མེད་པ་བཞིན་ནོ།། གཞུང་གི་མིང་།༼འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཀྱི་མན་ངག་རྒྱ་ཆེར་བཤད་པའི་འགྲེལ་པ།༽གཞུང་གི་མཇུག་བྱང་། ༼མཆོག་ར་བ་སྙིང་པོ་རྩ་བའི་མན་ངག་པདྨ་འབྱུང་གནས་ཀྱིས་མཛད་པའི་འགྲེལ་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼ཛི༽དུམ་པར་བཞུགས། གཞུང་གི་མིང་།༼དམ་ཚིག་ལྔ་པ། ༽གཞུང་གི་མཇུག་བྱང་། ༼དམ་ཚིག་ལྔ་པ་ཞེས་བྱ་བ་སློབ་དཔོན་དཔལ་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼ཉ༽དུམ་པར་བཞུགས། གཞུང་གི་མིང་།༼རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། ༽གཞུང་གི་མཇུག་བྱང་།༼གསང་སྔགས་མཐའ་དག་ལ་མངའ་བརྙེས་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའོ།།༽སྡེ་དགེ་བསྟན་འགྱུར་༼ཐུ༽དུམ་པར་བཞུགས། གཞུང་གི་མིང་།༼དཔལ་འཇིག་རྟེན་མགོན་པོ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས་ཞེས་བྱ་བ།༽གཞུང་གི་མཇུག་བྱང་།དཔལ་ལྡན་འཇིག་རྟེན་མགོན་པོ་ཁར་ས་པཱ་ཎའི་སྒྲུབ་ཐབས་ཞེས་བྱ་བ་གྲུབ་ཆེན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།།སྡེ་དགེ་བསྟན་འགྱུར་༼ནུ༽དུམ་པར་བཞུགས། གཞུང་གི་མིང་།༼རྡོ་རྗེ་རྣམ་པར་འཇོམས་པའི་ཐེམ་ཡིག་གསང་བ་ཞེས་བྱ་བ།༽གཞུང་གི་མཇུག་བྱང་།༼རྡོ་རྗེ་རྣམ་པར་འཇོམས་པའི་ཐེམ་ཡིག་གསང་བ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།།༽ སྡེ་དགེ་བསྟན་འགྱུར་༼པུ༽དུམ་པར་བཞུགས། གཞུང་གི་མིང་།༼ཁོར་ཡུག་མངར་བའི་སྒྲུབ་ཐབས་ཞེས་བྱ་བ། ༽གཞུང་གི་མཇུག་བྱང་།༼ཁོར་ཡུག་མངར་བའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ།༽ སྡེ་དགེ་བསྟན་འགྱུར་༼ཕུ༽དུམ་པར་བཞུགས། གཞུང་གི་མིང་།༼ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས།༽གཞུང་གི་མཇུག་བྱང་།༼ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼མུ༽དུམ་པར་བཞུགས། གཞུང་གི་མིང་།༼གཞལ་ཡས་ཁང་གསལ་བར་བྱེད་པའི་མངོན་རྟོགས་མུན་སེལ་སྒྲོན་མ་བཞུགས།༽གཞུང་གི་མཇུག་བྱང་།༼གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།།༽སྡེ་དགེ་བསྟན་འགྱུར་༼ཙུ༽དུམ་པར་བཞུགས། ༼ལྟ་བའི་ཕྲེང་བ་ཞེས་བྱ་བའི་མན་ངག་༽སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་ཡུལ་ནས་སླར་གཤེགས་ཀར་བྲག་དམར་མཚོ་མོ་འགུལ་གྱི་ནེ་ཐང་དུ་དགུང་གསུམ་བཞེས་ནས་ལྷ་སྲས་ཁྲི་སྲོང་ལྡེ་བཙན་དང་རྗེ་འབངས་ལ་འགྱེས་ཕྱག་གི་དུས་སུ་མཛད་པ་རྫོགས་སོ།། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་པཎྜི་ཏ་མཛད་ནས་བསྒྱུར་བའི་བཀའ་བསྟན་གྱི་སྐོར། དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་དང་། བོད་ཀྱི་ལོ་ཙྪ་བ་བདག་བཻ་རོ་ཙ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླའི་ཕྱག་དཔེ་ལ་ཞལ་བཤུས་པ་ལས་བརྒྱུད་པའོ།། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བའི་རྒྱན། བླ་མའི་མན་ངག་རྒྱུད་མ་ཆད་པ། དེ་ཁོ་ན་ཉིད་ཉི་ཟླ་སྣང་བ་ཞེས་བྱ་བའི་སྒྲུབ་ཐབས་ཆེན་པོ་དགེ་སློང་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་གུ་རུ་པདྨ་འབྱུང་གནས་དང་། ལོ་ཙཱ་བ་གླང་དཔལ་གྱི་སེང་གེས་བསྒྱུར་རོ།།༢༠༡༩ལོའི་བོད་ཟླ་དང་པོའི་ཚེས་བཅུ་དྲུག་ལ་ཨ་དཔལ་གྱིས་སྤེལ་བའོ།།