• January 2020

    ༄༅། །དཔལ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་རྒྱུན་འཁྱེར་ཕྲིན་ལས་ཀུན་འགྲུབ།ན་མོ་གུ་རུ་པདྨ་ཧེ་རུ་ཀ་ཡ།འདིར་སྤྲོས་པ་མེད་པའི་གང་ཟག་གིས་སྐྱབས་སེམས་སོགས་སྔོན་དུ་འགྲོ་བར་བྱས་ལ།ཧཱུྃ། སྣོད་བཅུད་རྣམ་དག་ཀུན་བཟང་ཡུམ་གྱི་ཀློང༌། །ཀུན་སྣང་སྙིང་རྗེ་ཀུན་བཟང་ཡབ་ཀྱི་དལ། །ཟུང་འཇུག་སྲས་མཆོག་བདེ་ཆེན་བྱང་ཆུབ་སེམས། །རྣམ་པ་ཧཱུྃ་ཡིག་སྨུག་ནག་མཁའ་ལ་ཤར། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ། །དཔལ་ཆེན་སྤྱི་དཔལ་རྡོ་རྗེ་གྲོ་བོ་ལོད། །དམར་སྨུག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད། །སྨར་སྨིན་རལ་བ་དམར་སེར་གནམ་དུ་གཟེངས། །ཨམ་གཙིགས་བསྡམས་པའི་ཚེམས་ཀྱི་གངས་རི་ལས། །སྐྱིན་ཐང་ཟོལ་སྣའི་རྒྱལ་བསེན་དམ་སྲི་ཡི། །ལྔ་ཕུང་དྲ་བ་ཆོས་ཀྱི་དབྱིངས་སུ་བསྟིམས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་མཁའ་ལ་ཕྱར། །ཁྲོ་ཆུང་ཐོག་ཆར་དགྲ་བོའི་ཐོག་ཏུ་འབེབས། །ཕྱག་གཡོན་གནམ་ལྕགས་ཕུར་བུ་གདེངས་པའི་རྩེར། །ལྷོག་ལྷོག་འབར་བའི་མེ་དཔུང་འཕྲུལ་འཁོར་གྱིས། །གནོད་བྱེད་བགེགས་ཚོགས་གཞི་མེད་གཞོབ་ཐུལ་བསྲེགས། །རབ་འཇིགས་སྟག་མོ་དྲུས་མ་འགྱིང་བའི་སྟེང༌། །ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད། །ཞི་བའི་ཆས་རྫོགས་འདུང་མ་དཀར་པོ་དང༌། །རྒྱས་པའི་ཆས་རྫོགས་ཆོས་གོས་འཆོལ་བར་མནབས། །དབང་གི་ཆས་རྫོགས་བེར་སྨུག་ལྷབ་ལྷུབ་གསོལ། །དྲག་པོའི་ཆས་རྫོགས་མགོ་ཕྲེང་སེ་རལ་བྱས། །ཁྲོ་གཏུམ་རྔམ་པ་དྲག་པོའི་སྐུ་རུ་གསལ། །དེ་ཡི་སྤྱི་གཙུག་པད་ཟླ་རིམ་བརྩེགས་སྟེང༌། །བརྒྱུད་གསུམ་བླ་མའི་བྱིན་རླབས་འཇའ་འོད་འཁྲིགས། །བར་གྱི་ཆ་ལ་རྒྱུད་སྡེ་བཞི་དྲུག་གི །ཡི་དམ་ཚོགས་ཀྱིས་དངོས་གྲུབ་ཆར་སྤྲིན་གཏིབས། །འོག་གི་ཆ་ལ་གནས་གསུམ་མཁའ་འགྲོ་ཡི། །བདེ་སྟོང་འོད་དམར་འདུ་འཕྲོ་ཀྱི་ལི་ལི། །མཐའ་སྐོར་སྡེ་གསུམ་སྲུང་མའི་ཚོགས་རྣམས་ཀྱི། །རླུང་ནག་འཁྲིགས་པས་ཕྲིན་ལས་རྣམ་བཞི་སྒྲུབ། །ཀུན་ཀྱང་རོ་མཉམ་ཡེ་ཤེས་གཅིག་གི་ངང༌། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་རྣམ་པར་སད། །གདོད་ནས་དམ་ཚིག་ཡེ་ཤེས་གཉིས་མེད་པ། །བདེ་སྟོང་ཀློང་ཡངས་ཆེན་པོའི་རྒྱན་དུ་ཤར། །གཙོ་འཁོར་ཡོངས་རྫོགས་ཧཱུྃ་སྒྲ་བསྒྲགས་པ་ཡིས། །སྣང་བ་ཐམས་ཅད་ཧཱུྃ་གི་གཟུགས་སུ་གྱུར། །སྒྲ་གྲགས་ཐམས་ཅད་ཧཱུྃ་གི་སྒྲ་སྐད་དེ། །དྲན་རྟོག་ཐམས་ཅད་མཉམ་ཉིད་ཧཱུྃ་གི་ངང༌། །རེ་དོགས་འཛིན་ཞེན་མེད་པའི་ངང་ནས་བཟླ། །ཧཱུྃ་ཧཱུྃ་ཧཱུྃ།ཐུན་མཐར་ཧཱུྃ་རྣམས་ལྷ་ལ་ཐིམ། །འཁོར་རྣམས་གཙོ་བོའི་ཐུགས་ཀར་བསྡུ། །གཙོ་བོ་ཕྱག་རྒྱ་གཅིག་པའི་སྐུ། །གསལ་དག་བརྟན་གསུམ་ཚང་བ་ཡིས། །རྒྱུན་གྱི་སྤྱོད་ལམ་ལ་འཇུག་བྱ། །ས་མ་ཡ།ཤཱཀྱའི་དགེ་སློང་ལེགས་བཤད་བཟང་པོ་ངས། །ཤེས་རབ་ཚུལ་ཁྲིམས་གཙང་མའི་རྒྱན་འཆང་ནས། །བསྟན་འགྲོའི་དོན་ཆེན་བསྒྲུབ་པར་བྱ་བ་ལས། །སྦས་དོན་ཟབ་མོ་སྙིང་ལ་སྦ་སྙམ་ཡང༌། །པདྨའི་བདེན་ཚིག་སྨོན་ལམ་མཐུ་བཙན་པས། །གསང་ཚིག་ཁ་ཤས་ངག་གི་ལམ་ནས་ཐལ། །ཟབ་པ་ས་གཏེར་རྒྱས་པ་དགོངས་གཏེར་གྱི། །ཆོས་མཛོད་དུ་མའི་བདག་པོར་གྱུར་ཟིན་ཀྱང༌། །ཟབ་ཆོས་སྤེལ་བའི་སྣོད་ལྡན་རྙེད་དཀའ་བས། །སྨྲ་བ་མང་པོའི་སྤྲོས་པ་བསྐྱུང་བར་བྱ། །མ་འོངས་རྡོ་རྗེ་ཐོགས་མེད་རྩལ་ཞེས་པས། །ཆོས་འདི་བཏོན་ནས་བསྟན་འགྲོར་སྨན་པར་ཤོག །ཅེས་ཉམས་མཚར་དུ་སྨྲས་སོ། །ཞེས་པ་འདི་ནི་གུ་རུ་རྡོ་རྗེ་གྲོ་ལོད་ཀྱིས་བདུད་དང་དམ་སྲི་མ་ལུས་པ་བཏུལ་བའི་གནས་མཆོག་འབྲུག་སྤ་གྲོ་སྟག་ཚང་དཔལ་ཕུག་ཏུ་ཐོན་སྐབས། ཟབ་པ་སའི་གཏེར་ཁ་གྲོ་ལོད་བདེ་གཤེགས་ཡོངས་འདུས་ཀྱི་སྒྲུབ་སྐོར་རྒྱས་པ་ལས་ལུས་དཀྱིལ་སྙིང་པོ་ཙམ་མཁའ་འགྲོའི་བརྡ་ཡིས་བསྐུལ་བ་དོན་ཡོད་བྱ་ཕྱིར་ཡི་གེར་སྤེལ་བས་བསྟན་འགྲོའི་རྒུད་པ་མ་ལུས་པ་འཇོམས་པའི་རྒྱུར་གྱུར་ཅིག མངྒ་ལཾ། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ཟླ་༧ཚེས་༢༣ལའོ།། །།

  • January 2020

    གཏེར་ཆེན་ཨུ་རྒྱན་གླིང་པའི་གཏེར་ནས་བཏོན་པའི་པདྨ་བཀའ་ཐང་འདོན་སྐུལ།མགོ་ཟླའི་ཚེས་བཅུ་ཉིན། སང་ཉིན་རེད་ཀོ། སྤྱི་ལོ ༢༠༢༠ ཟླ་བ༡ ཚེས་་༥།སྙིང་ཉེ་བའི་དྲྭ་གྲོགས་ཚོ་ལ་རེ་སྐུལ་ཞིག་མཆིས། དེང་སྐབས་ཕྱི་ནང་གསང་བའི་བར་ཆད་དུ་མ་ཞིག་ཡོད་པ་མངོན་གསལ་དང་། ཁྱད་པར་བསྟན་འགྲོ་ལ་ཕན་བདེ་སྒྲུབ་ཚེ་བར་ཆད་རླུང་དམར་ལས་མྱུར་དང་། དེ་དག་ཐམས་ཅད་སེལ་བསྐྱེད་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་ཁོ་ནས་སེལ་བ་ལས་ཐབས་གཞན་གང་ཡང་མེད། དམིགས་བསལ་ནུབ་ཕྱོགས་སུ་བསྟན་པ་སྤེལ་བའི་ཕྲིན་ལས་ལྷུན་གྲུབ་ཏུ་འགྱུར་བ་བ་ཨོ་རྒྱན་གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་འདི་ཡིན། དེས་ན་རང་དང་འབྲེལ་བའི་རྒྱལ་ཁབ་གཞན་དག་ཏུ་ཆོས་གྲོགས་དང་སྔགས་འཆང་རྡོ་རྗེ་འཛིན་པའི་བསྟན་པ་དར་རྒྱས་ཕུན་ཚོགས་སུ་དམིགས་ནས་སང་ཉིན་པདྨ་བཀའ་ཐང་ཚར་གཅིག་རང་གིས་ཁས་ལེན་བྱས་པས་འདོན་འཆར་ཡིན། སང་ཉིན་བཀའ་ཐང་འདོན་འཁན་ཡོངས་ནས་ངོས་ལ་སྒེར་གྱིས་འབྲེལ་གནང་རོགས། ཚོགས་པ་དང་དགོན་པས་འདོན་རོགས་བཟོས་ན་བཀའ་དྲིན་ཆེ་ཞུ། དགེ་ཚོགས་ནི་འགྲོ་ཀུན་བདེ་བ་དང་སངས་རྒྱས་བསྟན་པའི་རྒྱུ་རུ་བསྔོ། ཤྲཱིཿཨེ་མ་ཧོས་་་

  • January 2020

    ༄༅།།མཁན་ཆེན་བླ་མའི་གསོལ་འདེབས་སྙིང་གི་ནོར་བུ།།ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།ཀུན་ཏུ་བཟང་པོ་འཇམ་དཔལ༵་དགྱེས༵་པའི་ཐུགས།།རྡོ༵་རྗེ༵་འཆང་དབང་རིགས་ཀུན་ཁྱབ་བདག་རྗེ།།རྒྱལ་བ་ཀུན་འདུས་མཁན་ཆེན་བླ་མ་ལ།།གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན།།ཨོཾ་ཨཱཿཧཱུཾ་ཧྲཱིཿ་ཤྲཱིཿཨ་ནནྟ་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ༔མདོ་སྔགས་ཆོས་ཚུལ་མ་ལུས་ལེགས་རྟོགས་ནས།།འགྲོ་བ་མ་ལུས་ལམ་བཟང་ས་ལ་བཀོད།།བསྟན་དང་འགྲོ་ལ་ཕན་བདེ་ལྷུན་གྱིས་གྲུབ།།མཁན་ཆེན་བླ་མའི་དགོངས་པ་རྟོགས་པར་ཤོག།ཨོྃ་ཨཱཿཧཱུཾ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་སིདྡྷི་ཕ་ལ་ཧཱུཾ་ཨ།།བདག་གི་མཁན་ཆེན་བླ་མ་ཐུགས་རྗེ་ཅན།།ཉམས་ཐག་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ།།དགྱེས་པའི་ཞལ་བཟང་བདག་ལ་བསྟན་དུ་གསོལ།།དབུགས་དབྱུང་གསུང་གི་སྣང་བ་བསྩལ་དུ་གསོལ།།རྩེ་གཅིག་སྙིང་ནས་གསོལ་བ་འདེབས་པའི་ཚེ།།ཆོས་ཀྱི་འཁོར་ལོའི་དབྱིངས་སུ་ལེགས་བཞུགས་ནས།།ཡིད་ལ་གང་འདོད་དམ་པ་མ་ལུས་པ།།འབད་མེད་ལྷུན་གྱིས་གྲུབ་པས་མཛད་དུ་གསོལ།།མདོར་ན་དེང་ནས་ཚེ་རབས་ཐམས་ཅད་དང་།།འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ།།རེ་སའི་སྐྱབས་གནས་ཁྱེད་ལས་གཞན་ནས་མེད།།ཐུགས་རྗེ་སྤྱན་གྱིས་བདག་ལ་གཟིགས་ནས་སུ།།མགོན་སྐྱབས་བྲལ་བའི་ཉམས་ཐག་བདག་ཅག་ལ།།མཁན་ཆེན་བླ་མའི་ཐུགས་རྗེས་རབ་དགོངས་ནས།སྐུ་གསུང་ཐུགས་ཀྱི་སྣང་བ་བྲལ་མེད་དུ།།ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་པར་ཤོག།།སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།མཁན་ཆེན་བླ་མའི་གོ་འཕང་མྱུར་ཐོབ་ཤོག།ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཡར་ངོའི་ཚེས་པ་བཅུ་ལ་ལ་དྭགས་ཏཱ་རས་ངོར་ཨེ་མ་ཧོས་དེ་ཉིད་དུ་སྤེལ་བར་དགེའོ།།

  • January 2020

    ཆར་འབེབས་བདུད་རྩིའི་སྤྲིན་ཆེན།།ན་མོ་རཏྣ་ཏྲ་ཡཱ་ཡ།།ཐུགས་རྗེ་ཀུན་ལ་མཉམ་པའི་བཅོམ་ལྡན་འདས།།འགྲོ་ཀུན་བུ་བཞིན་སྐྱོབ་པའི་པདྨ་འབྱུང་།།དབྱེར་མེད་ཐུགས་རྗེའི་དབང་ཕྱུག་སྨན་གྱི་བླས།།བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན་ཕོབས།།ཨོ་གླིང་ཚ་ཀླུང་ཞེ་དགུའི་མཐའ་ལ་ཉེ།།ཉམ་ཆུང་དུད་འགྲོའི་ཚེ་སྲོག་མེ་ཡིས་ཚིག།མཁའ་ཀློང་དུ་བས་འཁེངས་པའི་བར་གསེང་ཀུན།།ཀུན་བཟང་ཆར་ཆེན་སྩོལ་ཅིག་དཀོན་མཆོག་གསུམ།།རྒྱལ་བ་སྲས་དང་བཅས་ལ་ར་མདའ་སྒྲོན།།ཆོས་སྐྱོང་བཀའ་སྲུང་ཀུན་ལ་མངའ་གསོལ་བསྟོད།།ས་ཆུ་མེ་རླུང་འཇིགས་པའི་དགྲ་ཆེན་ལས།།ད་ལྟ་ཉིད་དུ་གྲོལ་བ་ཐུགས་རྗེས་གཟིགས།།ཕྱི་འབྱུང་རང་སར་དེངས་པས་གཙང་ཞིང་དག།ནང་འབྱུང་སེམས་ཁམས་བདེ་བའི་དཔལ་ཡོན་རྫོགས།།གསང་བ་རིག་པའི་ཡེ་ཤེས་དེ་ཉིད་སྨིན།།ཡང་བསྟན་པས་འགྲོ་ཀུན་སྨིན་གྲོལ་ཤོག།ཤྲཱིཿཨེ་མ་ཧོས་༣/༡/༢༠༢༠་ལའོ།།蓮華猛咒州伏藏鄔金藥師心咒The mantra of Ogyen Menla from Padma DraNgag Lingpa Lineageཨོཾ་ཨཱཿ་ཧཱུཾ་བཛྲ་གུ་རུ་པདྨ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ༎唵阿吽 班雜 咕嚕 唄瑪 唄咔咋耶 娑哇 悉地 帕啦 吽 阿Om Ah Hum Varja Guru Padma Beikenjaye Shava Siddhi Pala Hum Ahཨོཾ་ཨཱཿ་ཧཱུཾ་བཛྲ་གུ་རུ་པདྨ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཧཱུྃ༎唵阿吽 班雜 咕嚕 唄瑪 唄咔咋耶 娑哇 悉地 吽Om Ah Hum Varja Guru Padma Beikenjaye Shava Siddhi Humཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་བྷཻ་ཥ་ཛྱེ་ཡེ་སརྦ་སིདྡྷི་ཧྲཱིཿ༎唵阿吽啥 唄咔咋耶 娑哇 悉地 啥Om Ah Hum Shri Beikenjaye Shava Siddhi Shriཨོཾ་ཨཱཿ་ཧཱུཾ་ཧྲཱིཿ༎唵阿吽啥Om Ah Hum Shri

  • January 2020

    རྒྱལ་ཀུན་གསང་གསུམ་ཡེ་ཤེས་སྒྱུ་མས་གར།།སྟོང་ཉིད་གཤིས་ལ་སྙིང་རྗེས་གདངས་ཤར་བའི།།གང་འདུལ་དེ་སྣང་ཞི་ཆགས་ཁྲོས་པའི་སྐུ།།འཇམ་དཔལ་བློ་ལྡན་མཆོག་སྲེད་སྙིང་དབུས་རོལ།། ལོགས་རྟོག་བདུད་ཀྱི་རུ་མཚོན་ཐང་ལ་སྙིལ།།དོལ་འགོང་དམ་སྲིན་དཔུང་ཚོགས་མེ་ཡི་བསྲེགས།།རབ་འཇིགས་གཤིན་རྗེའི་འབར་བའི་སྐུར་བཞེངས་བའི།།གཡུ་འོད་ལྷ་ཡི་མེ་ཏོག་གུས་པས་འདུད།། ཤར་ཕྱོགས་ཟ་ཧོར་རྒྱལ་བརྒྱུད་མ་འགྱུར་བ།།སེང་ཆེན་བཀའ་བློན་གོང་མ་ལྷ་ནས་སྐོས།།གཡུལ་རྒྱལ་མདན་མ་བྱང་ཁྲའི་རིགས་ཀྱི་སྲས།།འདན་སྲས་གཡུ་འོད་འབུམ་མེ་ལྷ་ཡི་སྲས།། དཀར་པོ་གླིང་གི་གཅེས་ཕྲུག་བཅུ་གསུམ་ལས།།སྙིང་སྟོབ་འགྲན་མེད་དྲག་པོས་རྩལ་ལ་མཁས།།དཔའ་བློན་བརྒྱད་བཅུའི་གཙུག་ན་ནོར་བུ་བཞིན།།གཡུ་འོད་འབུམ་མེའི་སྙན་པ་ཕྱོགས་བཅུ་འཕུར།། སྤྲུལ་བའི་དཔའ་བོ་ཆོས་ཀྱི་སེང་གེ་ཡིས།།དྲག་པོས་རྩལ་དང་གཡུལ་རྒྱལ་མན་ངག་གནང་།།སེང་ཆེན་མཁའ་སྐྱོད་ཞིང་ལ་གཤེགས་ཤུལ་དུ།།ཉིད་ཀྱི་རྒྱལ་ཚབ་གླིང་གི་རྗེ་བོ་བསྐུར།། བཏུད་ན་ཞི་བསིལ་དུང་ཟླ་དཀར་པོ་ལ།།ཁྲོས་ན་ལན་མེད་འཆི་བདག་གཤིན་རྗེ་དངོས།།དོལ་རྒྱལ་ཉག་ཕྲན་མདའ་ཡི་སྙིང་ཁྲག་ཕོས།།དམ་སྲིན་རུ་མཚོན་རྡོག་པས་འོག་ཏུ་ནན།། ཆང་ཕོར་ནས།

  • January 2020

    ༄༅༅།།རྫོགས་ཆེན་གཞི་ལམ་འབྲས་བུའི་སྨོན་ལམ་ཀུན་བཟང་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས༔དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ཀ་དག་གདོད་མའི་ངོ་བོ་སྤྲོས་དང་བྲལ༔ལྷུན་གྲུབ་འོད་གསལ་རང་བཞིན་དག་པའི་ཞིང་༔ཟུང་འཇུག་རིག་པའི་ཐུགས་རྗེ་ཀུན་ཁྱབ་དཔལ༔རང་བཞིན་རྫོགས་པ་ཆེན་པོ་རྟོགས་གྱུར་ཅིག༔སྣང་སྟོང་གཞི་ཡི་ཨ་མ་སྤྲོས་དང་བྲལ༔གསལ་སྟོང་ལམ་གྱི་བུ་ཆུང་འོད་དུ་གསལ༔བདེ་སྟོང་མ་བུ་ངོ་འཕྲོད་རིག་པའི་རྩལ༔གནས་ལུགས་རྫོགས་པ་ཆེན་པོ་རྟོགས་གྱུར་ཅིག༔ཡོད་མེད་རྒྱལ་བས་མ་གཟིགས་འདུས་མ་བྱས༔གཉིས་མིན་འཁོར་འདས་ཀུན་གཞི་འགལ་འདུ་བྲལ༔སྨྲ་བསམ་བརྗོད་མེད་རྟོག་པའི་ཡུལ་ལས་འདས༔རྫོགས་ཆེན་གཞི་ཡི་གནས་ལུགས་རྟོགས་པར་ཤོག༔ཆོས་དབྱིངས་ངོ་བོ་སྟོང་པས་རྟག་མཐའ་གྲོལ༔ཆོས་ཉིད་རང་བཞིན་གསལ་བས་ཆད་མཐའ་བྲལ༔ཆོས་ཀྱི་ཐུགས་རྗེ་འགག་མེད་སྣ་ཚོགས་སྣང་༔རྫོགས་ཆེན་ལམ་གྱི་གནས་ལུགས་རྟོགས་པར་ཤོག༔ཡེ་གྲོལ་རྒྱལ་བའི་དགོངས་པ་ཀུན་ཏུ་བཟང་༔གཅེར་གྲོལ་འོད་གསལ་སྙིང་པོ་དག་པའི་ཞིང་༔རང་གྲོལ་གཉུག་མའི་འཕོ་ཆེན་རྡོ་རྗེའི་སྐུ༔རྫོགས་ཆེན་འབྲས་བུའི་གནས་ལུགས་རྟོགས་པར་ཤོག༔ཆོས་ཀུན་དབྱེར་མེད་དོན་དམ་ཐ་མི་དད༔བསམ་གྱིས་མི་ཁྱབ་སྒྲོ་འདོགས་ཀུན་དང་བྲལ༔ཐོབ་བྱ་ཐོབ་བྱེད་ཐོག་མཐའ་བར་མེད་ཉིད༔རྫོགས་པ་ཆེན་པོའི་གནས་ལུགས་རྟོགས་པར་ཤོག༔ཅེས་པ་འདི་ཡང་རབ་གནས་ས་ཕག་མགོ་ཟླའི་ཡར་ངོའི་རྒྱལ་བ་གཉིས་པར་སྤྲུལ་སྐུ་དམ་པ་མགར་ཆེན་ཨ་ཉ་རིན་པོ་ཆེའི་ཞལ་ཐོག་ནས་གྲུབ་པའི་སིདྡྷི་དུང་ཕྱུར་གྱི་དགེ་བསྔོ་དང་སྨོན་ལམ་དུ་གསུང་སྐུལ་ངོར་ཤྲཱིཿསྨྱོན་ཨེ་མ་ཧོས་གང་ཤར་རིག་རྩལ་ལ་བཅོས་བསྒྱུར་མེད་པར་སུག་ལས་བགྱིས་པར་དགེའོ།། །།