• March 2021

    གསོལ་མཆོད་ཀུན་བཟང་སྤྲིན་ཆེན།།

    གསོལ་མཆོད་ཀུན་བཟང་སྤྲིན་ཆེན།། ཧཱུཾ་ཧྲཱིཿ རྒྱལ་བ་ཀུན་འདུས་པདྨ་ཀ་ར་རྗེ།། འཛམ་གླིང་མི་ཡི་སེངྒེ་གེ་སར་རྒྱལ།། སྐྱེས་མཆོག་དབང་གི་རྒྱལ་པོ་རིན་པོ་ཆེ།། གསོལ་ལོ་མཆོད་དོ་བསམ་དོན་མྱུར་འགྲུབ་མཛོད།། ཧཱུཾ་ཧཱུཾ། གླིང་དཀར་དཔའ་ཐུལ་དྭངས་སྨན་ཡོངས་ཀྱི་གཙོ།། བདུད་བཞི་དགྲ་བགེགས་འཇོམས་པའི་དཔའ་བོ་ཆེ།། འབུམ་པའི་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ།། གསོལ་ལོ་མཆོད་དོ་བསམ་དོན་ལྷུན་འགྲུབ་མཛོད།། ཧཱུཾ་བྷྱོ།། སྣང་སྲིད་འཛམ་གླིང་དབང་བའི་སྒྱུ་འཕྲུལ་གར།། བདེ་ཆེན་ཡེ་ཤེས་སྟེར་བའི་མཛའ་ན་མོ།། ཕྲིན་ལས་མྱུར་སྒྲུབ་དར་བཟའ་ཆོས་སྒྲོན་ལ།། གསོལ་ལོ་མཆོད་དོ་བསམ་དོན་ལྷུན་འགྲུབ་མཛོད།།  ཧཱུཾ་བྷྲཱུཾཿ གང་བྱས་བྱང་ཆུབ་ལམ་དུ་གྱུར་པ་དང་།། གང་བསམ་ལྷུན་གྲུབ་བསྟན་འགྲོའི་དོན་ཆེན་འགྲུབ།། གང་འདོད་ཕན་བདེ་སྤེལ་བའི་དངོས་གྲུབ་ཀུན།། ཀུན་བཟང་སྤྲིན་ཆེན་ས་གསུམ་ཁྱབ་པར་ཤོག། ཧཱུཾ་ཧྲཱིཿ སྙིགས་དུས་མུན་པ་མ་ལུས་རབ་ཏུ་སེལ།། བཤད་སྒྲུབ་བསྟན་པའི་ཉི་ཟླ་འོད་དུ་གསལ།། སྣང་སྲིད་དག་པ་རབ་འབྱམས་ཞིང་དུ་ཤར།། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག། མཁའ་འགྲོ་མ་པདྨ་གཡུ་མཚོས་ངོར་གང་ཤར་བཅོས་བསྒྱུར་མེད་པར་དེ་ཉིད་དུ་ཨེ་མ་ཧོས་གསོལ་བ་འདེབས་པར་དགེའོ།། །།

  • March 2021

    ༄༅། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ་བའི་མྱུར་ལམ་སངས་རྒྱས་ཀྱི་མཚན་བརྗོད་པ་ཞེས་བྱ་བའི་རིམ་པ་ནི༔

    ༄༅། །སྐད་ཅིག་གཅིག་གིས་རྫོགས་འཚང་རྒྱ་བའི་མྱུར་ལམ་སངས་རྒྱས་ཀྱི་མཚན་བརྗོད་པ་ཞེས་བྱ་བའི་རིམ་པ་ནི༔ མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྒྱུད་པ་དགུ་ལྡན་གྱི་བླ་མ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་མ་རྒྱུད་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ འདི་ལན་གཅིག་བརྗོད་པའི་ཕན་ཡོན་གཟུགས་ཅན་དུ་གྱུར་ན་ནམ་མཁའི་ཁམས་སུ་མི་ཤོང་ངོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་དང་འཁོར་བ་འཇིག་དང་གསེར་ཐུབ་དང་འོད་སྲུང་དང་ཤཱཀྱ་ཐུབ་པ་སོགས་བསྐལ་བཟང་སངས་རྒྱས་སྟོང་གི་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ༔ འདི་ལན་གཅིག་བརྗོད་པས་སངས་རྒྱས་དེ་རྣམས་ཀྱི་ཐུགས་དང་དབྱེར་མེད་པ་དང་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཀློག་པ་དང་མཉམ་པར་འགྱུར་རོ༔ དེ་བཞིན་གཤེགས་པ་རྣམ་པར་བརྩེགས་པ་བྱེ་བ་ཕྲག་བརྒྱའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་རྣམས་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཀློག་པ་དང་མཉམ་མོ༔ དེ་བཞིན་གཤེགས་པ་མངོན་རྫོགས་སྟོན་པ་བཅུ་གཉིས་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་བསྐལ་པ་ཆིག་ཁྲི་དང་ཉིས་ཁྲི་དང་སུམ་ཁྲི་དང་བཞི་ཁྲི་དང་ལྔ་ཁྲི་དང་དྲུག་ཁྲི་དང་བདུན་ཁྲི་དང་བརྒྱད་ཁྲི་དང་དགུ་ཁྲི་དང་འབུམ་ཕྲག་དང་ཁྲི་ཕྲག་བཅུ་གཅིག་དང་ཁྲི་ཕྲག་བཅུ་གཉིས་ཀྱི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་ཏིང་ངེ་འཛིན་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་བསྐལ་པ་བདུན་ཁྲིའི་བར་དུ་འགྲོ་ཀུན་མུན་པ་སེལ་བའི་སྣང་བྱེད་དུ་འགྱུར་རོ༔ བདེ་བར་གཤེགས་པ་ཡན་ལག་བླ་མ་དང་ཉི་འོད་དང་ཏ་ལའི་རྒྱལ་པོ་མངོན་པར་འཕགས་པའི་དཔལ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་སེམས་ཅན་ཀྱི་ཡན་ལག་བཅད་པ་དང་སྲོག་བཅད་པ་དང་ཤ་ཟོས་པའི་སྒྲིབ་པ་འདག་གོ༔ བདེ་བར་གཤེགས་པ་སྣང་བའི་དཔལ་དང་དྲི་མེད་མཐའ་ཡས་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་ཚེ་རབས་ནས་མ་བྱིན་པ་བླངས་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་ཟླ་འོད་དང་ཟླ་ལྟར་དཀར་དང་གཟི་བརྗིད་ངེས་པར་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་བསྒྲོད་བྱ་དུ་མ་ཞིག་དང་འགྲོགས་ཏེ་མི་ཚངས་པར་སྤྱོད་ཀྱང་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་བདེ་བ་ཐོབ་དང་དྲི་མ་མེད་པའི་འོད་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་འདོད་ཆགས་དབང་གིས་སྡོམ་པ་ཉམས་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་རྣམ་པར་རྒྱལ་དང་རྣམ་པར་རྒྱལ་བའི་དབྱངས་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་མི་དགེ་བ་བཅུའི་ལས་བགྱིས་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མ་དང་རྣམ་པར་རྒྱལ་བའི་མངའ་དང་རིན་ཆེན་ཟླ་འོད་སྐྱབས་གནས་དམ་པ་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་ལྕི་བ་བཞིའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་འོད་དཔག་མེད་སྣང་བ་དང་ཀུན་ཏུ་སྤོས་དང་སྤོས་ཀྱི་རྒྱལ་པོ་དང་མེ་ཏོག་ལ་དབང་བའི་སྟོབས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་ཚུལ་ཁྲིམས་མ་བསྲུངས་པ་དང་འདུལ་ཁྲིམས་ལ་ལྷད་ཞུགས་པ་དང་བྱང་ཆུབ་ཀྱི་སེམས་ཉམས་པ་དང་ཚུལ་ཁྲིམས་འཆལ་བའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་ཚངས་པའི་དབང་ཕྱུག་གི་རྒྱལ་པོ་དང་སྤོས་འོད་བཏང་བ་དང་རིན་ཆེན་མེ་འོད་རབ་ཏུ་གསལ་བ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་ཕྱོགས་བཅུའི་དགེ་འདུན་གྱི་དཀོར་འཕྲོག་ཅིང་ཟོས་པ་དང་དགེ་འདུན་སྨད་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་གསེར་འོད་དམ་པ་དང་གསེར་ལྟར་སྣང་བ་དང་འོད་ཆེན་པོ་ཚད་མེད་པ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་གསུང་རབ་ཀྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་དགེ་བ་བཅུའི་དཀོར་ཟོས་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་དྲི་མེད་འོད་གསལ་རྒྱལ་དང་མེ་འོད་དང་སྤོས་ཀྱི་དཔལ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་སྤོས་ཀྱི་དཀོར་དང་བླ་མའི་དཀོར་དང་གསང་སྔགས་ཀྱི་དཀོར་ཟོས་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་རིན་ཆེན་རྒྱལ་བའི་མཛོད་དང་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་ཁལ་རྟ་ཞོན་པའི་སྒྲིབ་པ་འདག་པ་དང༔བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་འགྱུར་རོ༔ དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བ་དང་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་ཞེས་བྱ་བ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་བསྐལ་པ་འབུམ་ཕྲག་བསམ་མི་ཁྱབ་ལ་བྱང་ཆུབ་ཀྱི་སེམས་གནས་པ་དང༔བྱང་ཆུབ་སྒྲུབ་པ་ལ་བར་ཆད་མེད་པར་འགྱུར་རོ༔ དེ་བཞིན་གཤེགས་པ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་གསང་སྔགས་ཀྱི་དམ་ཚིག་ཉམས་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་མཐུ་ཆེན་བརྩོན་འགྲུས་ཀྱི་ངེས་པར་འབྱུང་བ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་མདོ་སྡེ་ཀློག་པ་དང་མཉམ་མོ༔ དེ་བཞིན་གཤེགས་པ་རྡོ་རྗེ་དཔའ་བ་བརྟན་པ་ཞི་བ་དུལ་བ་ཕ་རོལ་གྱི་སྟོབས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་སྡེ་སྣོད་གསུམ་ཀློག་པ་དང་མཉམ་མོ༔ དེ་བཞིན་གཤེགས་པ་རི་རབ་རྣམ་པར་གནོན་པ་དང་རིན་ཆེན་སྣང་བའི་མཆོད་རྟེན་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་དུག་ལྔས་ནོན་པའི་སྒྲིབ་པ་འདག་པ་དང༔སྐྱེ་བ་ཐམས་ཅད་དུ་སངས་རྒྱས་རྣམས་དང་མི་འབྲལ་བའོ༔ དེ་བཞིན་གཤེགས་པ་སྙིང་པོ་ཟིལ་གྱིས་གནོན་པ་དང་རིན་པོ་ཆེའི་གདུགས་དམ་པ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་བསྐལ་པས་མངོན་བྱང་གི་བར་དུ་རྒྱལ་བའི་ཐུགས་རྗེས་ཟིན་བར་འགྱུར་རོ༔ དེ་བཞིན་གཤེགས་པ་འཆི་མེད་ཚེ་དཔག་མེད་མགོན་ཚེའི་བུམ་པ་འཛིན་པ་རྣམས་དང་མ་ཆགས་པདྨའི་སྤྱན་ཅན་ལ་ཕྱག་འཚལ་ལོ༔ འདི་ལན་གགཅིག་བརྗོད་པས་འཆི་བ་ལས་ཐར་བ་དང༔སུམ་ཅུ་རྩ་གསུམ་གྱི་གནས་སུ་སྐྱེ་བར་འགྱུར་རོ༔ དེ་བཞིན་གཤེགས་པ་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་པའི་དཔལ་དང་སེང་གེའི་དབྱངས་དང་རྣམ་པར་འཕྲུལ་པའི་དཔལ་དང་གླང་པོ་དམ་པའི་དཔལ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་བསྐལ་པ་ཁྲག་ཁྲིག་གམ་གྲངས་མེད་དཔག་མེད་དམ་བརྗོད་དུ་མེད་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་གདུགས་དམ་པའི་དཔལ་དང་པདྨོའི་དཔལ་དང་དགའ་བའི་དཔལ་དང་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་བསྐལ་པ་འབུམ་ཕྲག་འབུམ་ཕྲག་གམ་མང་པོ་གྲངས་མེད་པའི་སྒྲིབ་པ་འདག་གོ༔ དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་ན་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ་བའོ༔ དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཚུལ་ལས་རྣམ་པར་འཕྲུལ་པ་ངེས་པར་སེལ་བ་གཟི་བརྗིད་འབྱུང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་ན་ཚེ་ལུས་གཅིག་ལ་འཚང་རྒྱའོ༔ དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་ན་མྱུར་དུ་འཚང་རྒྱའོ༔ དེ་བཞིན་གཤེགས་པ་ཏིང་ངེ་འཛིན་རྣམ་པར་གནོན་པའི་དཔལ་དང་དང་པོའི་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་དང་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ༔ ཞེས་བརྗོད་ན་སངས་རྒྱས་ཀྱི་ས་མ་ཐོབ་བར་དུ་སྡིག་སྒྲིབ་འདག་ཅིང་ངན་སོང་གསུམ་གྱི་སྐྱེ་སྒོ་ཆོད་ནས་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པ་དང་༔མི་འཁྲུགས་པའི་ཞིང་དུ་པདྨོ་ལས་བརྫུས་ཏེ་སྐྱེ་བ་ལེན་པའོ༔ དེ་བཞིན་གཤེགས་པ་མགོན་པོ་འོད་དཔག་མེད་དང་འོད་ཟེར་ཀུན་ནས་འཕགས་པ་དཔལ་བརྩེགས་རྒྱལ་པོ་དང་རབ་ཏུ་བརྟན་པའི་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ འདི་ལན་གཅིག་བརྗོད་པས་ད་ནས་བཟུང་སྟེ་བསྐལ་པ་དུང་ཕྱུར་དྲུག་གམ་བྱེ་བ་ཕྲག་འབུམ་ཕྲག་དགུ་བཅུ་རྩ་དྲུག་གཉིས་གཉིས་བར་དུ་དང༔ཡང་བསྐལ་པ་གྲངས་མེད་པ་གངྒཱི་ཀླུང་གི་བྱེ་སྙེད་ཀྱི་བར་དུ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཐེ་ཚོམ་མེད་དོ༔༔༔༔པདྨ་བདུད་འདུལ་གྱི་གཏེར་ནས་བཏོན་པའོ། རྩོལ་མེད་ལམ་གྱི་ཆེ་བས་ཚེ་གཅིག་གིས། ཟག་བཅས་འོད་དུ་ཡལ་དང་ལྷུན་གྲུབ་ཀྱི་།རིག་རྩལ་ཡི་གེའི་རོལ་པར་ཤར་བ་འདི། པདྨ་བདུད་འདུལ་ཆོས་སྐུའི་རིང་བསྲེལ་ཡིན།།

  • March 2021

    ༧སྐྱབས་རྗེ་དམ་པ་མཁན་ཆེན་བླ་མའི་ཞབས་བརྟན་གསོལ་འདེ

    ༧སྐྱབས་རྗེ་དམ་པ་མཁན་ཆེན་བླ་མའི་ཞབས་བརྟན་གསོལ་འདེ བས།། ཨོྃ་སྭ་སྟི།།དཔལ༵་ལྡན་བླ་མ་དུ་མས་དགྱེ༵ས་བཞིན་དུ།།    ཟབ་དགུའི་ཐེག་པ༵་ཀུན་གྱིས་ཆོས་ཆར་ཕབས།།   ཐོས་བསམ་བསྒོམ་པས་རྡོ༵་རྗེ༵་ཐེག་པའི་དོན།།   རྟོགས་མཛད་དགྱེས་པ་རྡོ་རྗེ་ཞབས་བརྟན་གསོལ།།    ཞེས་པ་འདི་ཡང་རིན་པོ་ཆེ་མཆོག་གིས་རིག་འཛིན་འཇིགས་མེད་གླིང་པའི་བདེན་ཚིག་གྲུབ་སྨོན་གྱི་བཤད་ཁྲིད་ཞག་བརྒྱ་མཇུག་གྲུབ་པའི་གཏང་རག་ཏུ་སྙིགས་དུས་ཀྱི་བན་གཟུགས་ ག་ག་ཤྴོ་རས་སྙིང་ནས་གསོལ་བ་བཏབ་པ་དགེའོ།། །། ༼མཆན། རྩོམ་པ་པོ་ནི། མཁས་དབང་དམ་པ་ཨ་རིག་མཁན་ཆེན་ནམ་མཁའ་སྐྱབས་རིན་པོ་ཆེའོ།།༽

  • March 2021

    ༧སྐྱབས་རྗེ་མཁན་ཆེན་བླ་མའི་ཞབས་བརྟན།།

    ༧སྐྱབས་རྗེ་མཁན་ཆེན་བླ་མའི་ཞབས་བརྟན།། ཨོཾ་སྭ་སྟི།། གྲུབ་བརྙེས་རྒྱ་མཚོའི་སྤྱི་དཔལ༵་མཚོ་སྐྱེས་རྗེ།། སྐུ་གསུང་ཐུགས་ཀྱིས་དགྱེས༵་བཞིན་རྗེས་སུ་བཟུང་།། མདོ་སྔགས་རྒྱ་མཚོའི་དགོངས་པའི༵་ཀློང་ཆེན་རྡོལ།། གསང་གསུམ་མི་ཤིག་རྡོ༵་རྗེ༵འི་ཁམས་སུ་བརྟན།། གསང་ཆེན་བསྟན་པའི་རྒྱལ་མཚན་མཁའ་ལ་བསྒྲེང་།། ཐེག་རྩེ་ཨ་ཏིའི་རང་ལུགས་ཏོག་གིས་མཛེས།། མཛད་ཕྲིན་འོད་སྣང་དཀར་བོ་གླིང་བཞིའི་ཁྱོན།། མི་ནུབ་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག། ཅེས་པ་འདི་ཡང་སྒོ་གསུམ་གུས་འདུད་དང་བཅས་བསྟན་འཛིན་ཆོས་མཆོག་གིས་སྨོན་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག   ། བོད་རྒྱལ་ལོ། ༢༡༤༨/༢ /༡༠/

  • February 2021

    གསང་ཆེན་བླ་མེད་ཀྱི་རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེ་ལ་ན་མོ།

    གསང་ཆེན་བླ་མེད་ཀྱི་རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེ་ལ་ན་མོ། ན་མོ་མ་ཧཱ་གུ་རུ་དྷརྨཱ་དྷརྟུ་བཛྲ་ཡེ།། ཐུབ་དབང་པད་འབྱུང་ཐུགས་རྗེས་རྟོགས་པ་འཁྲུངས།། བྱིན་རླབས་འོད་གསལ་རང་བསྲེལ་ཕུང་པོའི་སྐུ།། ཕྱག་རྫོགས་དབུ་མའི་བསྟན་པ་སྤེལ་བའི་མགོན།། གསང་ཆེན་བླ་མེད་རྣལ་འབྱོར་གསོལ་བ་འདེབས།། ངོ་བོ་ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་།། རང་བཞིན་ལོངས་སྐུ་རྡོ་རྗེ་སེམས་དཔའ་ཆེ།། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་པདྨ་འབྱུང་།། སྐུ་གསུམ་ཀུན་འདུས་ཆོས་དབྱིངས་རྡོ་རྗེ་མཁྱེན།། མཁྱེན་བརྩེ་ནུས་ལྡན་བླ་མ་རིན་པོ་ཆེ།། ཞིང་ཁམས་གནས་མཆོག་གང་དུ་བཞུགས་གྱུར་ཀྱང་།། སྐལ་ལྡན་བུ་ལ་རྟག་ཏུ་བྱིན་གྱིས་རློབས།། བསྟན་དང་འགྲོ་བའི་དོན་ཆེན་ལྷུན་གྲུབ་ཤོག། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་དྷརྨཱ་དྷརྟུ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ།། ཞེས་པ་རབ་གནས་ལྕགས་གླང་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་གསུམ་སྟེ་དམ་པའི་དགོངས་པ་ཆོས་དབྱིངས་སུ་གཏད་པའི་ཉིན་མོར་དད་གུས་མི་ཕྱེད་དད་པས་གསོལ་འདེབས་སུ་རྗེ་ཉིད་ཀྱི་སློབ་བུ་ཡོངས་ཀྱི་ཐ་ཤལ་བ་ཤྲཱིཿཨེ་མ་ཧོས་སྙིང་ནས་གསོལ་བ་འདེབས་པར་དགེའོ།། །།

  • May 2020

    ངས་༧སྐྱབས་མགོན་རིན་པོ་ཆེ་བསྟན་བཤིག་རེད་ཅེས་ཞུས་མེད།

    ངས་༧སྐྱབས་མགོན་རིན་པོ་ཆེ་བསྟན་བཤིག་རེད་ཅེས་ཞུས་མེད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་ཉེ་ཆར་བྱུང་བའི་གླེང་རྙོག་སྐོར་གྱི་བཅར་འདྲི་ཞུས་པ། དྲི་བ། ཉེ་བའི་ཆར་རིན་པོ་ཆེས་དྲ་ཐོག་ནས་གསང་སྔགས་ཀྱི་དབང་ཆེན་གནང་ན་མི་འགྲིག་པ་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་བཟོ་གི་ཡོད་རེད་ཅེས་གསུངས་པ་དེའི་རྒྱུ་མཚན་དང་རྒྱབ་ལྗོངས་གང་ལ་བརྟེན་ནས་གསུངས་པ་ཡིན། དེའི་སྐོར་གསལ་བཤད་ཅིག་གནང་རོགས། ལན། ངས་དེ་ལབ་པ་ཡིན། དེ་ལྟར་ལབ་དགོས་པའི་རྒྱུ་མཚན་ནི་ངའི་མི་ཚེའི་ནང་ལ་མདོ་སྔགས་གཉིས་ལ་སློབ་སྦྱོང་གང་འཚམ་ཞིག་བྱས་པ་རེད། མདོ་སྔགས་གཉིས་ཀྱི་ནང་ནས་ཀྱང་སྔགས་ཀྱི་སློབ་སྦྱོང་དེ་རྒྱུན་རིང་ཙམ་བྱས་པ་རེད། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་ནང་ནས་ཀྱང་གཙོ་བོ་རྒྱུད་སྡེ་ལ་ཐོས་བསམ་བྱས་པ་རེད། ཕར་ཡང་རྒྱུད་སྡེ་བཤད་མྱོང་། དེ་ཡིན་དུས་ཉེ་ཆར་དྲ་རྒྱའི་བརྒྱུད་ལམ་ནང་ནས་༧སྐྱབས་མགོན་རིན་པོ་ཆེས་དྲ་རྒྱ་བརྒྱུད་ནས་ཐུགས་རྗེ་ཆེན་པོའི་བཀའ་དབང་། སྔོན་འགྲོ་དང་དངོས་གཞི་གཉིས་ཀ་ཞག་པོ་གཉིས་ཀྱི་རིང་ལ་གནང་གི་རེད་ཅེས་ཐོས་སོང་། དེ་ཐོས་པ་དང་སེམས་པ་བདེ་པོ་མ་བྱུང་། རྒྱུ་མཚན་གང་ཡིན་ཞེ་ན་རྒྱུད་ཀྱི་དགོངས་པ་དང་མཐུན་གྱི་མ་རེད་བསམ་སོང་། མི་མཐུན་པའི་སྒྲུབ་བྱེད་མང་པོ་འགོད་རྒྱུ་ཡོད་ཀྱང་། དུས་ཚོད་ཐུང་ཐུང་ནང་ལ་ཞུ་གི་མིན་ལ། འདིར་ཞུ་དགོས་པའི་རྒྱུ་མཚན་ཡང་མི་འདུག ངས་༧སྐྱབས་མགོན་རིན་པོ་ཆེ་བསྟན་བཤིག་རེད་ཅེས་ཞུས་མེད། གང་བཤད་པ་དེར་བསྐྱར་དུ་གཟབ་གཟབ་བྱས་ནས་ཉོན་དང་ཧ་གོ་གི་རེད། དེ་སྔོན་༧སྐྱབས་མགོན་རིན་པོ་ཆེས་དབང་ཆེན་གྱི་རིགས་དྲ་རྒྱ་བརྒྱུད་ནས་བསྩལ་སྲོལ་ཡོད་པ་དེ་འདྲ་ངས་ཤེས་ཀྱི་མེད། དེ་ང་རང་གིས་མ་ཤེས་པ་ཡིན་གྱི་རེད། དྲ་རྒྱའི་བརྒྱུད་ནས་དབང་ཆེན་ཐོག་མ་བསྩལ་ཡོང་དུས། དྲ་རྒྱ་བརྒྱུད་ནས་དབང་ཆེན་སྐུར་མཁན་དེ་འདྲ་བྱུང་བ་ཡིན་ན། དེའི་རིགས་ཐམས་ཅད་བསྟན་པ་བཤིག་པའི་སྟ་རེ་རེད་འགྲོ་གི་རེད་ཅེས་ངས་དེ་ལབ་པ་ཡིན། དེ་ལ་འགྲེལ་བཤད་ཅིག་མ་ཞུས་ན་གོ་གི་ཡོད་ས་མ་རེད། བསྟན་པ་འཛིན་ཞེས་པ་དེ་ཡང་གང་ཟག་གིས་འཛིན་དགོས་པ་དང་། བསྟན་པ་བཤིག་ཅེས་པ་དེ་ཡང་གང་ཟག་གིས་བཤིག་དགོས་པ་རེད། དྲ་རྒྱའི་ནང་ནས་དབང་ཆེན་གྱི་རིགས་བསྐུར་བ་ཡིན་ན་རྒྱུད་སྡེ་དང་མཐུན་གྱི་མ་རེད། དེ་ཡིན་དུས་དེ་ལྟར་གནང་མཁན་ཐམས་ཅད་ཀྱི་བསྟན་པ་བཤིག་པའི་ལག་ཆ་ལྟ་བུའམ། ཤོད་རྒྱུན་དུ་བསྟན་པ་བཤིག་པའི་སྟ་རེ་ལྟ་བུ་དེ་དྲ་རྒྱ་བརྒྱུད་ནས་དབང་སྐུར་རྒྱུ་དེ་ཆགས་འགྲོ་གི་རེད། ༧སྐྱབས་མགོན་རིན་པོ་ཆེ་བསྟན་བཤིག་རེད་ཅེས་ནམ་ཡང་བསམ་གྱི་ཡང་མེད་ལ། ལབ་ཀྱི་ཡང་མ་བྱུང་། ༧སྐྱབས་མགོན་རིན་པོ་ཆེ་བོད་བརྒྱུད་ནང་བསྟན་གྱི་མིག་དཔེ་བལྟ་ས་རེད། དྲ་རྒྱ་བརྒྱུད་ནས་དབང་བསྩལ་དུས། མ་འོངས་པར་སྟག་མཆོངས་སར་ཝ་མཆོངས། ཝ་ལུ་མའི་སྐེད་ཚིགས་བུད་ཅེས་ཁམས་པ་ལ་དཔེ་ཞིག་ཡོད་པ་རེད། དེ་ལྟ་བུ་བྱས་ན་༧སྐྱབས་མགོན་རིན་པོ་ཆེས་ཀྱང་དྲ་རྒྱ་བརྒྱུད་ནས་དབང་བསྐུར་གྱི་ཡོད་པ་རེད། ངས་ཀྱང་སྐུར་གྱི་ཡིན་ཞེས་དྲ་རྒྱ་བརྒྱུད་ནས་དབང་མང་པོ་སྐུར་མཁན་རྙིང་མ། ས་སྐྱ། བཀའ་བརྒྱུད། དགེ་ལྡན་བཅས་ཆོས་བརྒྱུད་ཐམས་ཅད་ཀྱི་ནང་ནས་ཡོང་སྲིད་པ་རེད། མ་འོངས་པར་ལོ་བཞི་བཅུ་ལྔ་བཅུའི་རྗེས་ནས་དྲ་རྒྱ་བརྒྱུད་ནས་དབང་སྐུར་རྒྱུ་མ་གཏོགས་ལག་ལེན་མེད་མཁན་ཞིག་ཆགས་སོང་བ་ཡིན་ན། དེ་བསྟན་པ་བཤིག་པའི་སྟ་རེ་རེད་འགྲོ་གི་རེད་ཅེས་ངས་དེ་ལབ་པ་ཡིན་ལ། དེ་ངས་སེམས་གཏིང་ནས་བསམ་གྱི་ཡང་ཡོད། (གླེང་རྙོག་ཆེ་བའི་ཚིག་དེ་དག་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པ། “བར་སྐབས་ཤིག་ནས་ལོ་༥༠ ཙམ་གྱི་སྔོན་ནས་ཁྲོམ་དབང་བཟོས་བཞག་པ་རེད། དབང་དེ། མི་བརྒྱ། ཉིས་བརྒྱ། སྟོང་ཕྲག་ག་ཚོད་འཛོམས་ན། འོ་བླ་མ་དེས་དབང་སྐུར་དུས་མི་སྟོང་ཕྲག་འཛོམས་འདུག སྟོང་ཕྲག་ལྔ་འདུག་ཅེས། དེ་རྫིག་རྫིག་འདྲ་ཞིག་བཤད་ནས། ཁྲོམ་དབང་བཟོས་བཞག་པ་རེད། དེ་དབང་སྐུར་མ་ཤེས། དམ་ཚིག་ཉམས་རེད། རྫས་ན་མ་རྫས་ན་ཉམས་རེད་ཁོ་རེ། དེ་ནས། ད་དེ་ལས་ཀྱང་ལྷག་ཅིག དངོས་སུ་དབང་ཞུ་རུ་འགྲོ་དགོས་མ་རེད། ད་TV (བརྙན་འཕྲིན་)ནང་ནས་བསྐུར་འགྲོ་གི་ཡོད་རེད། ཏཱ་ལའི་བླ་མས་སང་ཉིན་ཐུགས་རྗེ་ཆེན་པོའི་དབང་ཆེན་ཉི་མ་གཉིས་ལ་བསྐུར་ཡོང་གི་ཡོད་ས་རེད། འཛམ་བུའི་གླིང་པ་ཐམས་ཅད་ལ་TV ནང་ནས། ད་དེ་ཚོ་བསྟན་པ་བཤིག་པའི་གི་སྟ་རེ་ངོ་མ་དེ། ད་བཟོ་གི་ཡོད་རེད། སྒྱུ་འཕྲུལ་གསང་བ་སྙིང་པོ་TV ནང་ནས་བཤད་ཡོང་རེད་ཟེར། Wechat (འཕྲིན་ཕྲན་)ནང་ནས་བཤད་ཡོང་གི་ཡོད་རེད། ཡེ་ཤེས་བླ་མ་ཡང་Wechat (འཕྲིན་ཕྲན་)ནང་ནས་བཤད་ཡོང་གི་ཡོད་རེད་ཟེར། སྙིང་ཐིག་ཡ་བཞི་Wechat ནང་ནས་བཤད་ཡོང་རེད་ཟེར་བ་རེད། དེ་འདྲ་བའི་བསྟན་བཤིག་ཆེན་པོ། བདུད་ཀྱི་ལས་ཀ་ངོ་མ་དེ་རེ་བ། དེ་ནས་ཆོས་ཀྱི་བརྒྱུད་པ་དེ་ཉམས་མི་འགྲོ་བའི་ཁུངས་གཏན་ནས་ཡོད་མ་རེད། དྲི་བ། རིན་པོ་ཆེའི་བཀའ་མོལ་ལ་བརྟེན་ནས་ད་ལྟའི་ཆར་སྤྱི་ཚོགས་ནང་གླེང་ཕྱོགས་འདྲ་མིན་དང་། ཡི་གེ་འདྲ་མིན་སྣ་ཚོགས་ཤིག་འགྲོ་གི་འདུག དེའི་སྐོར་རིན་པོ་ཆེས་མཁྱེན་རྟོགས་ག་ཚོད་ཙམ་བྱུང་ཡོད་པ་དང་། དེ་ལ་གཟིགས་ཚུལ་ག་རེ་ཡོད་དམ། ལན། ཁྱེད་རང་གིས་སྐད་ཆ་དྲིས་པ་དེའི་སྐོར་ང་ལ་རྒྱུས་ཆེན་པོ་ཡོད་པ་རེད། ངས་ལྷ་སའི་རྩེ་ཕོ་བྲང་ནས་ཕྱི་ལོ་༡༩༥༨ ལོར་༧སྐྱབས་མགོན་རིན་པོ་ཆེ་མཇལ་བ་ཡིན། དེའི་རྗེས་སུ་ཕྱི་ལོ་༡༩༥༩ ལོར་རྒྱ་གར་དུ་ཆིབས་བསྒྱུར་མཛད་དུས། ང་ཕ་དང་མཉམ་དུ་ཤི་ལི་གྷུ་རུའི་མེ་འཁོར་འབབ་ཚིགས་ཀྱི་འགྲམ་དུ་༧སྐྱབས་མགོན་རིན་པོ་ཆེ་ཕེབས་བསུ་རུ་བཅར་བ་ཡིན། དེ་ནས་བཟུང་ད་ལྟའི་བར་དུ་༧སྐྱབས་མགོན་རིན་པོ་ཆེའི་སྐུ་འཁྲིས་གསུང་འཁྲིས་རང་དུ་ང་བསྡད་བསྡད་པ་རེད།…