བར་ཆད་ལམ་སེལ་ཤིན་ཏུ་བསྡུས་པ།
བར་ཆད་ལམ་སེལ་ཤིན་ཏུ་བསྡུས་པ། གཏེར་སྟོན་འཇའ་ལུས་རྡོ་རྗེ། ཨོཾ་ཨཱཿཧཱུྃ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས།། སྤྲུལ་སྐུ་པདྨ་འབྱུང་གནས་དྲག་པོ་རྩལ།། གསོལ་བ་འདེབས་སོ་ཐུགས་རྗེའི་ཤུགས་ཕྱུངས་ལ།། ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ།། དུས་ངན་སྙིགས་མའི་འགྲོ་བ་སྡུག་བསྔལ་ཚེ།། ཁྱེད་ལས་རེ་ས་མེད་དོ་སྙིང་ཁོང་ནས།། མོས་གུས་གདུང་བས་ལྷང་ལྷང་གསོལ་བ་འདེབས།། འགལ་རྐྱེན་ཕྱི་ནང་གསང་བའི་བར་ཆད་བཟློག། ཚེ་བསོད་སྤེལ་ལ་རླུང་རྟ་དར་རྒྱས་ཤོག། ཅེས་པའང་གཏེར་མིང་འཛིན་པ་འཇའ་ལུས་རྡོ་རྗེས་སོ།།།།
དྲང་སྲོང་བདེན་ཚིག་གྲུབ་པའི་སྨོན་ལམ་ཚིགས་སུ་བཅད་པ་
དྲང་སྲོང་བདེན་ཚིག་གྲུབ་པའི་སྨོན་ལམ་ཚིགས་སུ་བཅད་པ་ ཐར་ལམ་གྲོང་འཇུག་ཅེས་བྱ་བ་བཞུགས་སོ།། ན་མོ་མ་ཧཱ་གུ་རུ་ཨ་བྷྱ་དཱི་པ་ཡེ།། ༼༡༽ དངོས་གྲུབ་རྒྱ་མཚོ་ཀུན་གྱི་འབྱུང་བའི་གནས།། བླ་མ་རྗེ་དང་དཀོན་མཆོག་རྣམ་གསུམ་དང་།། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ཞིང་།། སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ།། ༼༢༽ མ་གྱུར་ནམ་མཁའི་མཐའ་དང་མཉམ་པ་ཡི།། མ་ལུས་འགྲོ་བའི་སེམས་ཅན་ཐམས་ཅད་ཀྱི།། སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ།། དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་ཐོབ་ཤོག།། ༼༣༽ ཡིད་བཞིན་མི་ལུས་རིན་པོ་ཆེ་ཐོབ་སྟེ།། རྗེ་བཙུན་བླ་མ་མཚན་ཉིད་དང་ལྡན་པའི།། དམ་ཚིག་རྟེན་འབྲེལ་འགལ་མེད་ལྷུན་གྲུབ་ངང་།། ཐུགས་བརྩེ་ཆེན་པོས་གདུལ་བྱ་འགྱུར་བ་ཤོག། ༼༤༽ མངོན་པར་མཐོ་དང་ངེས་ལེགས་མཐའ་དག་གི།། འབྱུང་ཁུངས་རྩ་བ་ཐོས་བསམ་སྒོམ་གསུམ་གྱིས།། རང་རྒྱུད་བཏུལ་ཏེ་རྒྱལ་བསྟན་རིན་པོ་ཆེའི།། ཚུལ་བཞིན་མ་ནོར་རྗེས་སུ་སློབ་པར་ཤོག། ༼༥༽ དམ་པའི་ཆོས་ལ་འཇུག་པའི་རྩ་བ་ནི།། ངེས་པར་འབྱུང་དང་བློ་ལྡོག་རྣམ་པ་བཞི།། རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་སུ།། འཁོར་བ་མུ་མཐའ་མེད་ཀྱི་བྱ་བ་ལ།། བཙོན་དོང་མེ་འོབས་ལྟ་བུར་མཐོང་བ་ཤོག། ༼༦༽ རྟེན་འབྲེལ་ལས་འབྲས་བསླུ་བ་མེད་པ་ལ།། ཡིད་ཆེས་རྙེད་ནས་དགེ་དང་སྡིག་གི་ལས།། ཕྲ་མོ་ཙམ་ཡང་འགལ་བ་མེད་པ་ཡིས།། ཇི་བཞིན་མ་ལུས་འཇུག་ལྡོག་བྱེད་པར་ཤོག། ༼༧༽ གནས་གྲོགས་འདུ་འཛི་རྐྱེན་ངན་ལ་སོགས་པ།། བྱང་ཆུབ་བསྒྲུབ་པའི་བར་ཆད་ཐམས་ཅད་ཀྱི།། གཞན་དབང་མི་འགྲོ་གང་དུ་སྐྱེས་པའི་ཚེ།། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་དེ་།། སྐྱེས་བུ་གསུམ་གྱི་ལམ་ལ་སློབ་པར་ཤོག། ༼༨༽ བདེ་གཤེགས་ཀུན་འདུས་ངོ་བོ་བཀའ་དྲིན་ཅན།། བླ་མ་དམ་པར་ཐེ་ཚོམ་མཉམ་འགྲོགས་ཀྱིས།། མི་རུ་བཟུང་བའི་ལོག་ལྟ་ཡོངས་སྤངས་ཏེ།། སངས་རྒྱས་ཡེ་ཤེས་དངོས་སུ་མཐོང་བར་ཤོག། ༼༩༽ བསླུ་མེད་ལས་སྨོན་ཟབ་མོ་དེའི་མཐུ་ལས།། མཚོན་པར་བྱེད་པའི་དཔེ་ཡི་དབང་བཞི་ཡིས།། སྒོ་གསུམ་སྨིན་པར་བྱས་ཏེ་རྨད་བྱུང་གི།། རྡོ་རྗེ་ཐེག་པའི་གསང་ལམ་འཇུག་པར་ཤོག། ༼༡༠༽ རྩ་གསུམ་རྒྱལ་བ་གསོལ་འདེབས་མོས་གུས་ཀྱི།། མཚམས་སྦྱོར་ལམ་དུ་ལོང་ནས་མཚོན་བྱ་ཡི།། དོན་གྱི་དགོངས་བརྒྱུད་བདག་ལ་མྱུར་འཕོས་ཏེ།། སྒོམ་གྱི་རྟོགས་པ་ནམ་མཁའ་མཉམ་པར་ཤོག། ༼༡༡༽ བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན་ཀུན།། མཐར་ཕྱིན་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤེས།། རིག་འཛིན་རྣམ་པ་བཞིའི་ས་ལ་མྱུར་བགྲོད་པ།། རྒྱལ་སྲས་ཆེན་པོ་པདྨ་འབྱུང་གནས་དང་།། བི་མ་མི་ཏྲ་ལྟ་བུར་འགྱུར་བར་ཤོག། ༼༡༢༽ ལུང་མཆོག་ཨ་ནུ་ཡོ་གའི་ཉམས་ལེན་ཀུན།། མཐར་ཕྱིན་འཁོར་འདས་འཛིན་རྟོག་ཐམས་ཅད་ཉིད།། བདེ་སྟོང་གཉིས་མེད་ངོ་བོར་སངས་རྒྱས་ཏེ།། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི།། ངེས་པ་ལྔ་ལྡན་མངའ་དབང་བསྒྱུར་བར་ཤོག། ༼༡༣༽ རྫོགས་ཆེན་ཨ་ཏི་ཡོ་གའི་ཉམས་ལེན་ཀུན།། མཐར་ཕྱིན་ཆོས་ཅན་སྣང་བ་ཆོས་ཉིད་དུ།། ཆོས་ཟད་གཞོན་ནུ་བུམ་སྐུར་རང་གྲོལ་པ།། དགའ་རབ་རྡོ་རྗེ་ལྟ་བུར་འགྱུར་བར་ཤོག། ༼༡༤༽ མདོར་ན་བདག་གི་བྱང་ཆུབ་སྤྱོད་པ་ལ།། བསླབ་པ་ནས་བཟུང་སྟེ་སྒོ་གསུམ་གྱི།། བྱ་བ་ཅི་བགྱིས་ཐམས་ཅད་ཕ་མ་དང་།། སེམས་ཅན་ཐམས་ཅད་དོན་དུ་འགྱུར་བར་ཤོག། ༼༡༥༽ དུས་དང་རྣམ་པ་ཐམས་ཅད་དམ་ཆོས་ལས།། ཆོས་མ་ཡིན་པའི་འཇིག་རྟེན་མཐུན་འཇུག་གི། བསམ་པ་སྐད་ཅིག་མ་ཙམ་ཡང་ནམ་རྒྱུན་དུ།། རང་གཞན་སེམས་ལ་རྩ་ནས་མི་སྐྱེ་ཤོག། ༼༡༦༽ གལ་ཏེ་ལས་དང་བག་ཆགས་དབང་བཙན་པས།། ཆོས་བརྒྱད་གཞན་དབང་དྲག་པོས་དབང་གྱུར་ནས།། རང་འདོད་ཕྱིན་ཅི་ལོག་གི་བློ་སྐྱེས་ཀྱང་།། ལས་ངན་དེ་ཉིད་ནམ་ཡང་མི་འགྲུབ་ཤོག། ༼༡༧༽ གཞན་དོན་འགྱུར་ན་ལུས་སྲོག་འདོར་བ་ལ།། ནམ་ཡང་ཉམ་ང་མེད་པར་གཞན་དོན་དུ།། མ་ལུས་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ།། གཞོན་ནུ་དོན་འགྲུབ་ལྟ་བུར་འགྱུར་བར་ཤོག། ༼༡༨༽ བདག་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡི།།…
༈ འཁོན་ལུགས་སློབ་དཔོན་གྱི་རྣམ་ཐར་རྒྱ་འབགས་བོད་འབགས་སམ་རྒྱ་འབྲམ་བོད་འབྲམ་དུ་གྲགས་པ་
༈ འཁོན་ལུགས་སློབ་དཔོན་གྱི་རྣམ་ཐར་རྒྱ་འབགས་བོད་འབགས་སམ་རྒྱ་འབྲམ་བོད་འབྲམ་དུ་གྲགས་པ་ འདི་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་དཔེ་དང་གསང་སྔགས་ཆོས་གླིང་གི་དཔེ་ཞེས་སི་ཏུ་ཆོས་ཀྱི་རྒྱ་མཚོའི་དཔེ་ཐོ་ལས་འབྱུང་ངོ་། ། དང་། གུ་རུའི་རྣམ་ཐར་དུམ་པ་གཉིས། ཆ་རུ་ཉི་མ་གྲགས་པས་མཛད་པ། གུ་རུའི་རྣམ་ཐར་པདྨ་ཤེལ་ཕུག་མ། གཏེར་སྟོན་ར་མོ་ཤེལ་སྨན་གྱི་གཏེར་མ། གུ་རུའི་རྣམ་ཐར་ཞྭ་ལྷ་ཁང་མ། ལྡང་མ་ལྷུན་གྱི་རྒྱལ་མཚན་གྱིས་མཛད་པ། གུ་རུ་པདྨའི་རྣམ་ཐར་རྒྱས་པ་དུམ་པ་གཅིག གཡུ་རུ་སྟོན་ཤཱཀ་གིས་མཛད་པ། གུ་རུ་པདྨའི་རྣམ་ཐར་རྒྱས་བསྡུས་གཉིས། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་མཛད་པ། གུ་རུའི་བཀའ་ཐང་དུམ་ཆུང་གཅིག ཨ་ཡ་བོན་པོས་མཛད་པ། གུ་རུའི་བཀའ་ཐང་འུ་ཤང་རྡོ་གདན་མ། གཏེར་སྟོན་ལྷ་བཙུན་སྔོན་མོའི་གཏེར་མ། གུ་རུ་པདྨའི་རྣམ་ཐར། མཚན་མི་གསལ། བལ་པོའི་སློབ་དཔོན་གཙུག་ལག་དཔལ་དགེས་མཛད་པ། གུ་རུའི་རྣམ་ཐར་དུམ་ཆུང་གཅིག ཁྱུང་པོ་དཔལ་དགེས་མཛད་པ། གཞན་ཡང་གནུབས་སྟོན་གྱིས་མཛད་པའི་རྣམ་ཐར་སྣུབས་བསྒྲིགས་མ་ཆེ་བ། སྣུབས་རྒྱལ་སྲས་ཀྱིས་མཛད་པའི་སྣུབས་བསྒྲིགས་མ་ཆུང་བ། མངའ་རིས་པཎ་ཆེན་གྱིས་མཛད་པའི་གུ་རུའི་རྣམ་ཐར། བ་མཁལ་སྨུག་པོའི་གཏེར་མའི་ལུགས་ཀྱི་གུ་རུའི་རྣམ་ཐར། སློབ་དཔོན་ལང་ལྷག(ལང་ལབ) སྟོན་པས་མཛད་པའི་རྡོ་རྗེ་ཕུར་པའི་བསྟོད་འབུམ་དུ་གྲགས་པའི་རྣམ་བཤད་ངོ་མཚར་ཅན་རྣམས་དང་། གསང་སྔགས་འཛིན་པ་དཔལ་ལྡན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་སྣ་ནམ་ལུགས་ཀྱི་བཤད་འབུམ་རྡོ་རྗེ་དོན་གསལ། འོ་བྲན་དཔལ་གྱི་གཞོན་ནུས་མཛད་པའི་ཕུར་པའི་སྟོང་ཐུན། སློབ་དཔོན་པདྨས་མཛད་པའི་གཙུག་ལག་ཁང་རྙིང་པ་བཞེངས་པའི་གསོ་ཐབས་བསྟན་པ། བསམ་ཡས་བཞེངས་དུས་སྤྲུལ་པའི་བཟོ་ཆེན་རྣམས་ཀྱི་བཞེད་པ་དང་རྟེན་འབྲེལ་གྱི་བཀོད་པ་བསྟན་པ་བཟོ་གནས་འཕྲུལ་གྱི་མེ་ལོང་ (འདི་གཉིས་ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཞྭ་པདྨ་དབང་ཆེན་གྱི་དཀར་ཆག་གཙིགས་ཀྱི་ཡི་གེ་ཞིབ་མོར་བཀོད་པ་ལས་འབྱུང་ཡང་ད་ལྟ་དཔེ་རྒྱུན་ཡོད་མེད་མ་འཚལ། )བཅས་དང་། ཞར་བྱུང་ཐིག་པར་རྟ་ཆེ་ཆུང་དང་། བཀས་བཅད་འབྲིང་པོ། ཁམས་པ་སེང་གེའི་མདོ་ཁམས་སྨད་ཀྱི་ཆོས་འབྱུང་། སྨྲི་ཛྙཱ་ན་ཀཱིར་ཏིའི་( སྨྲྀ་ཏི་ཛྙཱ་ན་ཀིརྟིའི་) དྲི་བའི་ཐེ་ཚོམ་བཅད་པའི་ལོ་རྒྱུས་ཆེན་མོ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་མཛད་པའི་ལོག་ནོན་ཆེན་པོ་དང་ཞེ་ས་དགུ་ཕྲུགས་སོགས་གསུང་གང་རྙེད། འདི་རྣམས་ཀྱི་དཔེ་གཟིགས་མྱོང་མཁན་རེ་མཆིས་ན་ཡིག་ཆ་དེ་དག་གི་འདྲ་བཤུས་རེ་བླུ་ཐབས་གནང་བའི་མཐུན་རྐྱེན་སྒྲུབ་པའམ། ཡང་ན་བསྐྱར་དཔར་བགྱིད་ཐབས་མཛད་པའི་བདག་རྐྱེན་སྩོལ་བའི་རེ་བ་ནན་ཏན་དུ་ཞུ་བ་ལགས། བསྟན་མིང་པས་ཕུལ།
རྟ་རྣ་མགྱོག་ཅན་ཞིག་ང་ལ་མེད།།
རྟ་རྣ་མགྱོག་ཅན་ཞིག་ང་ལ་མེད།། སྲབ་སུལ་མ་ལག་ལ་འཛིན་མ་མྱོང་།། རུས་ཐེ་རྒྱུག་བྱེད་པའི་དུས་འདི་ལ།། ངས་ཐེ་ཁེའི་རྩེད་མོ་གཅེས་ཀི་བསམ།། ཐེ་རྟ་ལ་རྒྱུག་རྟ་ཞེས་འབོད་ཆོག་ན་ང་ལ་རྒྱུག་རྟ་ངོ་མ་མང་རྒྱ་རྟ་གཅིག་ར་མེད་སྔོན་བོད་ལུག་དག་མ་ལས་ཐོན་པའི་ཐེ་ཁེ་དག་མ་དག་དག་ཡིན། ད་ནི་རྒྱུག་རྟ་ཞེས་སྐྱ་སེར་ཀུན་གྱིས་བསྟོད་བསྔགས་བྱེད་འདུག མ་བསམ་ས་ནས་རྒྱུ་མགོ་ལ་བུད་བཏང་ཐལ། རྒྱུག་རྟ་ལ་དགའ་མཁན་ཚོ་ཤོག་དང་རྒྱུག་རྟ་བཙོང་རྒྱུ་ཡོད། རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་ཡེ་ཤེས་ཀྱི་ངོ་བོར།། རིག་སྟོང་འཇམ་དཔལ་དཔའ་བོའི་རང་གཟུགས་ཀྱི་བླ་མ།། མཛད་འཕྲིན་དཔག་བསམ་ལྗོན་པའི་དགའ་ཚལ་གྱི་ལྗོངས་ན།། བསམ་ཡུལ་བློ་ལས་འདས་པའི་ངང་ཚུལ་དེ་དྲན་བྱུང་།།
མཁའ་འགྲོ་མ་ཏཱ་རེ་ལྷ་མོ་དྲན་པའི་མེ་ལོང།
མཁའ་འགྲོ་མ་ཏཱ་རེ་ལྷ་མོ་དྲན་པའི་མེ་ལོང། ན་མོ་གུ་རུ་ཏཱ་རེ་དྷེ་ཝི་ཡ།། ༡༽ དབྱིངས་ཀ་དག་སྟོང་པའི་ངང་ཉིད་ལས།། འོད་ལྷུན་གྲུབ་སྣང་བའི་ཞིང་ཁམས་སུ།། རྩལ་སྣ་ཚོགས་ཤར་བའི་མཁའ་འགྲོ་མ།། མ་ཡུམ་ཆེན་ཏཱ་རེ་ལྷ་མོ་དྲན།། ༢༽ དུས་སྙིགས་ལྔའི་མུན་པ་འཁྲིགས་ན་ཡང་།། རྗེ་སྣང་བྱེད་རྟ་བདུན་དབང་པོ་ཡིས།། དཔལ་རྟེན་འབྲེལ་དགེ་བའི་མནྜལ་ཕུལ།། ལས་རབ་འབྱམས་ཕྲིན་ལས་མཐའ་ནས་རྒྱས།། ༣༽ མགོན་ཏཱ་ར་ནགས་ཀྱི་སྒྲོལ་མ་ཉིད།། གནས་རི་བོ་རྩེ་ལྔར་ཐོག་མར་མཇལ།། དབང་བྱིན་རླབས་གནང་བའི་མ་མ་ཁྱེད།། སེམས་དད་པའི་ངོས་ན་གསལ་བོ་དྲན།། ༤༽ ལྷ་རྩ་བ་གསུམ་གྱི་དབང་ལུང་ཐོབ།། ཐུགས་དགྱེས་པ་ཆེན་པོས་རྗེས་སུ་བཟུང་།། ལས་སྨོན་ལམ་བཟང་སྤྱོད་མཉམ་དུ་འཚོགས།། ཆོས་དམ་ཚིག་བཟང་པོས་འབྲེལ་བ་དྲན།། ༥༽ སྔོན་ཁྲ་མོ་གླིང་གི་ནེའུ་ཆུང་དང་།། ད་གངས་ཅན་མཁའ་འགྲོ་ཏཱ་རེ་མ།། ཕ་པདྨའི་ཟབ་གཏེར་འགྱེད་པའི་གྲོགས།། མ་སྐུ་གསུམ་བདག་མོ་ཡང་ཡང་དྲན།། ༦༽ ལུས་རགས་རྡུལ་མི་ཤིགས་དྭངས་མར་དག། ངག་རླུང་ཁམས་ཨ་བ་དྷཱུ་ཏིར་རྫོགས།། སེམས་ཀུན་རྟོག་རིག་པ་ཆོས་སྐུར་སྨིན།། མ་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག། ཅེས་པ་འདི་ཡང་རབ་གནས་ལྕགས་གླང་དབོ་ཟླའི་བཟང་པོ་གསུམ་པ་སྟེ་མཁའ་འགྲོ་དྲན་པའི་མྱོང་ཚོར་ཐོལ་བྱུང་དུ་ཨེ་མ་ཧོས་ཨེ་ཝཾ་ཛྙཱ་ན་གུ་རུའི་ལྷ་ཁང་ནས་རྗེས་དྲན་གླུ་རུ་བླངས་པར་དགེའོ།། །། སྤྱི་ལོ་༢༠༢༡།༣།༢༥་ལའོ།།
སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན།
སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན། ཨོཾ་ཨཱཿཧཱུྃ་ཧྲཱིཿབདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་སྐུ། །མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས། །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེ་རྗེས་ཆགས་གཟུགས། །པདྨ་རྒྱལ་པོ་འཁོར་འདས་མངའ་དབང་བསྒྱུར། །སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ །གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི། །བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིགས་བྱེད་མ། །མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའི་ཚོགས། །སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ། །འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ། །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད། །རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི། །རྣམ་གཉིས་དངོས་གྲུབ་འདོད་རྒུའི་མཆོག་སྩོལ་ཞིང༌། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས། །སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ། །མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན། །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཆོག་ཐུན་དངོས་གྲུབ་འདོད་རྒུའི་དཔལ་མཐའ་དག །ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ། ། ཅེས་པའང་རབ་ཚེས་ས་ཡོས་ཟླ༧་ཚེས༡་ལ་དྷཱིཿམིང་པས་སྤེལ། གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ་དབང་གི་ལས་ཀུན་ཇི་ལྟར་བསམ་པ་བཞིན་འགྲུབ་པར་གདོན་མི་ཟའོ། །དར་དམར་ལ་བྲིས་ཏེ་ཕྱར་བའམ་མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་བོ། །མངྒ་ལཾ།། །།
Alt Sidebar
Search





