• June 2024

    ༄༅།།དག་པའི་ཞིང་མཆོག་གི་དབང་ཆོག་ཡིད་བཞིན་ནོར་བུ།

    ༄༅།།དག་པའི་ཞིང་མཆོག་གི་དབང་ཆོག་ཡིད་བཞིན་ནོར་བུ། དག་པའི་ལྷ་བཅུའི་དབང་ཆོག་ཡིད་བཞིན་ནོར་བུའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།། དེ་ལ་འདིར་དབང་སྐུར་ཐབས་ལ་བཅུ་གསུམ་ཡོད་པ་ལས། ༼༡༽ དང་པོ་ནི་བསམ་ལྷུན་ཆོ་ག་རྒྱས་བསྡུས་གང་རུང་སྔོན་དུ་སོང་བ་སློབ་དཔོན་གྱི་ལས་དང་། ༼༢༽ གཉིས་པ་སློབ་མ་ཡོངས་ལ་སྐུ་ཁྲུས་གསོལ་བར་བྱ། ཇི་ལྟར་བལྟམས་པ་དང་རྣམ་རྒྱལ་མ་དང་སྨེ་བརྩེགས་ཀྱི་ལས་རིམ་དང་རྡོ་སེམས་ཀྱི་སྒོ་ནས་དག་པར་མཛད། ༼༣༽ གསུམ་པ་བཀའ་བགོ་དང་སྲུང་འཁོར་དང་མཚམས་བཅད་ཟབ་རྒྱས་བྱ། བཞི་བ་བྱིན་འབེབས་དངོས་ནི།འི ༼༤༽ དང་པོ་སངས་རྒྱས་ཀུན་འདུས་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་དབང་བསྐུར་བྱིན་གྱིས་རླབས་པ་ནི། ༼༡༽ གུ་རུ་པདྨ་འབྱུང་གནས། ཨེ་མ་ཧོ༔ སྣང་སྲིད་དག་པའི་ཞིང་མཆོག་དཔལ་རིའི་དབུས༔ ཀུན་བཟང་རྒྱལ་བ་ཀུན་འདུས་པདྨ་འབྱུང་༔ སྙིགས་དུས་རྒུད་པ་ཀུན་སེལ་མ་ཎི་ཀས༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས་༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་༔ ཨོྃ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་འཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཨོྃ་མ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཀཱ་ཡ་སིདྡྷི་ཨོྃ༔ ཨ་བྷིཥཉྩ་ཨོྃ༔

  • May 2024

    ༄༅། །སྟོན་པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་བཞུགས་སོ།།ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེར་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། །ལྷ་རྣམས་འདུལ་མཛད་གདུལ་བའི་དུས་མཁྱེན་ནས།།ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་དེ། །བཀྲ་ཤིས་ལུམྦུའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་གིས། །བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨངྒ་མ་ག་དྷཱར་ནི་སྒྱུ་རྩལ་བསྟན། །སྐྱེས་བུ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།།འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། །ཁ་ན་མ་ཐོ་སྤངས་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་།།མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།།བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱོད་མཛད་བརྩོན་འགྲུས་མཐར་ཕྱིན་ཏེ། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་གྷ་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱིས་རྒོལ་བ་ངན་པ་ཚར་བཅད་ནས། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉམ་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན།།ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བའི་ཕྱིར། །རྩྭ་མཆོག་དྲུང་གི་ས་གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུར་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་ནས། །མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་ཇི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །སྟོན་པ་བཅོམ་ལྡན་འདས་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་འདི།སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ

  • May 2024

    ༄༅།།སྔ་འགྱུར་བསྟན་པའི་བདག་པོ་ངེས་པ་དོན་གྱི་མཁན་ཆེན་བླ་མ་ཨ་བུ་རིན་པོ་ཆེ་པདྨ་དྲག་སྔགས་གླིང་བའི་སྐྱེ་སྤྲུལ་དྲི་མ་མེད་མ་མཆོག་གི་སྐུ་གསུམ་ཤེལ་ཀྱི་གོང་བུའི་ཞབས་དྲུང་མངོན་པར་འཕགས་པའི་དཔལ་དུ།།གུས་པ་བུ་སློབ་མགོན་པོ་སྐྱབས་ཀྱིས་གསོལ་བ་འདེབས་སྙིང་། ༑ལེགས་ཚོགས་འབུམ་གྱིས་ཕྱུགས་པའི་སྐུ་ཉིད་ཀྱི་སྐུ་གསུམ་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་འགྲོ་ཀུན་ཐར་བའི་ལམ་མཆོག་ལ་འགོད་པར་མཛད་པའི་མཛད་པ་ནམ་མཁའི་མཐའ་དང་མཉམ་པར་འཛམ་གླིང་ཤར་ནུབ་ཀུན་ཞབས་ཀྱིས་བཅག་ནས་འགྲོ་དོན་མ་ལུས་ལྷུན་གྱིས་འགྲུབ་པའི་ངང་སྐུ་གསུམ་བདེ་དགའི་རྒྱ་མཚོའི་ཀློངས་སུ་བདེ་བདེ་མཆིས་སམ་ལགས།།གུས་པ་བུ་སློབ་མགོན་པོ་སྐྱབས་རང་ཁྱིམ་བཀྲ་ཤིས་རབ་བརྟན་གླིང་གི་གཡང་གི་སྒོ་བཞི་འཛོམས་པའི་གནས་ཡུལ་ན།ལུས་བདེ་སེམས་བདེ་ངང་བླ་མ་བཟང་བོས་གནང་བའི་དམ་ཆོས་ཟབ་མོ་ཉམས་ལེན་ཅི་ཐུབ་ངང་བདེ་ཞིང་སྐྱིད་པའི་ངང་གནས་ལགས། འདིར་ཨ་བུ་རིན་པོ་ཆེ་མཆོག་ལ་ཞུ་བར་བྱེད་པའི་གཏམ་གྱི་སྙིང་བོ་ནི།གུས་བའི་བླ་མ་རིན་པོ་ཆེའི་སྐུ་ཚེའི་མི་འགྱུར་རྡོ་རྗེ་བཞིན་བརྟན་པ་དང་།འགྲོ་དོན་མ་ལུས་དཔག་མེད་དུ་རྒྱས་བའི་ལྷད་དུ་སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་སྟོང་ཚར་གཅིག་དང་རྡོ་རྗེ་གོ་ཁྲབ་ཚར་བརྒྱ།གུ་རུ་སིངྷི་ཚར་བརྒྱ།གེ་སར་རྩ་སྔགས་ཚར་བརྒྱ།སྒྲོལ་མའི་སྔགས་ཚར་བརྒྱ་བཅས་ཡོངས་སུ་འགྲུབ་པ་བྱས་ནས།དེ་རིང་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔའི་ཨེ་ཝྃ་སྨོན་ལམ་ཆེན་མོ་སྐབས་བརྒྱ་དང་ཞེ་བདུན་པའི་དུས་ཚིགས་ཁྱད་པར་ཅན་དང་སྐབས་དང་བསྟུན་བླ་མ་རིན་པོ་ཆེ་ལ་འབུལ་རྒྱུ་ལགས་ན། འདིའི་མཚོན་གྱི་དགེ་བའི་རྩ་བ་གང་ཡོད་ཐམས་ཅད་སྤྱིར་རིགས་དྲུག་སེམས་ཅན་ཐམས་ཅད་དང་།ཡང་སྒོས་བདག་ལ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེའི་སྐུ་གསུམ་རྡོ་རྗེའི་ངོ་བོ་རི་རབ་བཞིན་བརྟན་ཅིང་།།ཕྱོགས་བཅུའི་འགྲོ་དོན་མ་ལུས་བདེ་ལེགས་ངང་འགྲུབ་པ་བཅས་ཀྱི་ཆེད་དོན་དུ།བཀྲ་ཤིས་རྟགས་བརྒྱད་ཀྱིས་བརྒྱན་པའི་ཁ་བཏགས་དྲི་མ་མེད་པ་དང་བཅས་འབུལ་བར་ལགས་ན།ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་དེ་བཞིན་འགྲུབ་པར་བླ་མའི་སྐུ་གསུང་ཐུགས་གསུམ་དང་དབྱེར་མེད་པའི་རྩ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་འཕྲིན་ལས་སྩོལ་བའི་བྱིན་རླབས་བཅས། སྒོ་གསུམ་གུས་པ་ཆེན་པོའི་གསོལ་བ་འདེབས་པར་ཞུ་ཞུ་ཞུ། བོད་རྒྱལ་ལོ་༢༡༥༡་ས་ག་ཟླ་བའི་ཚེས་ཆེན་༡༥ཉིན་རང་ཤག་བཀྲ་ཤིས་རབ་བརྟན་གླིང་ནས་བུ་སློབ་མགོན་པོ་སྐྱབས་ཀྱིས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།

  • May 2024

    རིང་ནས་སྙིང་དུ་གཉེར་བའི་རྩ་བརྒྱུད་བླ་མའི་ཞལ་རྒྱུན་བཀའ་གཏེར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ། རྒྱུད་ཐམས་ཅད་ཀྱི་ཡང་སྙིང་། ལུང་ཐམས་ཅད་ཀྱི་ཕྱི་མོ། འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཉིང་ཁུ་ཐམས་ཅད་གཅིག་ཏུ་བསྡུས་པ། ཟབ་ལམ་འོད་གསལ་རྫོགས་པ་ཆེན་པོའི་གནད་དོན་ཀུན་ཕྱོགས་གཅིག་ཏུ་འདུས་པ། ཀུན་མཁྱེན་བརྒྱུད་པའི་འདྲ་འབག་རིན་པོ་ཆེའི་བཀའ་ལུང་མན་ངག་ཐམས་ཅད་བུམ་པ་གང་བཤུས་ལྟར་ཆིག་རྒྱུད་དུ་ཐོབ་ཡུལ་གྱི་བླ་མ་སངས་རྒྱས་དངོས་དག་དག་ལས་གདོད་མའི་ལམ་རིམ་ཡེ་ཤེས་བླ་མ་ཐོབ་པ་འདི་ལྟར། ༼༡༽ ༧སྐྱབས་རྗེ་རྩེ་བའི་མཁན་ཆེན་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ། ༢༽ དྲིན་ཆེན་ཨ་མ་བཀའ་དྲིན་ཅན། ༣༽ ༸དིལ་མཁྱེན་རྡོ་རྗེ་འཆང་། ༤༽ ༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ། ༥༽ བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ། ༦༽ དགེ་མང་མཁན་ཆེན་དབང་རྒྱལ་རྣམ་གསུམ། ༧༽ ཀུན་གཟིགས་པཎ་ཆེན་པདྨ་ཚེ་དབང་དང་། ༨༽ མཁན་ཆེན་རྡོ་རྗེ་འཆང་བསོད་ནམས་ཚེ་དབང་དང་། ༩༽ མགོ་ཚ་ཕུར་བ་སྤྲུལ་སྐུ། ༡༠༽ རྫ་རྒྱལ་མཁན་ཆེན་འབུམ་པ་དང་། ༡༡༽ ཨ་འཛོམ་འབྲུག་སྤྲུལ་རྡོ་རྗེ་འཆང་དང་༡༢༽ མཁན་ཆེན་མུན་སེལ། ༡༣༽ སེ་ར་ཡང་སྤྲུལ་རྡོ་རྗེ་འཆང་། ༡༤༽ ཁྲོམ་དགེ་ཨ་རིག་རྡོ་རྗེ་འཆང་། ༡༥༽ གྲུབ་དབང་ལུང་རྟོགས་རྒྱ་མཚོ་དང་། ༡༦༽ མར་པ་ཆོས་དབྱིངས་རྡོ་རྗེ་དང་། ༡༧༽བྱ་བྲལ་སངས་རྒྱས་རྡོ་རྗེ། ༡༨༽ གྲུབ་དབང་པདྨ་ནོར་བུ། ༡༩༽ འཁྲུལ་ཞིག་རིན་པོ་ཆེ་དང་། ༢༠༽ སྒོ་ཆེན་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་དང་། ༢༡༽ ཀ་ཐོག་རིག་འཛིན་ཆེན་པོ་སོགས་ལས་ལེགས་པར་ཞུས་ནས་མི་ལོ་ཞེ་ལྔའི་རིང་ལ་ཉམས་ལེན་ཅི་ནུས་སུ་བྱས་པ་དང་། གཞན་ཡང་ངོས་ཀྱི་སློབ་མ་ཡང་ཤར་ལྷོ་ནུབ་བྱང་གི་དད་ལྡན་བརྒྱ་ཕྲག་དུ་མ་ལ་ཟབ་ཁྲིད་འབུལ་ནས་གྲོལ་བ་ཐོབ་ཡང་དུ་མ་བྱུང་བ་ནི་རང་གི་རང་ལ་ངོ་གནང་མི་དགོས་པ་སྐུ་འཚོ་བཞུགས་ཡོད་པ་དང་འདས་གྲོངས་སུ་སོང་བས་ཀྱང་འདས་རྟགས་བཞགས་གནང་བ་སོགས་དགའ་འོས་དང་ལོ་རྒྱུས་རང་བཞིན་ལྡན་པར་མཆིས་སོ། དམིགས་བསལ་ནི་རང་ལ་སངས་རྒྱས་དངོས་སུ་མཐོང་འཁན་ཡོངས་ལ་ལེགས་སྐྱེས་ཐམས་ཅད་ཀྱི་རྒྱལ་པོ། བྱིན་རླབས་ཐམས་ཅད་ཀྱི་རྩ་བ། དངོས་གྲུབ་ཐམས་ཅད་ཀྱི་སྙིང་ཐིག་ཡིན། དེས་ན་ས་ག་ཟླ་བའི་དབང་ཚེས་ཚེས་གཅིག་ནས་ཡར་ཚེས་བཅོ་བར་ཨ་རི་ནས་ཤིང་ཀུན་བར་དུ་དད་གུས་དག་སྣང་ཅན་སྦས་གསང་མེད་པར་དབང་ཁྲིད་མན་ངག་ཡེ་ཤེས་བླ་མའི་ཟབ་ལམ་འོད་གསལ་རྫོགས་པ་ཆེན་པོའི་དོན་ཁྲིད་འདེབས་བཞིན་ཡོད། དེས་ད་སྐབས་ཨེ་ཝྃ་པའི་སློབ་གཙང་འགའ་ལ་ས་ག་ཟླ་བའི་ཉ་ལ་རིག་པའི་རྩལ་དབང་དང་ཟབ་ཁྲིད་རྒྱས་པར་འབུལ་འཆར་ཡིན། དེས་ན་རིགས་དང་སྐལ་བཟང་རྣམ་པ་ལེགས་པར་ཕེབས་དང་སྙིང་གི་མན་ངག སེམས་ཀྱི་བདུད་རྩི། སངས་རྒྱས་ཀྱི་ཞལ་བཟང་། ཚེ་གཅིག་སངས་རྒྱས་ཐོབ་པའི་དམ་ཆོས། ཀུན་མཁྱེན་གྱི་གསང་གསུམ་མཇལ་འདོད་ཡོད་པ་ཚོ་ཕེབས་ཤོག།་་་་་་་ ——–ཨེ་མ་ཧོས

  • May 2024

    ༈ གུ་རུ་རིན་པོ་ཆེའི་ཚེས་བཅུའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཐིག་ལེ་ཞེས་བྱ་བ་ནི།

    ༈ གུ་རུ་རིན་པོ་ཆེའི་ཚེས་བཅུའི་རྣམ་ཐར་གསོལ་འདེབས་བྱིན་རླབས་ཐིག་ལེ་ཞེས་བྱ་བ་ནི། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སངས་རྒྱས་སྣང་བ་མཐའ་ཡས་སྐུ་ལས་སྤྲུལ། །འགྲོ་འདུལ་སྤྱན་རས་གཟིགས་དབང་གསུང་གི་འོད། །རྒྱལ་སྲས་ཀུན་གྱི་ཐུགས་ཀྱི་གསང་བ་འཛིན། ། གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །གདོད་ནས་རང་བྱུང་མགོན་པོ་བདེ་བ་ཆེ། །སྲིདཞིའི་ཁྱབ་བདག་ཀུན་བཟང་གསང་བ་འདུས། །ཐོད་ཕྲེང་རྩལ་འཆང་ལོངས་སྤྱོད་ཡོངས་རྫོགས་སྐུ། ། སྤྲུལ་བསྒྱུར་བསམ་ཡས་འགྱེད་ལ་གསོལ་བ་འདེབས། །དུས་ཆེན་བཅུ་གཉིས་ཡར་ངོའི་ཚེས་བཅུ་ལ། །རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་སྐུས། །ཡན་ལག་བཅུ་གཉིས་གསུང་རབ་ཆོས་འཁོར་བསྐོར། །བདེ་དོན་བཅུ་གཉིས་ཐུགས་རྗེའི་ཡེ་ཤེས་རྒྱས། །མཚན་གྱི་རྣམ་གྲངས་ངོ་མཚར་བཅུ་གཉིས་གྲགས། ། རྨད་བྱུང་མཛད་པ་ཆེན་པོ་བཅུ་གཉིས་བསྟན། །དངོས་གྲུབ་བཅུ་གཉིས་བསྐལ་པ་བཞིན་དུ་སྩོལ། །རྣམ་ཐར་རྗེས་སུ་དྲན་པས་གསོལ་བ་འདེབས། །སྤྲེལ་ཟླའི་ཚེས་བཅུར་དྷ་ན་ཀོ་ཤའི་མཚོར། །ངོ་མཚར་རང་བྱུང་པདྨའི་སྙིང་པོར་འཁྲུངས། །མཚོ་གླིང་མཁའ་འགྲོ་རྣམས་ལ་ཆོས་འཁོར་བསྐོར། །གུ་རུ་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས། །ནད་གདོན་བགེགས་དང་འགལ་རྐྱེན་བར་ཆད་ཞི། །ཚེ་བསོད་དཔལ་རྒྱས་ཉམས་རྟོགས་མངོན་ཤེས་འཆར། །གུ་རུའི་ཞལ་མཐོང་ཆོས་ཐོས་དཔལ་གྱི་རིར། ། སྐྱེས་ནས་ཐུགས་ཀྱི་སྲས་འགྱུར་བྱིན་གྱིས་རློབས། །སྟག་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་སར་ ཕེབས། །ཨིནྡྲ་བྷཱུ་ཏིའི་སྲས་ཀྱི་སྐལ་བར་མཛད། །འོད་འཆང་ཁབ་བཞེས་འཁོར་ལོས་སྒྱུར་རྒྱལ་གྱུར། །གུ་རུ་པདྨ་རྒྱལ་པོར་གསོལ་བ་འདེབས། །གཟི་བརྗིད་སྟོབས་རྒྱས་ནད་རིགས་འབྱུང་འཁྲུག་ཞི། །དབང་ལྔ་ལས་རུང་ཡིད་བདེ་སྤོབས་པ་མྱུར། །མི་དང་མི་མིན་རླུང་སེམས་དབང་དུ་འདུས། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། ། ཡོས་ཟླའི་ཚེས་བཅུར་རྐྱེན་དང་བརྡས་བསྐུལ་ཏེ། །རྒྱལ་སྲིད་སྤངས་ནས་བསིལ་བའི་ཚལ་དུ་ཕེབས། །འབྲེལ་ཚད་དོན་ལྡན་སྦྱོར་སྒྲོལ་བརྟུལ་ཞུགས་གྲུབ། །ཤཱནྟ་རཀྵི་ཏ་ལ་གསོལ་བ་འདེབས། །མངའ་ཐང་ལོངས་སྤྱོད་འཕེལ་ཞིང་རྐང་འགྲོས་འདུ། ། འགྲོ་ཀུན་དབང་འདུས་གཞི་བདག་བྲན་བཞིན་ཉན། །རྨི་ལམ་རྟགས་མཚན་བཟང་པོར་མཐོང་བ་དང༌། །གྲུབ་གཉིས་གཏེར་ཁ་བརྡོལ་བར་བྱིན་གྱིས་རློབས། །འབྲུག་ཟླའི་ཚེས་བཅུར་ཀུན་དགར་རབ་ཏུ་བྱུང༌། །ཤེས་བྱ་མཐར་ཕྱིན་མཁས་གྲུབ་དུ་མ་ལས། །མདོ་སྔགས་ཀུན་ཆུབ་ཤཱཀྱ་སེང་གེར་གྲགས། །བློ་ལྡན་མཆོག་སྲེད་ཞབས་ལ་གསོལ་བ་འདེབས། །འཆི་བདག་གཟའ་བདུད་སྡེ་བརྒྱད་གནོད་འཚེ་ཞི། །ཚུལ་ཁྲིམས་རྣམ་དག་བསླབ་གསུམ་ཡོངས་སུ་རྫོགས། །རིག་པའི་གནས་དང་མདོ་རྒྱུད་ཐམས་ཅད་ལ། །མཁྱེན་རབ་ཕྱོགས་མེད་རྒྱས་པར་བྱིན་གྱིས་རློབས། །སྦྲུལ་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་པོ་ཡིས། །མེར་བསྲེགས་མཚོར་སྒྱུར་པད་སྡོང་དབུས་སུ་བཞུགས། །ལྷ་ལྕམ་ཡུམ་བསྟེན་རྡོ་རྗེའི་སྐུ་རུ་གྱུར། ། འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །གཟའ་སྐར་ཕྱོགས་ངན་དགྲ་རྐུན་གནོད་འཚེ་ཞི། །གཞི་བྱེས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་འཕེལ། ། དཀར་ཕྱོགས་སྲུང་མས་རྟག་ཏུ་སྡོང་གྲོགས་མཛད། །བསམ་རྒུ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྟ་ཟླའི་ཚེས་བཅུར་ཨོ་རྒྱན་བདུད་བློན་གྱིས། བསྲེགས་ཀྱང་མ་ཚིག་ངོ་མཚར་རྫུ་འཕྲུལ་བསྟན། །བཀའ་འདུས་ཆོས་བསྟན་འཁོར་བཅས་བྱང་ཆུབ་བཀོད། །པདྨ་བཛྲ་རྩལ་ལ་གསོལ་བ་འདེབས། །བདུད་སྡེ་ལྷ་མིན་གདུག་པའི་ས་བདག་ཀླུའི། །གནོད་པ་ཀུན་ཞི་བགོ་བའི་བཀའ་ལ་ཉན། །ཆོས་སྐྱོང་སྲུང་མས་ཅི་བཅོལ་ལས་སྒྲུབ་ཅིང་། །འགོ་བའི་ལྷ་ཡིས་སྐྱོབ་པར་བྱིན་གྱིིས་རློབས། །ལུག་ཟླའི་ཚེས་བཅུར་རྒྱ་གར་ལྷོ་ཕྱོགས་སུ། །མུ་སྟེགས་ལྷ་སྲུང་དང་བཅས་ཐལ་བར་བརླག །སངས་རྒྱས་བསྟན་པའི་རྒྱལ་མཚན་དགུང་དུ་ཕྱར། །སེང་གེ་སྒྲ་སྒྲོགས་རྩལ་ལ་གསོལ་བ་འདེབས། ། བར་ཆད་ཀུན་ཞི་ཚེ་དཔལ་ཡོན་ཏན་རྒྱས། །སྣང་བ་དབང་ འདུས་ཕས་རྒོལ་རྩད་ནས་ཆོམས། །བདུད་བཞི་ལས་རྒྱལ་ཁམས་གསུམ་འགྲོ་ཀུན་ལ། །སྦྱིན་བཏང་ཕན་ཡོན་ཐོབ་པར་བྱིན་གྱིས་རློབས། །བྱ་ཟླའི་ཚེས་བཅུར་ཟངས་གླིང་མུ་སྟེགས་ཀྱིས། །གངྒཱའི་ཆུར་བསྐྱུར་གར་མཛད་ཆུ་བཟློག་པས། །གནས་ཡུལ་ཉེན་ཚེ་སྐྱབས་གསོལ་བསྟན་ལ་བཀོད། །གུ་རུ་མཁའ་ལྡིང་རྩལ་ལ་གསོལ་བ་འདེབས། །གཅོང་ནད་ཀུན་བྱང་འཁོར་མང་ བསམ་དོན་འགྲུབ། །བང་མཛོད་འབྲུ་དང་མཁོ་རྒུའི་ཡོ་བྱད་འཕེལ། །སེམས་བདེ་ངག་ལ་ནུས་པ་འབར་བ་དང་།…

  • May 2024

    ༄༅།།གླིང་སྤྱི་དཔོན་དཔེ་མཛོད་ཁང་།།

    ༄༅།།གླིང་སྤྱི་དཔོན་དཔེ་མཛོད་ཁང་།། ཨེ་མ་ཧོ༔ སྙིང་རྗེ་ཆེན་པོས་རིང་ལུགས་སྲོག་བཞིན་འཛིན།། ཤེས་རབ་ཆེན་པོས་འཁོར་འདས་རིག་མཛོད་སྐྱོང་།། རྫོགས་པ་ཆེན་པོས་བསྟན་པ་ཡང་དག་སྤེལ།། ཨེ་ཝྃ་རིག་པའི་གླིང་ཀར་རྒྱལ་གྱུར་ཅིག། ཤྲཱིཿ གླིང་པས་སོ།། 19/5/2024