• September 2019

    དེ་རིང་ནི་ངོས་ནས་དམིགས་བསལ་གྱིས་དུས་ཚོད་ལ་གཏན་ཁེལ་བ་ཞིག་མ་བྱུང་ན་ཡང།

    དེ་རིང་ནི་ངོས་ནས་དམིགས་བསལ་གྱིས་དུས་ཚོད་ལ་གཏན་ཁེལ་བ་ཞིག་མ་བྱུང་ན་ཡང། ཤིན་ཏུ་གལ་ཆེན་པོ་ནི་༧སྐྱབས་རྗེ་དམ་པ་སློབ་དཔོན་ཆེན་མོ་སྣ་ཚོགས་གཟུགས་ཅན་དང་མཉམ་དུ་སྤྲོ་སངས་ལ་རོལ། ཕྱི་ནང་གི་འཛམ་གླིང་ན་ཆེས་དཀོན་པའི་སྙིང་ཐིག་བརྒྱུད་པའི་དཀྱིལ་འཁོར་དང་ཐང་ཙཀ་དང་། རྩི་ཤིང་མེ་ཏོག་ལ་ཁྲི་ཕྲག་ལ་ལྟ་བསྐོར་དང་ཆུང་ཕ་མས་བྱམས་སྐྱོང་དང་སྙིང་གྲོགས་བར་གྱི་ནང་ཚེགས་ཀྱི་གཏམ་གླེང་གི་འཛད་མཐའ་དབེན་པའི་དགའ་སྟོན་ལ་རོལ་ནས་མི་ཚེའི་ནང་གི་སྐྱིད་ཤོས་བྱུང་། ཁྱད་པར་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཆོས་འབྱུང་དང་། བསྙེན་སྒྲུབ་ཕྲིན་ལས་ཀྱི་བཀའ་གཏེར་གྱི་དབང་ཆས་ཆ་ཚང་གནང་བ་ལ་ཡང་བཀའ་དྲིན་ཆེ་ཞུ་བཅས་ཉིན་གང་བོར་གར་སོང་ཡང་མ་གོ་བར་བདེ་མྱུར་ངང་ཨེ་ཝཾ་རིགས་སྔགས་གླིང་དུ་མཆིས་སོ།།

  • September 2019

    སེངྒ་གླིང་ལ་བདེ་བར་འབྱོར་སོང་།

     སེངྒ་གླིང་ལ་བདེ་བར་འབྱོར་སོང་།ང་ནི་དང་པོའི་སངས་རྒྱས་ཡེ་ཤེས་ཡིན།།ཨེ་མ་ཧོ།།དང་པོ་བསྟོད་ནས་གནམ་ལ་བཀྱགས་འཁན་མེད།།བར་དུ་སྨད་ནས་ས་འོག་གནོན་འཁན་མེད།།ཐ་མ་བསླུས་ནས་གཤིན་ཡུལ་དེད་འཁན་མེད།།ང་ནི་དང་པོའི་སངས་རྒྱས་ཡེ་ཤེས་ཡིན།།གངས་ཅན་བོད་པ་ཁོ་ནའི་ནོར་བུ་མིན།།ཤི་གསོན་བསླུ་མཁས་དཀོར་གཟན་ཕག་རྒན་མིན།།ཆབ་སྲིད་རྫུན་མའི་གཡོ་འཕྲུལ་མགོ་སྐོར་མིན།།ང་ནི་གཏེར་ཆེན་པདྨ་དྲག་གླིང་ཡིན།།ཨོ་རྒྱན་པད་འབྱུང་མ་གཏོགས་བླ་མ་མེད།།བསླུ་མེད་མཆོག་གསུམ་མ་གཏོགས་རེ་ས་མེད།།སྙིང་གི་གྲོགས་པོ་བསླུས་པའི་གཏམ་རྒྱུད་མེད།།ང་ནི་བདེན་པ་ཡིད་བཞིན་ནོར་བུ་ཡིན།།སུ་ཞིག་ཡིད་མ་ཆེས་ཀྱང་རེ་དྭོགས་མེད།།གང་ཞིག་གཡོ་འཁྲུལ་མོད་ཀྱང་སྡང་ཞུགས་མེད།།རང་དང་སྐལ་བ་མཉམ་པའི་གྲོགས་རྣམས་ལ།།རང་གཤིས་མ་འདྲིས་བདེན་པ་སྨྲ་བ་ལགས།།ཀརྨ་ནོར་བུས་ངོར་ཤྲཱིས་སོ།།

  • September 2019

    གངས་ལྗོངས་བོད་ལ་ཐོན་སོང་།

    གངས་ལྗོངས་བོད་ལ་ཐོན་སོང་།ངོས་ནི་རང་ཉིད་ཆུང་དུས་སུ་ལྟེ་ཁྲག་དོར་སའི་ཕ་ཡུལ་མཐོང་སོང་། དང་པོ་ཡུ་རོབ་ཧྥ་རན་སིའི་རྒྱལ་ས་དཔལ་རིས་ནས་བྷེ་ལིན། ར་ཤན་གྱི་མོ་སི་ཁོ་དང་། མོ་གོ་ལ་སྟེ་ཕྱི་སོག་དང་ནང་སོག་གི་སར་གནས་དང་། མཚོ་སྔོན་པོ་དང་ཀན་སིའི་ལན་དྲུས་ནས་ཧྲཱིན་དྲོན། དི་ཤེ། ཕྱིན་སོང་། དགའ་སྐྱོ་ཟུང་གིས་མནར་སོང་། མི་ལོ་ཉི་ཤུའི་ཡར་སྔོན་ན་གནས་དབེན་པ་དང་ཆུ་གཙང་ས་གཙང་གི་བདེ་སྐྱིད་ལྡན་པའི་དགིན་གནས་དེ་དག་ཕལ་མོ་ཆེ་རྒྱ་མིའི་ཨར་འདམ་གྱིས་བཀང་ཞིང་བཟོས་མ་མང་པོ་དང་ས་བརྫེད་སྣུམ་ལམ་དང་ལྕགས་ཁང་མང་པོས་རི་ལུང་བཀངས། སྔོན་དམ་པའི་གོང་མའི་གདན་ས་དང་ལྷ་ཁང་ཆུང་ཆུང་གྱང་ཁང་དང་སྤྱིལ་བུ་དེ་ཚོ་ད་ནི་གྲོང་ཁྱེར་ཕོ་མོ་འདོད་རྔམས་ཅན་ཚིས་སྡོད་ཁང་བཞིན་དུ་བསྒྱུར་འདུག གནམ་ཐང་དང་མེ་འཁོར་ས་ཚིགས་ནང་བཞིན་དུ་དགོན་སྡེ་རིགས་ལོག་པ་མ་ཡིན་ནམ། སྔོན་གྲྭ་བ་ལོག་པ་ངོ་ཚ་རྩི་ན་དེང་དུས་དགོན་པ་ལོག་པ་ལ་ངོ་ཚ་ཡིན་པ་ཤེས་ཀྱིན་མི་འདུག ད་དུང་རླངས་འཁོར་བླ་བྲང་འགྲན་པ་སོགས་ཡོད་པ་གོ་ཐོས་དག་དོན་ལ་གནས་ན་ཅི་འདྲའི་སེམས་ཕམ་པ་ལའང་། འདི་དག་གིས་གང་ཞིག་མཚོན་གྱིན་ཡོད་ན་སྣོད་བཅུད་གཏོར་བརླགས་སོང་བ་འདི་རིགས་སྐྱོ་འོས་པ་ཞིག་ཅི་ལ་མིན། གང་ལྟར་བླ་མ་ཨོ་རྒྱན་་ཆེན་པོ་ལ་གསོལ་འདེབས་དང་ཡི་དམ་རྫོགས་ཆེན་དུས་འཁོར་དང་། མཁའ་འགྲོ་སྒྲོལ་མ་ཉེར་གཅིག་ལ་གསོལ་འདེབས་དང་ཆོས་སྐྱོང་གེ་སར་ལ་གསོལ་མཆོད་བཏངས་ནས་བསྟན་བུ་ཚར་གསུམ་དང་བཟང་སྤྱོད་སྨོན་ལམ་བཅས་ཞི་བདེ་ལྷང་འཇགས་ངང་རྒྱལ་ཁབ་དང་འགཉརོ་བ་སེམས་ཅན་ཡོངས་ལ་རྣམ་མཁྱེན་ཐོབ་པའི་ཕྱིར་བསྔོ་སྨན་སོགས་ཆུ་ཚོད་བཅུ་གསུམ་བར་དུ་བྱས། ཧོང་ཀོང་ངམ་ཤིང་ཀུན་ལ་བདེ་བར་ཕྱིན་ཏོ།།

  • September 2019

    གུ་རུ་རྒྱལ་བ་རིགས་ལྔའི་གསོལ་འདེབས་ཙིཏྟ་མ་ཎི་ཀ།

    གུ་རུ་རྒྱལ་བ་རིགས་ལྔའི་གསོལ་འདེབས་ཙིཏྟ་མ་ཎི་ཀ།ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ།།༼༡༽ཨོཾ་དབྱིངས་ངོ་བོ་ཀ་དག་སྤྲོས་བྲལ་ལས༔ཨཱཿདབྱངས་རང་བཞིན་ལྷུན་གྲུབ་འོད་གསལ་དཔལ༔ཧཱུཾ་ཉིད་ཐུགས་རྗེའི་རྩལ་སྣང་སྤྲུལ་པའི་སྐུ༔སྐུ་གསུམ་ཀུན་འདུས་པདྨ་འབྱུང་གནས་མཁྱེན༔ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔༼༢༽བཛྲ་སེམས་དཔའ་ཆེན་དང་མ་མ་ཀི༔གུ་རུ་རཏྣ་དཔལ་དང་སངས་རྒྱས་སྤྱན༔པདྨ་སྣང་བ་མཐའ་ཡས་གོས་དཀར་མོ༔ཞི་རྒྱས་གར་དབང་རྒྱལ་པོར་གསོལ་བ་འདེབས༔ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔༼༣༽སིདྡྷི་དོན་ཡོད་གྲུབ་དང་དམ་ཚིག་སྒྲོན༔ཧཱུཾ་མཆོག་རྣམ་པར་སྣང་མཛད་དབྱིངས་ཕྱུག་མ༔གུ་རུ་རྒྱལ་བ་རིགས་ལྔར་གསོལ་བ་འདེབས༔འབྲས་ཆོས་ཉེར་ལྔའི་དགོངས་པ་མཐར་ཕྱིན་ཤོག༔ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ཞེས་པ་འདི་ཡང་རབ་གནས་ས་ཕག་སྟོན་ཟླ་འགོ་མའི་ཡར་ངོའི་ཚེས་བཅུ་ལ་རིག་འཛིན་ཨེ་མ་ཧོས་སྙིང་དབུས་མི་ཕྱེད་དད་པའི་ཡིད་མཚོ་ལས་བྱུང་བར་བཞིན་ཨེ་ཝཾ་ཡོ་ག་ཆོས་ཚོགས་ནས་གསོལ་བར་འདེབས་པར་དགེའོ།།

  • September 2019

    གསོལ་འདེབས་ཀུན་བཟང་རྒྱལ་པོ།

    གསོལ་འདེབས་ཀུན་བཟང་རྒྱལ་པོ།ཨེ་མ་ཧོ།།འོད་གསལ་འཇའ་ལུས་གྲུབ་པའི་སེངྒེ་དབང་ཕྱུག།ཕྱི་ནང་གསང་བའི་ཞིང་ཁམས་གང་དུ་བཞུགས་ཀྱང་།།གསོལ་འདེབས་བུ་ལ་བྱིན་རླབས་མྱུར་ཏུ་སྩོལ་ནས།།ཟག་བཅས་འོད་ལུས་གྲུབ་པའི་དངོས་གྲུབ་སྩོལ་ཅིག།དྲན་པའི་ངོ་བོ་རང་བྱུང་ཟང་ཐལ་འཇའ་འོད་ཕུང་པོ།།ཨེ་ཝཾ་ཡེ་ཤེས་རང་བཞིན་ལྕེ་བཙུན་སེངྒེ་དབང་ཕྱུག།ཐུགས་རྗེ་རྣམ་དག་རྒྱལ་བ་ཉིད་དང་མཉམས་ཏེ།།གྲོལ་བ་རྣམ་བཞིའི་འཁོར་བ་དོང་སྤྲུགས་སྨོན་ནོ།།མཚུངས་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གིས།།སྙིང་ཐིག་ཟབ་མོའི་གདམས་ངག་ལན་གསུམ་གནང་བའི།།བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་དྲན་ཚེ།།ལས་རླུང་སྲིད་གསུམ་གྲོང་ལ་ཡ་ང་མི་འདུག།རིག་འཛིན་མཁའ་འགྲོའི་ཐུགས་ཐིག་ཞལ་རླུང་མ་ཡལ།།དབང་སྐུར་རིག་པའི་ཡེ་ཤེས་རྗེན་གཅེར་གསུང་པའི།།བཀའ་དྲིན་འཁོར་མེད་བླ་མའི་རྣམ་ཐར་དྲན་ཚེ།།ཨེ་ཝཾ་ཉི་ཟླའི་དཀྱིལ་འཁོར་སྙིང་ནས་ཤར་འདུག།སྐུ་མཆོག་རྒྱལ་ཀུན་འདུས་པའི་རྩ་བའི་བླ་མ།།གསུང་དབྱངས་གདམས་པའི་མན་ངག་ཡིད་བཞིན་ནོར་བུ།།ཐུགས་ཡིད་རང་བྱུང་རིག་པ་དབྱེར་མེད་རྟོགས་པ།།དུས་གསུམ་རྒྱལ་ཀུན་ངོ་བོ་གཞན་ན་མི་འདུག།ཨེ་མ་དགའ་བོ་སྐྱིད་དོ་སྐལ་བཟང་ཉི་མ།།མ་ལུས་འགྲོ་ཀུན་ཕན་བདེའི་ཟླ་བ་གཞོན་ནུ།།ཨ་ཧོ་འཁོར་འདས་ཚོགས་ཆེན་ཡེ་རྫོགས་རེད་འདུག།ཅེས་པ་རབ་གནས་ས་ཕག་ཟླ༧ཚེས་༡༠་ལ་རྗེ་བཙུན་མཁའ་འགྲོ་མ་དཀོན་མཆོག་གཡང་མཛེས་ངོར་ཨེ་མ་ཧོས་ཨེ་ཝཾ་ཡོ་ག་ཆོས་ཚོགས་ནས་གླུ་རུ་བླངས་པར་དགེའོ།། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།།

  • September 2019

    དེ་ཡང་བོད་ཟླ་བདུན་པའི་ཡར་ངོའི་ཚེས་པ་བཅུ་ནི་ལྕེ་བཙུན་སེང་གེ་དབང་ཕྱུག་འོད་ལུས་སུ་དེངས་པའི་དུས་ཆེན་ཡིན།

    དེ་ཡང་བོད་ཟླ་བདུན་པའི་ཡར་ངོའི་ཚེས་པ་བཅུ་ནི་ལྕེ་བཙུན་སེང་གེ་དབང་ཕྱུག་འོད་ལུས་སུ་དེངས་པའི་དུས་ཆེན་ཡིན། ཇི་སྐད་དུ། ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔སེངྒེ་དབང་ཕྱུག་ཉིད་དང་མཉམ་གྱུར་ནས༔གྲོལ་བ་རྣམ་བཞིས་འཁོར་བ་དོང་སྤྲུགས་ཤོག༔ ཅེས་དང་། ཨེ་མ་སྨྱོན་པ་སེང་དབང་ང་༔ ལས་ཀྱི་རླུང་ཟད་ཡེ་ཤེས་རྒྱས༔ མ་རིག་སྒོ་ངའི་སྦུབས་ལས་གྲོལ༔ རང་རིག་འོད་གསལ་སྦུབས་སུ་ཞུགས༔ སྒོ་གསུམ་གྱི་འཁྲུལ་པ་ཞིག་ཙ་ན༔ འཁྲུལ་གཞི་ཐམས་ཅད་ཡ་རེ་ཆ༔ འཁྲུལ་སྣང་གི་མདུད་པ་ཆོད་ཙ་ན༔ སེམས་འཛིན་ཟེར་བ་ཐང་རེ་ཆད༔ འཁྲུལ་པ་ཡེ་ཤེས་སུ་ཤར་ཙ་ན༔ དག་སྣང་ཐམས་ཅད་བསླུ་བའི་ཆོས༔ ཐམས་ཅད་དབྱིངས་སུ་ཐིམ་ཙ་ན༔ ཅི་ཡང་མ་ཡིན་ཅིར་ཡང་འཆར༔ ཨེ་མ་ཨེ་མ་དམ་པའི་སྐུ་དྲིན་ལགས༔ ཨེ་མ་འདའ་ཀའི་ཚིག་འདི་སྙིང་པོའི་དོན༔ སྙིང་ཕྱུང་ལག་མཐིལ་བཞག་པ་འདི་ལས་མེད༔ ཚིག་གི་ཐ་མ་དུས་མཐར་སྣང་བར་ཤོག༔ ཟག་པ་རང་ཟད་འབྱུང་བ་རང་སར་དེངས༔ དྲན་པ་རང་གྲོལ་ཟང་ཐལ་འོད་ཀྱི་ལུས༔ སེང་གེ་དབང་ཕྱུག་ཉིད་དང་མཉམ་གྱུར་ནས༔ གྲོལ་བ་རྣམ་བཞི་འཁོར་བ་དོང་སྤྲུགས་ཤོག༔ ཅེས་སོ།།གསོལ་འདེབས་ཀུན་བཟང་རྒྱལ་པོ།ཨེ་མ་ཧོ།།འོད་གསལ་འཇའ་ལུས་གྲུབ་པའི་སེངྒེ་དབང་ཕྱུག།ཕྱི་ནང་གསང་བའི་ཞིང་ཁམས་གང་དུ་བཞུགས་ཀྱང་།།གསོལ་འདེབས་བུ་ལ་བྱིན་རླབས་མྱུར་ཏུ་སྩོལ་ནས།།ཟག་བཅས་འོད་ལུས་གྲུབ་པའི་དངོས་གྲུབ་སྩོལ་ཅིག།དྲན་པའི་ངོ་བོ་རང་བྱུང་ཟང་ཐལ་འཇའ་འོད་ཕུང་པོ།།ཨེ་ཝཾ་ཡེ་ཤེས་རང་བཞིན་ལྕེ་བཙུན་སེངྒེ་དབང་ཕྱུག།ཐུགས་རྗེ་རྣམ་དག་རྒྱལ་བ་ཉིད་དང་མཉམས་ཏེ།།གྲོལ་བ་རྣམ་བཞིའི་འཁོར་བ་དོང་སྤྲུགས་སྨོན་ནོ།།མཚུངས་མེད་ཆོས་རྗེ་ཡིད་བཞིན་ནོར་བུ་ཡིས།།སྙིང་ཐིག་ཟབ་མོའི་གདམས་ངག་ལན་གསུམ་གནང་བའི།།བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་དྲན་ཚེ།།ལས་རླུང་སྲིད་གསུམ་གྲོང་ལ་ཡ་ང་མི་འདུག།རིག་འཛིན་མཁའ་འགྲོའི་ཐུགས་ཐིག་ཞལ་རླུང་མ་ཡལ།།དབང་སྐུར་རིག་པའི་ཡེ་ཤེས་རྗེན་གཅེར་གསུང་པའི།།བཀའ་དྲིན་འཁོར་མེད་བླ་མའི་རྣམ་ཐར་དྲན་ཚེ།།ཨེ་ཝཾ་ཉི་ཟླའི་དཀྱིལ་འཁོར་སྙིང་ནས་ཤར་འདུག།སྐུ་མཆོག་རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མ།།གསུང་དབྱངས་གདམས་པའི་མན་ངག་ཡིད་བཞིན་ནོར་བུ།།ཐུགས་ཡིད་རང་བྱུང་རིག་པ་དབྱེར་མེད་རྟོགས་པ།།དུས་གསུམ་རྒྱལ་ཀུན་ངོ་བོ་གཞན་ན་མི་འདུག།ཨེ་མ་དགའ་བོ་སྐྱིད་དོ་སྐལ་བཟང་ཉི་མ།།མ་ལུས་འགྲོ་ཀུན་ཕན་བདེའི་ཟླ་བ་གཞོན་ནུ།།ཨ་ཧོ་འཁོར་འདས་ཚོགས་ཆེན་ཡེ་རྫོགས་རེད་འདུག།མཁའ་འགྲོ་མ་དཀོན་མཆོག་གཡང་མཛེས་ངོར་ཨེ་མ་ཧོས་ཨེ་ཝཾ་ཡོ་ག་ཆོས་ཚོགས་ནས་གླུ་རུ་བླངས་པར་དགེའོ།། ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།།