རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཀྱི་དམིགས་ཁྲིད་ཅུང་ཟད་སྨོས་པ་ཟབ་ལམ་ཡོངས་རྫོགས་བཞུགས།
རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཀྱི་དམིགས་ཁྲིད་ཅུང་ཟད་སྨོས་པ་ཟབ་ལམ་ཡོངས་རྫོགས་བཞུགས། ན་མོ་གུ་ར་ཝེ། སྤྱིར་བདག་ཅག་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རྗེས་སུ་འཇུག་པ་ཐམས་ཅད་ཀྱི་མཁས་དང་གྲུབ་པ་བརྙེས་པའི་ཕྱག་སྲོལ་དང་གསུང་གི་གསང་བ་ལ་ཆེ་བ་དུ་མ་དང་ལྡན་པ་སྨོས་ཀྱིས་མི་ལྡང་ཀྱང་རང་རེ་སྔ་འགྱུར་རྙིང་མ་བ་རྣམས་ཀྱི་ཆོས་སྤྱོད་ཐམས་ཅད་ཀྱི་ཐོག་མར་གུ་རུ་རིན་པོ་ཆེའི་རྡོ་རྗེའི་གསུང་གསོལ་འདེབས་ཚིག་བདུན་མ་གསུང་པ་འདི་དགོས་པ་མཆོག་ལྡན་དུ་མཐོང་ནས་དེའི་དམིགས་ཁྲིད་མདོ་ཙམ་ཞུ་ན། ཧཱུྃ༔ ཞེས་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྲོག་གི་སྙིང་པོ་འདི་བརྗོད་པས། རང་རེའི་ཆོས་ལུགས་ཀྱི་མཚན་ལས་གསང་སྔགས་རྙིང་མ་བ་ཞེས་གྲགས་པ་བཞིན་སྒེར་གྱི་སྟོན་པ་ཕྱོགས་དུས་སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི་ཉིན་བྱེད་སྔགས་ཀྱི་སྟོན་པའི་ཚུལ་དུ་བཞེངས་པ་གུ་རུ་རིན་པོ་ཆེའི་རྗེས་འཇུག་གྱུར་པའི་སྐལ་བཟང་གིས་ལྟ་སྒོམ་སྤྱོད་པའི་ཉམས་ལེན་གྱི་གཙོ་བོ་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་གཞུང་བསྲངས་ནས་མདོ་སྔགས་ཡོངས་རྫོགས་དེའི་ལམ་སྟེགས་སུ་བཀྲལ་ཏེ་མི་འགལ་བར་ཉམས་སུ་ལེན་དགོས་པའི་གནད་དོན་མཚོན་བྱེད་ཡིན་པ་ཁོང་དུ་ཆུད་པའི་ཆེ་བ་ངོ་ཤེས་པ་དང༌། ཐུགས་སྲོག་རྡོ་རྗེའི་སྔགས་ཀྱི་སྒྲ་གདངས་བརྗོད་མ་ཐག་སྣང་གྲགས་རིག་པ་བསྒྲུབ་བྱའི་དཀྱིལ་འཁོར་དེའི་རྡོ་རྗེ་གསུམ་གྱི་སྣང་ཆ་སད་པའི་མོས་གུས་ཀྱིས་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ལྷང་གིས་དྲན་པར་བྱས་ཏེ་གསོལ་བ་འདེབས་པ་ནི་ལམ་གནད་ཆེ་ཤོས་ཡིན་ཏེ། རྡོ་རྗེ་ཐེག་པ་དག་སྣང་ལམ་བྱེད་དུ་གྲགས་པ་བཞིན་སྣང་སྤྱོད་ཐ་མལ་དུ་མ་ཤོར་བ། སྣོད་བཅུད་རྒྱུད་གསུམ་གདན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ་ཤེས་པ་མདོ་དང་སྒོ་བསྟུན་པའི་སངས་རྒྱས་ཕལ་པོ་ཆེ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལས་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་སྦྱངས་བའི་ཚུལ་གྱིས་གསུངས་པ་དང༌། དོན་གནད་ཀྱང་ཚང་ཞིང་ཨུ་རྒྱན་ཡུལ་གྱི་སོགས་ནས། མང་པོས་བསྐོར༔ཞེས་ཛམ་གླིང་གདུལ་བྱའི་བསོད་ནམས་ཀྱི་སྐལ་པར་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་རྩ་གསུམ་ཀུན་འདུས་གུ་རུ་རིན་པོ་ཆེ་སྐུ་འཁྲུངས་ནས་སྐུ་ཚེ་གཅིག་གི་མཛད་པ་ཐུན་མོང་གི་གདུལ་བྱའི་སྣང་ཆར་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ལམ་དང་རྗེས་སུ་མཐུན་པ་རིག་འཛིན་རྣམ་བཞིའི་སྤང་རྟོགས་ཡོངས་སུ་རྫོགས་ནས་སྔགས་ཀྱི་རྒྱུད་ལུང་མན་ངག་ལ་རིག་པ་རྩལ་གྱི་བརྟུལ་ཞུགས་ཀྱིས་མངའ་དབང་བསྒྱུར་བའི་ཆེ་རྟགས་སུ་མཁའ་འགྲོའི་འཁོར་དང་བཅས་པའི་ཡོན་ཏན་རྗེས་སུ་དྲན་པར་བྱ་དགོས་ལ། སྤྱིར་སྔགས་ཀྱི་ལྟ་སྤྱོད་ལ་མཁྱེན་རྒྱ་ཆུང་བ་དག་གིས་མཁའ་འགྲོ་ཞེས་བུད་མེད་ཁོ་ན་ལ་ངོས་འཛིན་ནས་འཕྱར་ཀ་སྒྲོགས་ཀྱང་སྙིང་རྗེའི་གནས་ཏེ། མཁའ་ནི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་དང༌། འགྲོ་བ་དང་གཤེགས་པ་དོན་གཅིག་པས་དེ་ཉིད་མངོན་དུ་རྟོགས་པའི་གང་ཟག་གི་མཚན་གྱི་སྒྲ་ཡིན་པས། རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི་དོན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱས་པའི་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་པ་ཉམས་འོག་ཏུ་ཆུད་པ་མཐའ་དག་ལ་གསུངས་པས་ན་ངེས་པ་ལྔ་ལྡན་གྱི་སྟོན་འཁོར་ཏེ། རྒྱུད་སྡེ་ཐམས་ཅད་ཀྱི་གླེང་གཞི་ཨེ་ཝཾ་གྱིས་སྒྲས་བཤད་དགོས་པ་དང་དགྱེས་པ་རྡོ་རྗེའི་རྒྱུད་དུ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་པ་དང་ཚིག་དོན་མཚུངས་པའི་ཕྱིར་རོ། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ ཞེས་པ་སྔོན་བྱུང་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཞེས་གྲགས་པ་བཞིན་མདོ་སྔགས་ཐུན་མོང་གི་ལུགས། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་པས། རྒྱལ་བའི་སྲས་ཀྱི་ཐུགས་བསྐྱེད་དང་མཛད་པ་སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པ་དང༌། ཁྱད་པར་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་ཞེས་འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་བཞིན་གསང་བ་གསུམ་གྱི་མཛད་སྤྱོད་ཐམས་ཅད་དབང་པོ་རབ་རིན་པོ་ཆེ་ལྟ་བུའི་གང་ཟག་གསང་སྔགས་ཀྱི་ལྟ་སྒོམ་སྤྱོད་པ་ཐམས་ཅད་སྒྲ་ཇི་བཞིན་དུ་ཚུར་མཐོང་གདུལ་བྱའི་སྣང་ངོར་ཡང་མཐར་ཕྱིན་ཏེ། ཁྱབ་བདག་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་དང་དགོངས་སྤྱོད་གཉིས་སུ་མེད་པ་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་བདེ་གཤེགས་སྨིན་པ་རྒྱ་མཚོ་ཞེས་གྲགས་པའི་གསང་བ་བསམ་མི་ཁྱབ་པ་ལ་གདུལ་བྱ་རང་རང་གིས་ལྟ་སྒོམ་སྤྱོད་པ་དབང་པོའི་ཆུན་ཚོད་ལྟར་དངོས་དང་བརྒྱུད་ནས་ཡིད་ཆེས་དད་མོས་ཀྱིས་སྒྲུབ་པའམ་སློབ་ཅིང་འདུན་པས། དབང་རབ་ཀྱིས་སྒྲ་ཇི་བཞིན། དབང་འབྲིང་གིས་དངོས་བརྒྱུད་ནས་ལྟ་སྒོམ་སྤྱོད་པ་ཇི་ལྟར་དཔོག་ཚད། ཐ་མས་ཀྱང་སངས་རྒྱས་ཀྱི་མཛད་པ་ལ་མོས་གུས་དང་དང་བས་སྨོན་ལམ་དང་གསོལ་འདེབས་ལ་བརྩོན་ན་མཐར་ཕྱིན་ངེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་གི་སར་སྦྱོར་ལ། གང་ལྟར་ཡང་བླ་མའི་རྣམ་ཐར་ཡིད་ཡུལ་དུ་བྱས་པས་ཟབ་ལམ་གྱི་སྣོད་ལྡན་དུ་གྱུར་ཏེ་དཀར་པོའི་ཆོས་སྣང་བའི་སྒོ་དད་པའི་ཤུགས་ཀྱིས་བསྐུལ་ཏེ།བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་དོན་ལ་སངས་རྒྱས་རང་ངོར་གཤེགས་བཞུགས་ཀྱི་མཚན་མ་དང་བྲལ་ཀྱང་རྣམ་པ་གདུལ་བྱའི་དད་པའི་སྣང་ངོར་མངོན་སུམ་ལྟ་བུར་བྱོན་པ་གཤེགས་པའམ་གུ་རུ་རིན་པོ་ཆེའི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབ་པའི་འོད་ཟེར་ཆུ་རྒྱུན་གཅིག་མའི་དབང་བཞི་བསྐུར་བས་ལུས་ངག་ཡིད་གསུམ་ཐ་མལ་གྱི་འཁྲུལ་ཤེས་སྦྱངས་ཏེ་སྒྲིབ་པ་བཞི་དག །དབང་བཞིའི་རྟོགས་པ་ཆིག་རྫོགས་སུ་སྐྱེས། ལམ་བཞི་སྒོམ་པའི་སྐལ་ལྡན་དུ་བྱས། སྐུ་བཞིའི་ས་བོན་རྒྱུད་ལ་སྨིན་པས་བསྒྲུབ་བྱ་སྒྲུབ་བྱེད་གཉིས་མེད་དུ་གྱུར་ཕྱིར་དག་པའི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་བཀོད་པ་བསམ་གྱིས་མི་ཁྱབ་པའི་སྤྲིན་ཡེ་ཤེས་ཆེན་པོའི་བྱིན་རླབས་འཕོས་ནས་གདོད་ནས་དམ་ཡེ་དབྱེར་མེད་ཀྱི་ཡིན་ལུགས་མངོན་དུ་སད་པར་མཛད་དུ་གསོལ་ཞེས་སྨོན་པ་སྟེ། དེ་ལྟར་དམིགས་པའི་རོལ་པ་མང་དུ་སྤྲོས་པ་ཐམས་ཅད་བླ་མ་སངས་རྒྱས་ཀུན་གྱི་མེས་པོ་གཅིག་ལ་གསོལ་བ་གདབ་པའི་རིམ་པ་ལམ་ཐམས་ཅད་ཀྱི་གནད་དོན་གྱིས་ལྕི་བ་ཡིན་པས་གུྃ་རུྃ། སྤྱིར་བླ་མ་ཐམས་ཅད་ལ་ཡིད་ཆེས་ཀྱི་དད་པས་གསོལ་བ་རྩེ་གཅིག་ཏུ་བཏབ་ན་བླ་མ་ཀུན་གྱི་ཐུགས་རྗེ་བྱིན་རླབས་འཇུག་ངེས་ཤིང་དེ་ཐམས་ཅད་ཀྱང་རྩ་གསུམ་ཀུན་འདུས་པྃདྨྃ་འབྱུང་གནས་གཅིག་གི་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ངེས་ཤེས་རྩེ་གཅིག་ཏུ་བསྐྱེད་པས། ཐུན་མོང་དང་མཆོག་གི་སིདྡྷི་སྩོལ་ཅིག་ཅེས་ཧཱུྃ་གིས་ཐུགས་སྲོག་ནས་བོས་ཏེ་བསྐུལ་བས་བླ་མ་འཁོར་བཅས་འོད་དུ་ལྟེམས་ཀྱིས་ཞུ་བས་རང་ལ་ཐིམ་པས་ལྕགས་ལ་གསེར་འགྱུར་གྱིས་རྩིས་ཐེབས་པ་བཞིན་གཉིས་སུ་མེད་པར་ཐུགས་ཡིད་གཅིག་ཏུ་འདྲེས་པར་བསམ་པས། སྤྱིར་བླ་མ་སྒྲུབ་ཚུལ་ལ་སྐབས་འདིར་ཕྱི་གསོལ་འདེབས་སུ་སྒྲུབ་པ་གཙོ་བོ་བཤད་པ་ཡིན་ཡང༌། ནང་བླ་མ་སྐུ་གསུམ་དུ་སྒྲུབ་པའང་བསྒྲུབ་གཞིའི་ངོས་ནས་དབྱེ་བས་རྡོ་རྗེའི་ཚིག་རྐང་བདུན་མའི་སྒེར་སྒྲུབ་དུ་གསལ་བ་གང་འདོད་བསྒོམ་ཞིང༌། སྒྲུབ་བྱེད་སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་ཤར་བ་བསྐྱེད་རིམ་ལྷ་སྣང་དང་ཆོས་ཉིད་རང་རིག་དབྱེར་མེད་དུ་ཤེས་པ་རྫོགས་རིམ་ཡིན་ཞིང་དེ་དག་ཀྱང་བསྙེན་སྒྲུབ་ལས་གསུམ་ལ་སྦྱར་དུ་རུང་ཞིང༌། མདོར་ན་ཟབ་ལམ་གྱི་གནད་འདི་ཙམ་ཞིག་ཤེས་པས་སེམས་རྒྱུད་ལ་སྦྱར་བའི་ཉམས་ལེན་བྱས་ནས། བཀའ་གདམས་པའི་གསུང་སྒྲོས་བཞིན་སྣོད་བཅུད་སྡིག་པས་གང་བའི་རྩོད་དུས་སུ་སྐྱེས་ཀྱང༌། དལ་འབྱོར་ལན་གཅིག་ཐོབ་པ་འདི་སྐད་ཅིག་ཀྱང་འཕྲོག་བརླག་མི་ཤོར་བའི་ཆེད་དྲན་ཤེས་བག་ཡོད་མ་བྱས་ན། ལྟར་སྣང་གི་ཆོས་དང་ཡིན་རློམས་ཀྱིས་སྣང་བ་མཐོ་ཡང༌། ཉི་མ་གཅིག་ལ་འཆི་བདག་ཞགས་པས་ཐེབས་དུས་བག་མི་ཚ་བའི་གདེང་མི་འོང་བས་སངས་རྒྱས་གཉིས་པ་བཀའ་དྲིན་ཅན་དེའི་གསོལ་འདེབས་ཀུན་གྱི་ངག་ལ་ཡོད་པ་འདི་ཙམ་ཡང་རྡོ་རྗེའི་ཚིག་རྐང་གསང་ཆེན་ངེས་པའི་རྒྱུད་ཀྱི་རྒྱལ་པོ་རྣམས་དང་དབྱེར་མེད་པས་མཚོན། འབྲེལ་ཚད་དོན་ལྡན་གྱི་ཟབ་དོན་ཐང་མར་བརྡལ་བའི་ཕ་ནོར་གྱི་རིན་ཐང་རང་ངོ་ཤེས་པའི་གསལ་འདེབས་ཙམ་དུ་འདུ་འཛིའི་ཞགས་པས་བསྡམས་ཏེ་ལོག་འཚོའི་ལྕིད་ཀྱིས་ནོན་པའི་གྱི་ན་བ་ཨུ་རྒྱན་སྐྱབས་སམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པའི་མདོ་ཁམས་ནས་འཁྱར་བའི་རྒན་ཁོག་གིས་བྲིས་པ་ཟབ་གནད་མང་དུ་འདུས་པའི་ཨུ་པ་དེ་ཤ་ཡིན་པར་རློམས་པས་ཀུན་གྱིས་གཟིགས་ཏེ་གནད་ཆེ་དོན་ལྡན་ཡིན་མིན་ཐུགས་དཔྱད་མཛད་པར་ཞུ་བ་ལགས་སོ། །རྙིང་མར་ཁས་འཆེ་བན་སྔགས་ཐམས་ཅད་ཀྱིས། །འདི་ཙམ་ཉམས་སུ་བླངས་ཀྱང་ཟབ་དོན་དང༌། །འབྲེལ་སྙམ་དད་སྤྲོའི་སྣང་བ་དཀར་དུས་བྲིས། །སེམས་དང་ཆོས་གཉིས་འདྲེས་པའི་གསོལ་འདེབས་ཞུ། །རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝས། །རྡོ་རྗེའི་གསུང་གི་གསང་བ་ཆ་ཙམ་ཡང༌། །རྡོ་རྗེའི་རྒྱུད་དོན་རྫོགས་ལ་གཟིགས་མཛོད་དང༌། །རྡོ་རྗེའི་ལམ་འདི་ཉི་བཞིན་ལྷམ་མེར་གསལ། །རྡོ་རྗེའི་བཅུད་ལྡན་གདོང་ལྔའི་ནུ་ཞོ་ལ། །རྡོ་རྗེའི་ལྟ་སྒོམ་སྤྱོད་པའི་ནུས་ཕྲ་ཡང༌། །རྡོ་རྗེ་རིན་ཆེན་ལྟ་བུའི་དད་སྣོད་ཀྱིས། །རྡོ་རྗེའི་བཅུད་ལ་མྱངས་ན་འཚེངས་བར་རློམས། །ངག་གི་གསོལ་འདེབས་གདོན་བྱ་མ་མང་ཡང༌། །སེམས་ཀྱི་དད་མོས་གསེར་ཞུན་ལྟར་གཙང་བས། །རྡོ་རྗེའི་ཚིག་རྐང་བདུན་མ་ཁོ་ན་ལ། །འདི་ཕྱིའི་བློ་གཏད་ཆོག་སྙམ་བྲིས་པ་ལགས། །རྣམ་དཀར་དགེ་དེས་མ་གྱུར་ཡིད་ཅན་སྣོད། །སངས་རྒྱས་པདྨའི་ཐུགས་བསྐྱེད་ལྕགས་ཀྱུ་ཡིས། །བཟུང་ནས་སྲིད་ཞིར་མི་གནས་གོ་འཕང་ཆེར། །བགྲོད་པའི་སྐལ་བཟང་ཚེ་འདིར་མངོན་བྱེད་ཤོག །སརྦ་མངྒ་ལཾ། དགེའོ།། །། ༧སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེས།
གཏེར་ཆེན་ཉི་མ་གྲགས་པའི་འཁྲུངས་རབས་གསོལ་འདེབས་བསྡུས་པ་བཞུགས་སོ།།
གཏེར་ཆེན་ཉི་མ་གྲགས་པའི་འཁྲུངས་རབས་གསོལ་འདེབས་བསྡུས་པ་བཞུགས་སོ།། ཧྲཱི༔ སྔོན་ཚེ་འཕགས་པ་སེམས་ཉིད་ངལ་གསོ་ཞེས།། སྟོན་པའི་སྤྱན་སྔར་དགྲ་བཅོམ་བློ་གྲོས་གྲགས།། གུ་རུའི་དྲུང་དུ་མཁོན་ཆེན་ཀླུ་ཡི་དབང་།། མ་འོངས་སངས་རྒྱས་སོ་བདུན་དྲག་པོ་ཆེ།། ཉི་མ་གྲགས་པའི་ཞབས་ལ་གསོལ་བ་འདེབས།། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ།། ཁམས་པ་ཉི་མ་གྲགས་པའི་རྣམ་ཐར་མདོར་བསྡུས་བདུད་རྩིའི་རྒྱ་མཚོ་བཞུགས། མཛད་པ་པོ། གཏེར་ཆེན་ཉི་མ་གྲགས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འཕོ་ལུང་ཆོས་རྗེའི་སྐྱེ་བར་འབོད་པ་སྤྲང་པོ་རིགས་འཛིན་རྣམ་རྒྱལ་བ་བདག །ཡུལ་མདོ་ཁམས་སྒོམ་སྡེ་ནང་ཆེན་དུ། །བྱམས་མེ་ཀརྨ་རྣམ་རྒྱལ་དང་། བླ་བཟའ་བསོད་ནམས་མཚོ་གཉིས་ཀྱི་བུ་གསུམ་གྱི་འབྲིང་བ་ལ་སྐྱེས་ཤིང་། ཆུང་ངུ་ནས་ཁུ་བོ་བླ་མ་དང་སྤྱི་བུག་ཀརྨ་བྱང་ཆུབ་སོགས་ལ་བུ་སྟོན་ཆོས་འབྱུང་དང་མ་ཎི་བཀའ་འབུམ། རྗེ་བཙུན་གྱི་བཀའ་འབུམ་རྣམས་ཀྱི་ལུང་ཐོབ། ལྷོ་པ་སྐུ་སྐྱེ་དཀོན་མཆོག་འཕྲིན་ལས་རྣམ་རྒྱལ་ལ། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཁྲོམ་དབང་། ཡང་ཟབ་ཀྱི་དབང་ལུང་ཡོངས་རྫོགས་ཐོབ་སྟག་ལུང་ལོ་ཆེན་སྒྲོག་ར་བ་ཆེན་པོ་ལ་སྒྲུབ་ཐབས་བརྒྱ་རྩ་ཁྲོམ་ཆོས་སུ་ཐོབ། ཆུང་ངུའི་དུས་ནས་སློབ་དཔོན་ཆེན་པོ་ལ་དད་པ་དབང་མེད་དུ་འབར་བ་ཞིག་ཡོད་པའི་སྟབས་ཀྱིས། སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཀྱི་ཅོད་པན་འཛིན་པ་ཆེན་པོ་མཁས་གྲུབ་ཀྱི་དབང་ཕྱུག་དམ་པ་རྫོགས་ཆེན་པདྨ་རིགས་འཛིན་གྱི་ཞབས་རྡུལ་སྤྱི་བོར་བླངས་པས། ལོ་བཅོ་བརྒྱད་ཀྱི་བར་དུ་སྐུ་དྲིན་བསམ་གྱིས་མི་ཁྱབ་པས་བསྐྱང་། རིགས་འཛིན་འཇའ་ཚོན་སྙིང་པོའི་དཀོན་མཆོག་སྤྱི་འདུས། གུ་རུ་རཏྣ་གླིང་པའི་ཐུགས་སྒྲུབ། དྲག་པོ་དམར་ནག་མེ་འཕྲེང་ཆོས་སྐྱོང་མ་ནིང་། གཟའ་རྒོད་དུག་གི་སྤུ་གྲི། གྲྭ་པ་མངོན་ཤེས་ཀྱི་ཛམ་བྷ་ལ་དམར་པོ། མངའ་བདག་ཉང་གི་དྲག་པོ་དམར་ཆེན། རྟ་ནག་ལྕགས་རལ་ཅན། རྗེ་རཏྣའི་ཚེ་སྒྲུབ་རྡོ་རྗེ་འཕྲེང་བ་དང་ཚེ་སྒྲུབ་གསང་བ་འདུས་པ། སངས་རྒྱས་གླིང་པའི་ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར། ནམ་མཁའ་འཇིགས་མེད་ཀྱི་རིགས་འཛིན་སྲོག་སྒྲུབ། བདུད་འདུལ་རྡོ་རྗེའི་སྤྲུལ་སྐུ་སྙིང་ཐིག མི་འགྱུར་རྡོ་རྗེའི་དཔལ་རྣོ་པྲ། མཁས་གྲུབ་ཐམས་ཅད་མཁྱེན་པ་ཀློང་རམ་པས་མཛད་པའི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་བསོ། འགྲེལ་པ་ཤིང་རྟ་ཆེན་མོ། སྤྱི་དོན་ལེགས་བཤད་རྒྱ་མཚོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་རབ་བརྒྱ་རྩ། པདྨ་བཀའི་ཐང་ཡིག་ཤེལ་བྲག་མ། རྡོ་རྗེ་གླིང་པས་གཏེར་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྒྱུད་རྒྱལ་གསང་བ་སྙིང་པོ། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་དབང་མོ་ཆེ་དང་འདོན་ཆོག་གི་ལུང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ལུང་ཡོངས་རྫོགས་དང་དབང་བསྡུས་པ་གཏོར་དབང་རེག་པ་དོན་ལྡན། ལབ་ཀྱི་སྒྲོལ་མའི་གཅོད་ཟབ་དོན་ཐུགས་ཀྱི་ཉིང་ཁུ་དང་གཅོད་དབང་ནམ་མཁའ་སྒོ་འབྱེད། བཀའ་རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་གི་དབང་ལུང་ཡོངས་རྫོགས་དང་། ཟབ་ཁྲིད་ཆེན་མོ་ཉམས་ཁྲིད་དུ་ཐོབ། གནས་མཆོག་ཆེན་པོ་དཔལ་རྩྭ་རི་ཏྲ་རུ་ས་སྤྲེལ་ལ་སོང་ཞིང་། དག་པ་ཤེལ་རིའི་བྱང་ཤར་གྱི་མཚམས་སུ་ཨོ་རྒྱན་སངས་རྒྱས་གཉིས་པའི་བྱིན་གྱིས་བརླབས་པའི་གནས་མཆོག་དཔལ་རི་ཟླུམ་ཅན་བསྐལ་བཟང་སངས་རྒྱས་སྟོང་གི་ཕོ་བྲང་མཚོ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་མཁའ་འགྲོ་མ་བསྒྲུབ་རང་བཞིན་འདུ་བའི་གནས་མཆོག་སྦས་པའི་ལུང་དབེན་པའི་གནས་ཟབ་ལམ་རྡོ་རྗེ་རྭ་བ་ཞེས་བྱ་བར་ལོ་གསུམ་གྱི་བཅད་རྒྱའི་ཁོངས་ནས། དཔལ་རྫོགས་ཆེན་པ་ལ་བཀའ་རྫོགས་པ་ཆེན་པོ་སྡེ་གསུམ་ཀློང་དགུ་མན་ངག་བརྒྱད་ཅུ་རྩ་བཞི་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུའི་སྙིང་པོ་གཅིག་ཏུ་དྲིལ་བ་བཀའ་རྫོགས་པ་ཆེན་པོ་གསང་བ་སྙིང་གི་ཐིག་པའི་དབང་ཁྲིད་ལུང་མན་ངག་ཞལ་གདམས་དང་བཅས་པ། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ཁྲིད། རྫོགས་པ་ཆེན་པོ་སེམས་ཉིད་ངལ་བསོ། སྒྱུ་མ་ངལ་བསོ། བསམ་གཏན་ངལ་བསོ་སྟེ་ངལ་བསོ་སྐོར་གསུམ་གྱི་ཁྲིད། རིགས་འཛིན་ཆེན་པོ་རཏྣ་གླིང་པའི་གུ་རུའི་གསང་ཁྲིད་རིམ་ལྔ་ཞེས་བྱ་བ་ཁྲིད་ཆེན་ལྔ་ཡོངས་རྫོགས་ཉམས་ཁྲིད་དུ་ཐོབ་ཅིང་མཚུངས་མེད་རིན་པོ་ཆེས་ཐུགས་རྗེས་བཟུང་བས་ཀ་དག་གི་ཡེ་ཤེས་རང་ཞལ་མཇལ་ཏེ་འཁོར་བ་དོང་སྤྲུགས། སྲིད་པ་ཕྱིར་བསྙིལ། བག་ཆགས་དྲུང་ཕྱུངས། ཀུན་བཟང་འཁོར་ལོ་ཚོགས་ཆེན་གྱི་གོ་འཕང་ལ་བཀོད་དོ། མཆོག་གི་སྤྲུལ་སྐུ་རྡོ་རྗེ་བྲག་པའི་སྐུ་གཞོགས་ནས་རིགས་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུའི་གཏེར་ཁའི་ཐུགས་རྗེ་ཆེན་པོ། རྡོ་རྗེ་ཕག་མོ་རྒོད་ལྡེམ་པའི་གཏེར་མ། དུམ་པ་རྒྱ་ཞང་ཁྲོམ་ཆེན་པོའི་གཏེར་མ་འཇམ་དཔལ་གཤིན་རྗེ་ཚེ་བདག་ནག་པོའི་དབང་ལུང་དང་བཅས་པ་ཐོབ། པད་གླིང་གསུམ་པ་ཞབས་དྲུང་གསུང་སྤྲུལ་རིན་པོ་ཆེའི་སྐུ་གཞོགས་ནས་རིགས་འཛིན་པདྨ་གླིང་པའི་ཚེ་སྒྲུབ་རྡོ་རྗེ་འོད་ཀྱི་འཕྲེང་བའི་དབང་ལུང་ཐོབ། ཞབས་དྲུང་བསྟན་འཛིན་འགྱུར་མེད་རྡོ་རྗེའི་སྐུ་གཞོག་ནས་འདུས་པ་མདོ་དབང་ཆེན་མོ་དཀྱིལ་འཁོར་བརྒྱ་དྲུག་ཅུ་པའི་དབང་མོ་ཆེ་ཡོངས་རྫོགས། ཐམས་ཅད་མཁྱེན་པ་ཀློང་རམ་སྨྲ་བའི་སེངྒེའི་ཞབས་ཀྱིས་མཛད་པའི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད། གྲུབ་མཐའ་རིན་པོ་ཆེའི་མཛོད། ཐེག་མཆོག་རིན་པོ་ཆེའི་མཛོད། གནས་ལུགས་རིན་པོ་ཆེའི་མཛོད། ཆོས་དབྱིངས་རིན་པོ་ཆེའི་མཛོད། ཚིག་དོན་རིན་པོ་ཆེའི་མཛོད། མན་ངག་རིན་པོ་ཆེའི་མཛོད་དང་བཅས་པའི་གདམ་པ་མཐའ་རྒྱས་ཐོབ། གདན་ས་ཆེན་པོ་སྨྲ་བོ་ལྕོག་ཏུ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གདུང་རབས་བཅོ་ལྔ་པ་མངའ་བདག་ཆོས་ཀྱི་དབང་པོའི་ཞབས་དྲུང་ནས། བཀའ་བརྒྱད་བདེ་གཤེགས་འདུས་པ་པུ་ཏི་བཅུ་གཉིས། དབང་སྒྲུབ་ཆེན་དང་འབྲེལ་བ་གཅིག །སྨན་སྒྲུབ་དང་འབྲེལ་བ་གཅིག་དང་ཚར་གཉིས། གཏེར་མགོན་ཕྱག་བཞི་པ་ཐུགས་རྗེ་ཁྲོས་མ་ནག་མོ། ཉང་རལ་པའི་རྣམ་ཐར་གཏེར་འབྱུང་རྣམས་ཀྱི་དབང་ལུང་ཡོངས་རྫོགས་ཐོབ། ལྷོ་བྲག་མཁར་ཆུར་སྒམ་པོ་སྤྲུལ་སྐུ་ལ་རོ་སྙོམས་རྒྱ་གཞུང་ཞུས། རིགས་འཛིན་གུ་རུ་ཆོས་དབང་གི་གདུང་བརྒྱུད་དཔལ་འབྱོར་རྒྱ་མཚོ་ལ། བཀའ་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས། ཐུགས་སྒྲུབ་གསང་བ་འདུས་པ། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལུང་ཕལ་མོ་ཆེ་རྣམས་ཐོབ། རས་ཆུང་སྤྲུལ་སྐུ་ལ་ལུང་འབྲེལ་ཕྲན་བུ་ཐོབ། འཕྱོང་རྒྱས་དཔལ་རི་སྤྲུལ་སྐུ་ལ་བླ་མ་དགོངས་པ་འདུས་པའི་དབང་གི་སྐོར་ཡོངས་རྫོགས། པདྨ་བཀའི་ཐང་ཡིག་སྡེ་ལྔའི་ལུང་རྣམས་ཐོབ། དྭགས་པོ་སྤྲུལ་སྐུ་ལ། དྭགས་པོ་བཀའ་འབུམ་གྱི་ལུང་དང་། ཞབས་དྲུང་རྒྱལ་སྲས་ལས་གསོ་རིགས་རྒྱུད་བཞི་ཐོབ། མཁས་གྲུབ་བྱ་བྲལ་ཆོས་རྗེའི་གདུང་བརྒྱུད་ལྷ་ཡུལ་བླ་མ་རིགས་འཛིན་ལ་མཁའ་འགྲོ་སྙིང་ཐིག་དང་གསང་བ་སྙིང་ཐིག་གི་བསྡུས་དོན་ཤིན་ཏུ་ཟབ་པའི་སྙིང་པོ་ཀུན་མཁྱེན་ཀློང་རམ་ཞབས་ཀྱིས་མཛད་པའི་ཟབ་ཁྲིད་རིན་ཆེན་གསེར་འཕྲེང་དང་རིན་ཆེན་གསེར་སྐྱེད་ཀྱི་ལུང་ཐོབ། གཉགས་ཆེན་ཛྙཱ་ནའི་གདུང་བརྒྱུད་ཆོས་རྗེ་བྲེས་པ་ནས། བཀའ་རྫོགས་པ་ཆེན་པོ་ཡང་གསང་བླ་ན་མེད་པ་ཟབ་མོ་སྙིང་ཐིག་གི་དབང་ལུང་ཡོངས་རྫོགས་སུ་ཐོབ། རྣམ་འབྱོར་པ་ཉི་ཟླ་ཀློང་གསལ་ལ་རིགས་འཛིན་བསྟན་གཉིས་གླིང་པའི་གཏེར་ཁའི་ཟབ་རྒྱ།…
སྒོམ་ཐབས་ཡེ་ཤེས་ཀྱི་མེ་ལོང་།།
སྒོམ་ཐབས་ཡེ་ཤེས་ཀྱི་མེ་ལོང་།། བླ་མ་མཁྱེན་ནོ།། ༼༡༽ དལ་འབྱོར་རྙེད་དཀའ་མི་རྟག་འཆི་བ་སྒོམས།། ལས་འབྲས་བསླུ་མེད་འཁོར་བའི་སྡུག་བསྔལ་ལས།། སྒྲོལ་ཕྱིར་སྐྱབས་འགྲོ་སེམས་བསྐྱེད་རྒྱུན་དུ་འབད།། ཚོགས་བསགས་སྒྲིབ་པ་དག་པའི་ཐབས་ཤེས་བྱ།། ༼༢༽ སངས་རྒྱས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེ།། ཡི་དམ་སྤྱི་གཟུགས་རྡོ་རྗེ་གོ་ཁྲབ་གསོལ།། མཁའ་འགྲོའི་གཙོ་མོ་སེངྒེའི་གདོང་པ་ཅན།། ཆོས་སྐྱོང་གེ་སར་སྙིང་གི་དཀྱིལ་ནས་མཆོད།། ༼༣༽ སྣང་གྲགས་རིག་པ་ལྷ་སྔགས་བླ་མའི་ངང་།། དྲན་ཤེས་བག་ཡོད་མཛད་པ་བླ་མའི་ཐུགས།། སྒོ་གསུམ་སྣང་བ་རྒྱ་ཡན་བླ་མའི་དཔལ།། སྐུ་གསུམ་རྒྱན་ཏུ་ཤར་བའི་གནད་ལ་བརྩོན།། ༼༤༽ ཆོས་ཉིད་མངོན་སུམ་མཇལ་བ་བླ་མའི་སྐུ།། ཉམས་སྣང་གོང་དུ་འཕེལ་བ་བླ་མའི་གསུང་།། རིག་པ་ཚད་དུ་ཕེབས་པར་བླ་མའི་ཐུགས།། ཆོས་ཉིད་ཟད་སར་ཕྱིན་པ་བླ་མའི་དཔལ།། ༼༥༽ སྣང་བ་བརྡ་ཡི་བླ་མའི་ངོ་བོ་དག། དད་གུས་ཞིང་གི་བླ་མའི་རང་བཞིན་རྫོགས།། སངས་རྒྱས་ཡེ་ཤེས་བླ་མའི་ཐུགས་རྗེར་སྨིན།། ཀུན་འདུས་གུ་རུ་པདྨ་སིདྡྷི་ཧཱུཾ།། ༼༦༽ བློ་ལྡོག་རྣམ་བཞིའི་ཞིང་སའི་རྩ་བ་བཟང་།། ཚད་མེད་རྣམ་བཞིའི་སྡོང་བོའི་ཡལ་ག་རྒྱས།། སྲོག་སྡོམ་གཟེར་བཞིས་ལོ་འདབ་ཡོངས་སུ་བཀྲ།། རིག་འཛིན་རྣམ་བཞིའི་འབྲས་བཟང་སྨིན་གྲོལ་རྒྱལ།། ༼༧༽ དང་པོ་ཀུན་སློང་བསམ་པ་བཟང་པོའི་ངང་།། བར་དུ་བསྐྱེད་རྫོགས་རྫོགས་ཆེན་དམིགས་མེད་ངང་།། མཐར་ཕྱིན་བསྔོ་བ་སྨོན་ལམ་ཟབ་རྒྱས་མཛོད།། བསྟན་འགྲོའི་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར།། ༼༨༽ དད་གུས་དག་སྣང་ཕྱུག་པའི་མཁའ་འགྲོ་འགས།། ཡང་ཡང་དམ་ཚིག་བདེན་པས་སྐུལ་བའི་ངོར།། གང་སྒྲུབ་གཞན་དོན་གཉེར་བའི་ཨེ་མ་ཧོས།། སྒོམ་ཐབས་ཡེ་ཤེས་མེ་ལོང་མཆོད་པར་བཤམས།། ཞེས་པ་འདི་ཡང་རབ་གནས་ལྕགས་གླང་ནག་པ་ཟླ་བའི་ཡར་ངོའི་རྒྱལ་བ་གཉིས་པར་ཆོས་མཆེད་མཁའ་འགྲོ་མ་དུ་མས་ཡང་ཡང་བསྐུལ་ངོར་ཨེ་མ་ཧོས་ཐོ་རངས་ཁར་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་དུ་ཐུགས་དམ་གླུ་རུ་བླངས་པར་དགེའོ།། །།
༧སྐྱབས་རྗེ་དམ་པ་༧བྱ་བྲལ་བ་༧པདྨ་ཆོས་དབྱིངས་ཁྱབ་བརྡལ་མཁྱེན་ནོ།།
༧སྐྱབས་རྗེ་དམ་པ་༧བྱ་བྲལ་བ་༧པདྨ་ཆོས་དབྱིངས་ཁྱབ་བརྡལ་མཁྱེན་ནོ།། ན་མོ་གུ་རུ་པདྨ་དྷརྨཱ་དྷརྟུ་ཡེ།། ༼༡༽ ཕྱོགས་དུས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ཅན།། མ་ལུས་འགྲོ་རྣམས་སྐྱབས་པའི་བཀའ་དྲིན་ཅན།། དམ་ཆོས་འོད་སྣང་འགྱེད་པའི་བྱིན་རླབས་ཅན།། པདྨ་ཆོས་དབྱིངས་ཁྱབ་བརྡལ་གསོལ་བ་འདེབས།། འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས།། ༼༢༽ ཆོས་བརྒྱད་ཞེན་པ་བྲལ་བའི་བྱ་བྲལ་བ།། ཆོས་ཀུན་དེ་ཉིད་གཟིགས་པའི་རྣལ་འབྱོར་པ།། འཁོར་བའི་སྐྱོན་གྱིས་མ་གོས་རིག་པ་འཛིན།། སྙིགས་དུས་སངས་རྒྱས་གཉིས་པར་གསོལ་བ་འདེབས།། སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་ནུས་ཤོག། ༼༣༽ ངེས་འབྱུང་རྣལ་མས་བཤད་དང་སྒྲུབ་པར་བརྩོན།། བྱང་ཆུབ་སེམས་ཀྱིས་ཕྱིན་དྲུག་སྤྱོད་པར་འཇུག། སྣང་སྲིད་རྣམ་དག་བདེ་ཆེན་ཡེ་ཤེས་རོལ།། གསུམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བར་འདེབས།། ཐེག་གསུམ་ཆོས་ཀྱིས་འགྲོ་ཀུན་སྨིན་གྲོལ་ཤོག། ཅེས་པ་རབ་གནས་ལྕགས་གླང་ནག་པ་ཟླ་བའི་ཡར་ངོའི་རྒྱལ་བ་དང་པོ་འམ། ༧སྐྱབས་རྗེ་འཁོར་ལོའི་མགོན་པོ་ཉིད་དགོངས་པ་ཆོས་དབྱིངས་སུ་གཟིམས་པའི་ཉིན་མོར་མིག་ཆུའི་ཀློང་ནས་གསོལ་བ་འདེབས་པར་དགེའོ།། སྤྱི་ལོར། ༡༥/༤/༢༠༢༡་ལ་ཨེ་མ་ཧོས་ད་བྲིས་ད་སྤེལ།།
༧སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་འབུམ་པའི་
༧སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་འབུམ་པའི་ གསོལ་འདེབས་ཀུན་བཟང་བླ་མ།། ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ།། ༼༡༽ ཀ་དག་ལྟ་བར་ཀློང་ཆེན་རབ་འབྱམས་ངང་།། ལྷུན་གྲུབ་སྒོམ་པར་མཁྱེན་བརྩེ་འོད་གསལ་སྣང་།། ཟུང་འཇུག་སྤྱོད་པར་རྒྱལ་བའི་མྱུ་གུ་མཆོག།། དོན་གཉིས་མཐར་ཕྱིན་ཀུན་བཟང་བླ་མ་མཁྱེན།། ༼༢༽ བློ་སྣ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས།། ཆོས་ལ་བར་ཆད་མེད་པར་བྱིན་གྱིས་རློབས།། ལམ་གྱི་འཁྲུལ་བར་རང་སངས་བྱིན་གྱིས་རློབས།། འཁྲུལ་རྟོག་ཆོས་སྐུར་གྲོལ་བར་བྱིན་གྱིས་རློབས།། ༼༣༽ ངེས་འབྱུང་རྣལ་མའི་དད་པའི་ཞིང་ས་བཟང་།། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་འཕེལ།། གསང་ཆེན་དག་པའི་སྣང་བའི་འབྲས་བུ་སྨིན།། རྫོགས་པ་ཆེན་པོའི་འགྲོ་དོན་ལྷུན་གྲུབ་ཤོག། ༼༤༽ འདུལ་འཛིན་དམ་པའི་རྒྱན་བཟང་ལུས་ལ་གསོལ།། ས་ཐོབ་སེམས་དཔའི་མཛད་པ་བདག་གིར་མཛད།། རྫོགས་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་སྤེལ།། འཁོར་བ་དོང་སྤྲུགས་ནུས་པའི་མཐུ་ཐོབ་ཤོག། ཅེས་པ་འདི་ཡང་རབ་གནས་ལྕགས་གླང་ནག་ཟླའི་གཟའ་ཚེས་དགེ་བར་མཁན་ཆེན་དམ་པ་ཉིད་ཐོ་རངས་ཁར་རྨི་ལམ་ལས་མཇལ་ནས་བྱིན་རླབས་མཛད་པ་དང་དད་གུས་ཚད་མེད་ངང་སད་པ་དང་ཐུན་བར་ལས་གསོལ་བ་འདེབས་པ་དང་དཔལ་དགེའི་རྡོ་ཁ་ཡིན་པར་འདྲ་རྡོ་རྗེ་འཆང་འདྲ་སྐུ་བླ་བརྒྱུད་འབྲེལ་བ་ཞིག་མཇལ་བའི་མོད་ལ་ཨེ་མ་ཧོས་སྙིང་ནས་གསོལ་བ་འདེབས་པར་དགེའོ།། ༡༦/༤/༢༠༢༡ ལ་ཤྲཱིས་ད་བྲིས་ད་སྤེལ།
༄།།རེབ་གོང་སྔགས་མང་གི་འབེལ་གཏམ་ལུགས་གཉིས་གསལ་བའི་མེ་ལོང་ཞེས་བྱ་བཞུགས་སོ།
༄།།རེབ་གོང་སྔགས་མང་གི་འབེལ་གཏམ་ལུགས་གཉིས་གསལ་བའི་མེ་ལོང་ཞེས་བྱ་བཞུགས་སོ། ཨོཾ་སྭ་སྟི། ཚོགས་གཉིས་ཆུ་གཏེར་ཡུན་དུ་བསྲུབས་པ་ལས།། དོན་གཉིས་འོད་དཀར་བརྙེས་པའི་བསིལ་ཟེར་གྱིས།། འཛིན་མའི་ཁྱོན་ཀུན་འགེངས་བའི་ཐུབ་དབང་གིས།། དགེ་ལེགས་སྣང་བའི་མེ་ཏོག་ཆར་དུ་སྙིལ།། སོ་ཐར་སྡོམ་པའི་རྩ་བ་ཤིན་ཏུ་བརྟན།། གཞན་ཕན་བྱང་ཆུབ་སེམས་ཀྱི་ཁོ་ལག་རྒྱས།། གསང་སྔགས་སྡོམ་པའི་དྲི་བསུང་ཕྱོགས་བཅུར་འཐུལ།། སློབ་དཔོན་མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས།། གྲུབ་ཐོབ་བརྒྱད་ཅུ་རྗེ་འབངས་ཉི་ཤུ་ལྔ།། སོ་ཟུར་གནུབས་གཉགས་གཏེར་ཆེན་བརྒྱ་རྩ་དང་།། གཏེར་ཕྲན་སྟོང་རྩས་ཉམས་རྟོགས་ཡོན་ཏན་སྤོར།། རོང་ཀློང་རྣམ་གཉིས་འཇིགས་མེད་གླིང་པ་དང་།། སྨིན་གླིང་གཏེར་བདག་གླིང་པ་ཡབ་སྲས་དང་།། མཁྱེན་བརྩེ་ཀོང་སྤྲུལ་མི་ཕམ་ལ་སོགས་པའི།། སྔ་འགྱུར་མཁས་དབང་ཚོགས་ཀྱིས་ཤེས་རབ་སྩོལ།། རྒྱུད་སྡེའི་གསང་མཛོད་དཔལ་ལྡན་བཀྲ་ཤིས་དང།། ཁྱུང་དགོན་གྲུབ་དབང་མག་སར་ཞབས་དཀར་པ།། ཆོས་དབྱིངས་སྟོབས་ལྡན་རྩ་བའི་བླ་མ་སོགས།། མཁས་གྲུབ་གསེར་རིའི་ཕྲེང་བར་གུས་ཕྱག་བརྩེགས།། འོ་ལགས་སོ།།ད་དེ་རིང་སྟོན་འཁོར་ལྷན་འཛོམས་ཀྱི་བཀྲ་ཤིས་པའི་ཉིན་མོ་འདིར།ཕྱི་ནང་གི་རྟེན་འབྲེལ་རང་འགྲིགས་སུ་སོང་ནས།བླ་སློབ་ཡོན་བདག་གི་དད་པ་དང་དམ་ཚིག་གཙང་ཞིང་གཤིས་རྒྱུད་འཇམ་པ། ལས་སྨོན་གྱི་འཕྲོ་བཟང་པ། ཚོགས་གཉིས་ཀྱི་རྒྱ་མཚོ་འཕེལ་ཞིང་ཉམས་རྟོགས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་པ། བཟང་ངན་གྱི་འབྲེལ་བ་ཐོགས་ཚད་ཀྱི་རྒྱུད་ལ་ཐར་བའི་ས་བོན་སྐྲུན་པ། ལྷ་དང་བླ་མའི་བྱིན་རླབས་ཀྱི་ན་བུན་འཐུལ་པ། སྔ་འགྱུར་རྙིང་མ་པའི་ཕ་ཆོས་གནམ་ལྕགས་ཀྱི་རལ་གྲི། ནང་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་དང་སྦྱོར་སྒྲོལ་ཟབ་མོ་ལ་མངའ་དབང་འབྱོར་པའི་སྔ་འགྱུར་ཆེ་བ་དྲུག་ལྡན་གྱི་གོས་དཀར་ལྕང་ལོའི་སྡེའི་དགེ་འདུན་འདུས་པ་རྒྱ་མཚོ་གོང་དུ་གྲལ་བསྒྲིགས། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག། བར་ན་སྨན་རག་བདུད་རྩིའི་མཚོ་མ་བསྐམས། འོག་ན་མ་དང་མཁའ་འགྲོའི་ཞལ་རླངས་མ་ཡལ། ཆོས་ཀྱི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ། བརྒྱུད་པ་དྲུག་ལྡན་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ། འགྲོ་དྲུག་གནས་ནས་འདྲེན་པའི་ཐབས་ཟབ་མོ། ཚིག་ཙམ་རྣ་བར་ཐོས་པས་གྲོལ་བའི་ཕན་ཡོན་ལྡན་པ། མཐའ་ན་གསང་སྔགས་ཟབ་མོའི་ཆོས་ལ་ཡིད་ཆེས་དང་གཏོང་ཕོད་ལྡན་པའི་བསྟན་པའི་སྦྱིན་བདག་བགྲང་གིས་མི་ལངས་པ་འཛོམས་པའི་གྲལ་གྱི་དབུས་སུ། ང་ཞུ་བ་པོ་སྐྱེས་སྦྱངས་ཀྱི་ཤེས་རབ་ནར་མ་སོན་པས་ཞུ་མི་ཤེས་ཀྱང་། རེབ་གོང་སྔགས་མང་གིས་བཀའ་གནམ་ལྕགས་ཀྱི་རལ་གྲི་ལག་ལ་བཞག། གསུང་རིན་ཆེན་གྱི་ཕྲེང་པ་སྐེ་ལ་བསྐོན། རིག་འཛིན་འདུས་པ་རྒྱ་མཚོའི་དགེ་སྐོས་ལ་བཞག་པའི་མི། བཙུགས་པའི་ཤིང་། ཆོས་ཁྲིམས་དར་གྱི་མདུད་པའི་ཁྲིམས་འཇོག་མཁན་ཡིན་དུས། ཁྱེད་མཁས་དབང་རིག་པ་འཛིན་པ་རྣམས་ཀྱི་སྙན་དབང་གསེར་གྱི་པདྨོ་བཞད་པའི་དྲུང་དེར། མཁས་པ་དགྱེས་པའི་ལེགས་བཤད། བླུན་པོ་དགའ་བའི་ཚིག། ཐམས་ཅད་མགུ་བའི་དོན་ཡོད་པ་ཞིག་བཤད་ན། ཇི་སྐད་དུ། ལོ་རྒྱུས་དོན་གྱིས་མ་བཤད་ན།།གསང་ཆེན་ངེས་པའི་བཀའ་འདི་ལ།། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར།། ཞེས་གསུངས་པ་ལྟར་ཡིན་པས་ཞི་ཁྲོའི་ལོ་རྒྱུས་ནི། ཨོ་རྒྱན་སངས་རྒྱས་གཉིས་པའི་གཏེར་ལུང་ལས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ནིཿསྤེལ་བར་ཕངས་པས་རིན་ཆེན་གཏེར་དུ་སྦསཿཨེ་མ་དེ་ཉིད་འདོན་པའི་སྐལ་ལྡན་རིགས་ཀྱི་བུཿམདོག་དཀར་གཟུགས་རིང་སྨྲ་མེད་ཁྲོ་བོའི་དབྱིབསཿརེས་འགའ་ངམ་ནག་གླེན་པ་ལྟ་བུ་ལཿརེས་འགའ་གཏད་མེད་བྱིས་པའི་རྣམ་པ་ཅནཿམ་དང་མཁའ་འགྲོ་འདུ་བ་རིགས་ཀྱི་བུཿདད་པ་སྟོབས་ཆེན་ཤེས་རབ་དབང་པོ་རྣོཿམི་སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པཿའབྲུག་སྦྲུལ་ལོ་པ་དཔལ་གྱི་མིང་ཅན་འབྱུངཿདེ་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ནོཿ ཞེས་དང་། ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུསཿདེ་དུས་འདི་འདྲའི་གདམས་པ་མེད་པ་ཀུནཿངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེདཿདེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིརཿཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦསཿདེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་གཅིགཿཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུངཿཀརྨ་གླིང་པ་ཞེས་བྱའི་སྙིང་སྟོབས་ཅནཿབརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲའི་མཚནཿའབྲག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགསཿསྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོགཿཅེས་པ་ལྟར་དྭགས་པོའི་ཡུལ་གྱི་སྟོད་གྲོང་ཁྱེར་གྲུབ་ཅེས་པར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་ཆེ་ཤོས་རབ་བྱུང་དྲུག་པའི་ནང་སྐོར་འབྲུག་སྦྲུལ་ལོ་པ་གང་རུང་དུ་སྐུ་འཁྲུངས། ཕ་ཡབ་ཉི་ཟླ་སངས་རྒྱས་ནི་དགུང་ལོ་བརྒྱ་དང་ཉི་ཤུའམ་ལོ་རྒྱུས་འགའ་ཞིག་ལས་ཉིས་བརྒྱར་བཞུགས་པར་བཤད་པས་གང་ལྟར་ཡང་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པའི་གྲུབ་ཆེན་ཞིག་ཡིན། རྟེན་སྔགས་འཆང་། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པས་མངོན་ཤེས་དང་ཕྲིན་ལས་གང་ལའང་ཐོགས་པ་མེད་པའི་བདག་ཉིད་མངའ། དགུང་ལོ་བཅོ་ལྔ་པར་ལུང་བསྟན་དང་རྟེན་འབྲེལ་འཛོམས་ཏེ་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་ཞི་ཁྲོ་དགོངས་པ་རང་གྲོལ་དང་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སོགས་གཏེར་ནས་སྤྱན་དྲངས། སྐུའི་སྲས་ཉི་ཟླ་ཆོས་རྗེ་དང་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་སོགས་ལུང་ཟིན་གྱི་གཏེར་སློབ་བཅུ་བཞི་ལ་པདྨ་ཞི་ཁྲོའི་སྐོར་དང་ཐུན་མོང་གི་རྫོགས་རིམ་བར་དོ་དྲུག་ཁྲིད་སོགས་གནང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་བཀའ་རྒྱ་དམ་པས་སྲས་ཁོ་ན་ལ་བཀའ་ཕལ་ཆེར་ཐོབ། བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་སྤེལ་མི་ཉན་པའི་བཀའ་རྒྱས་བཏབ། ཉི་ཟླ་ཆོས་རྗེས་མཁས་གྲུབ་ཉི་ཟླ་འོད་ཟེར་ལ་གནང་། དེས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་གནང་། ཕྱིས་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ཆོས་སྒོ་སྐྱེལ་དུ་ཕེབས་ནས་དབང་བཞི་ཡོངས་རྫོགས་དང་འོག་སྒོ་བདེ་ཆེན་སྐོར་གནང་བས་ཆོས་འདིའི་བཀའ་བབས། བརྒྱུད་པ་གསུམ་པ་ཡིན་པས་ཁྱབ་བརྡལ་དུ་སྤེལ་བའི་བྱེད་པོར་ལུང་བསྟན་པ་ལྟར། སྐུ་ཚེ་སྟོད་ལ་དབང་བསྡུས་པ་གཏོར་དབང་རེག་པ་དོན་ལྡན་དང་ཆོ་གའི་ཕྱག་ལེན་བསྡུས་པ་སྤེལ་བ་རཏྣ་གླིང་པའི་གཏེར་སློབ་དགོངས་འདུས་པ་ཆོས་ཀྱི་རྒྱལ་མཚན་པ་ནས་བྱ་བྲལ་བློ་གྲོས་རྒྱ་མཚོ་ལ་བརྒྱུད་དེ་ཟུར་མང་ལུགས་བྱུང་། བར་དུ་དབང་འབྲིང་པོ་འགྲོ་དྲུག་རང་གྲོལ་དང་ཆོ་གའི་ཕྱག་ལེན་འབྲིང་པོ་མཛད་པའི་རྒྱུན་རིག་འཛིན་སངས་རྒྱས་བཀྲ་ཤིས་ནས་བརྒྱུད་དེ་སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་དང་ཧེ་པ་ཆོས་འབྱུང་སོགས་ཀྱི་བཀའ་སྲོལ་ཀཿ་ཐོག་ལུགས་བྱུང་། སྐུ་ཚེ་སྨད་ལ་དབང་རྒྱས་པ་འཕྲད་ཚད་རང་གྲོལ་དང་ཆོས་བཀའ་ཡོངས་རྫོགས་གསན་པས་དབང་བཞི་ཁྲིད་དང་སྦྲེལ་ཞིང་ཆོ་གའི་ཕྱག་ལེན་རྒྱས་པ་མཛད་ཅིང་ཉིད་ཀྱི་གདན་ས་པ་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར་ནས་བརྒྱུད་དེ།མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བཀའ་སྲོལ་གནས་མདོ་ལུགས་བྱུང་།བརྒྱུད་པ་དེ་གསུམ་ཀའང་ལུགས་སྲོལ་འདིར་ཚང་བ་ཡིན།གཏེར་ལུང་ལས།མི་རབས་གསུམ་དུ་གཅིག་བརྒྱུད་གྱིསཿདེ་ནས་འགྲོ་དོན་དཔག་མེད་འབྱུངཿཞེས་དང་། དེས་ཀྱང་བརྒྱུད་པ་གསུམ་གྱི་བར་དག་ཏུཿཞི་ཁྲོ་དགོངས་པ་རང་གྲོལ་ཆོས་སྐོར་རྣམསཿརླུང་ཕྱོགས་ཙམ་ཡང་སུ་ལ་བསྒྲག་མི་རུངཿགལ་ཏེ་བསྒྲགས་ན་བར་ཆོད་འབྱུང་ཏ་རེཿ་ཞེས་དང་། འགྲོ་དོན་བྱང་ཀོང་བྲག་ལོང་ཡུལ་དུ་འགྲིམཿཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་འབྱུངཿཞེས་པ་ལྟར་བཀའ་རྒྱ་བཀྲོལ་ནས་རྒྱ་ཆེར་འཕེལ་བ་ཡིན་ཏེ། དབུས་གཙང་ཁམས་ཨ་མདོ་ཕྱོགས་སོ་སོར་དབང་ལུང་ཁྲིད་ཀྱི་ཕྲིན་ལས་ད་ལྟའི་བར་དར་རྒྱས་སུ་བཞུགས། སྟག་བླ་པདྨ་མ་ཏི་ནས་སྟག་བུ་ལུགས་དང་། ཧེ་པ་ཆོས་འབྱུང་ནས་ཀཿཐོག་ལུགས་དང་། ལྕགས་མདུད་ཤེས་རབ་རྒྱལ་མཚན་ནས་ཉག་ལུགས་དང་། གསེར་པ་ཡེ་ཤེས་སེངྒེ་ནས་གསེར་པའི་ལུགས་ལ་སོགས་པ་དུ་མ་འཕེལ་ལོ།། དེའང་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱི་མཐར་ཐུག་པ། བསྐྱེད་རྫོགས་ཟུང་འཇུག་གི་ཐེག་པ། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་ཆོས་སྡེ། ཨོ་རྒྱན་དུས་གསུམ་མཁྱེན་པའི་བཀའ་ལུང་དྲི་མ་མེད་པ། བརྒྱུད་པ་དྲུག་ལྡན་གྱི་རིག་འཛིན་བླ་མའི་གསེར་ཟམ་མ་ཆད་པ། ཟབ་གཏེར་ཌཱ་ཀི་འབུམ་གྱི་ཞལ་རླངས་ཀྱི་དྲོད་མ་ཡལ་པ། འབྲེལ་ཚད་དོན་ལྡན་དུ་གྱུར་པའི་ཟབ་ཆོས་དགོངས་པ་རང་གྲོལ་འདི་རིག་འཛིན་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ཕ་ཆོས་ཟབ་མོ། སྔ་འགྱུར་གཏེར་མའི་ཉིང་ཁུ།དམ་པ་གོང་མའི་ཐུགས་དམ་གྱི་མཐིལ། གཅིག་ཤེས་ཀུན་གྲོལ་གྱི་གདམས་པ། རང་གཞན་ཀུན་གྱི་ཉམས་ལེན་ཡིན་པས་ཡིད་ཆེས་པའི་གནས་སུ་ལགས་སོ།། འདིའི་དབང་རྒྱས་འབྲིང་བསྡུས་གསུམ་གང་རུང་ངམ་གསུམ་ཀས་རང་རྒྱུད་སྨིན་པའི་རིག་པ་འཛིན་པ་རྣམས་ཀྱིས་དམ་ཚིག་བསྲུང་རྒྱུ་གལ་ཆེ་སྟེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་སྟེ།། ཞེས་དང་།དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན།། སྐྱེ་བ་བཅུ་དྲུག་དག་ནས་འགྲུབ།། ཞེས་གསུངས་པ་ལྟར་དམ་ཚིག་བསྲུང་ན་ཕན་ཡོན་ཆེ་ཞིང་། མ་བསྲུང་ན་ཉེས་པ་ཆེ་བའི་ཕྱིར་ན་སྤྱི་དང་བྱེ་བྲག་ཁྱད་པར་གྱི་དམ་ཚིག་རྣམས་མ་ཉམས་པར་བསྲུང་པ་གནད་ཆེ་བས།ཞི་ཁྲོའི་སྒྲུབ་མཆོད་ཆེན་མོ་འདི་དང་འབྲེལ་བའི་དམ་ཚིག་ནི།…
Alt Sidebar
Search





