མཁན་ཆེན་རྣམ་གཉིས་སྐུ་ཚེ་རིང་།
མཁན་ཆེན་རྣམ་གཉིས་སྐུ་ཚེ་རིང་།
༡
མཁྱེན་པའི་དབང་ཕྱུག་དམར་སེར་གཞོན་ནུ་བ།།
བརྩེ་བའི་བདག་ཉིད་ཕྱག་ན་པད་དཀར་འཛིན།།
ནུས་པའི་མཐུ་སྟོབས་ལག་ན་རྡོ་རྗེ་ཡིས།།
དགེ་མཚན་ལེགས་པའི་མེ་ཏོག་འཐོར་གྱུར༵་ཅི༵ག།
༢
སྤྱི་གཙུག་ཟླ་བ་འཛུམ་པའི་ལང་ཚོ་ཅན།།
ཤེལ་དཀར་པི་ཝང་སྟོང་ཉིད་སྒྲ་དབྱངས་མ།།
སྲིད་ཞིའི་ལེགས་ཚོགས་འགུག་པའི་རིག་བྱེད་ལྷ།།
ཚངས་སྲས་ངག་གི་བུ་མོས་ཤིས་གྱུར༵་ཅི༵ག།
༣
ཡ་གླིང་འཛིན་མའི་ཐིག་ལེ་གངས་ལྡན་རི།།
ཡབ་མེས་གདོང་དམར་སྤྲེའུ་བྱང་ཆུབ་རིགས།།
རྣམ་དཀར་ཆོས་ཀྱི་ལེགས་ཚོགས་འཕེལ་བའི་ཞིང་།།
ལུགས་གཉིས་གཙང་མས་ཀུན་ནས་ཤིས་གྱུར༵་ཅི༵ག།
༤
འདི་ན་རིགས་སྲས་གཙང་མའི་མི་བུ་ཟུང་།།
ལང་ཚོའི་མེ་ཏོག་ན་ཕྲ་ཤེས་རིག་གི།
སྒོ་ཐེམ་གཅིག་ལ་སྤོ་བའི་སློབ་བུ་གཉིས།།
མདངས་བརྩེ་མི༵་འ༵གྱུར་པདྨ་དཀར་པོ་ཡི༵ན།།
༥
དང་པོར་འཛུམ་གྱིས་ཁེངས་བའི་མེ་ཏོག་ཟུང་།།
བར་དུ་རྡོ་རྗེ་ཆོས་ཀྱི་སྤུན་གྲོགས་ཟུང་།།
ཐ་མར་ཐུགས་འདུན་གཅིག་པའི་སློབ་དཔོན་ཟུང་།།
བརྩེ་བ་མི༵་འ༵གྱུར་གསེར་གྱི་ཟམ་པ་ཡི༵ན།།
༦
མེས་པོའི་ཀ་ཁ་ག་ངའི་གདངས་དབྱངས་གཅིག།
མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གཅིག།
དམ་ཆོས་བདུད་རྩིར་རོལ་བའི་ལས་སྐལ་གཅིག།
སྨོན་འདུན་མི༵་འ༵གྱུར་གངས་ཀྱི་ལྷུན་པོ་ཡི༵ན།།
༧
རིགས་བརྒྱའི་ཁྱབ་བདག་བླ་མའི་ཐུགས་ཀྱི་བུ།།
ངུར་སྨྲིག་རྒྱལ་མཚན་གསོལ་བའི་བཙུན་ཆུང་ཟུང་།།
ཐོས་བསམ་ནོར་གྱིས་ཕྱུག་པའི་རིག་སྨྲ་བ།།
དམ་བཅའ་མི༵་འ༵གྱུར་ཐུགས་འདུན་ཨ་ལོང་ཡི༵ན།།
༨
བསྟན་ལ་ལྷག་བསམ་དཀར་བ་དུང་གི་ཟླ།།
འགྲོ་ལ་སྙིང་རྗེ་དཀར་བ་འོ་མའི་མཚོ།།
ཀུན་ལ་བརྩེ་སེམས་དཀར་བ་ལྷ་ཡི་དར།།
དུངས་སེམས་མི༵་འ༵གྱུར་དངུལ་གྱི་མེ་ཏོག་ཡི༵ན།།
༩
རྨོངས་སད་ཞོགས་པའི་དྲིལ་བརྡ་གཅིག་ལ་འཕྲེངས།།
རྟོགས་སད་རིག་པའི་རྒྱངས་གླུ་མཉམ་དུ་བཞེངས།།
ཉམས་སད་ཆོས་ཉིད་རིག་པའི་རྩལ་ལ་དགྱེས།།
ནང་སེམས་མི༵་འ༵གྱུར་གསེར་གྱི་ཁྱུང་ཆེན་ཡི༵ན།།
༡༠
སྐད་ཡིག་ཟུང་འཇུག་རིས་འགྲེལ་མིང་གི་མཛོད།།
གནའ་དེང་ཟུང་འཇུག་འཚེ་མེད་ལུགས་གཉིས་སྲོལ།།
མདོ་སྔགསས་ཟུང་འཇུག་ཐེག་གསུམ་འགལ་མེད་རྟོགས།།
ལྟ་གྲུབ་མི༵་འ༵གྱུར་གངས་ཀྱི་སེང་གེ་ཡི༵ན།།
༡༡
སྐད་གཉིས་ཐོགས་མེད་སྨྲ་བའི་ལོ་ཙཱ་བ།།
ཚན་རྩལ་ལྟ་གྲུབ་གླེང་བའི་བསམ་བློ་བ།།
ཞི་དུལ་རྒྱན་གྱིས་མཛེས་པའི་འདུལ་འཛིན་པ།།
རང་ཚུགས་མི༵་འ༵གྱུར་རྒྱ་སྟག་དར་མ་ཡི༵ན།།
༡༢
མཁས་པའི་སྙན་པ་འཛམ་གླིང་ཤར་ནུབ་ཁྱབ།།
བཙུན་པའི་མིག་དཔེ་གངས་ཅན་རི་ན་འཕགས།།
བཟང་པོའི་མཛད་པ་མི་ནུབ་རྒྱལ་མཚན་ཆེ།།
ནམ་ཡང་མི༵་འ༵གྱུར་སྙན་གྲགས་འབྲུག་སྒྲ་ཡི༵ན།།
༡༣
འཛམ་གླིང་གོ་ལ་ཅན་དུ་གྱུར་ན་ཡང་།།
མཇལ་འཕྲད་ལག་འཇུ་དྲོན་མོ་ཡོད་ན་ཡང་།།
ནང་སེམས་གཡོ་སྒྱུའི་ཁུག་མ་ཆེན་པོ་ཞིག།
མཆོ༵ག་གཉི༵ས་མཇལ་འཕྲད་མཛའ་མཐུན་མེ་ཏོག་ཡི༵ན།།
༡༤
མི་རིགས་འཆམ་མཐུན་ཅན་དུ་གྱུར་ན་ཡང་།།
སྐྱིད་སྡུག་ལག་རྡང་གཅིག་ཏུ་འདྲེས་ན་ཡང་།།
ནང་སེམས་ཕྱོགས་ཞེན་གཡོ་སྒྱུའི་རྒྱ་མ་ཞིག།
མཆོ༵ག་གཉི༵ས་འཆམ་མཐུན་བདེན་པའི་ལམ་བུ་ཡི༵ན།།
༡༥
སྤྱི་ཚོགས་འདྲ་མཉམ་ཁེ་དབང་གཅིག་ན་ཡང་།།
ཕོ་མོ་འདྲ་མཉམ་ལས་དབང་གཅིག་ན་ཡང་།།
ནང་སེམས་རྫུན་གྱི་རྨི་ལམ་འཐུག་པོ་ཞིག།
མཆོ༵ག་གཉི༵ས་འདྲ་མཉམ་གསལ་བའི་མེ་ལོང་ཡི༵ན།།
༡༦
འགའ་ཞིག་རྙིང་ཞེན་གཏན་ཚུགས་ཆེ་ན་ཡང་།།
འགའ་ཞིག་གསར་བྱུང་བསམ་བློ་གསར་ན་ཡང་།།
ནང་སེམས་ཕྱོགས་ལྷུང་རྐང་བ་ཡ་གཅིག་པ།།
མཆོ༵ག་གཉི༵ས་གསར་རྙིང་འགལ་མེད་རྐང་གཉིས་ཡི༵ན།།
༡༧
གསར་རྙིང་རྩོད་པའི་དུས་རབས་བརྒལ་ན་ཡང་།།
ཆོས་སྲིད་རྩོད་པའི་སྲོལ་ངན་ནུབ་ན་ཡང་།།
ནང་སེམས་ཆགས་སྡང་མེ་ལྕེ་ནད་པ་ཞིག།
མཆོ༵ག་གཉི༵ས་རིས་མེད་ལྟ་གྲུབ་སྒམ་དཀྱེལ་ཡི༵ན།།
༡༨
སྐད་ཡིག་དགོས་མེད་སྨྲ་བ་མང་ན་ཡང་།།
ཆོས་ལུགས་མཁོ་མེད་ལྟ་བ་མོད་ན་ཡང་།།
ནང་སེམས་རྨོངས་པའི་མུན་པའི་མཚན་ཞགས་ཤིག།
མཆོ༵ག་གཉི༵ས་རྟོགས་སད་རིག་པའི་དཔའ་བོ་ཡི༵ན།།
༡༩
རྙིང་བ་ལྷ་ཡི་སྲོལ་དུ་འཛིན་ན་ཡང་།།
གསར་བ་བདུད་ཀྱི་འཕྲུལ་དུ་སེམས་ན་ཡང་།།
ནང་སེམས་འགལ་འདུའི་མེ་ཆུ་ཁ་སྤྲོད་ཅིག།
མཆོ༵ག་གཉི༵ས་འགལ་མེད་ཐབས་ཤེས་ཟུང་འཇུག་ཡི༵ན།།
༢༠
མ་ཞང་བློན་ཆེན་གསོན་པོར་དོང་ལ་གཡུགས། །
མཁན་ཆེན་ཞི་བ་འཚོ་ཡང་ཕྱི་ལ་བསྐྲད། །
ལོ་ཆེན་བཻ་རོ་ཙཱ་ན་ས་མཐར་སྤྱུགས། །
མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །
༢༡
ལུང་ཤར་ཚེ་རྒྱལ་མིག་གཉིས་ས་ལ་བྲུས།།
དགེ་འདུན་ཆོས་འཕེལ་མཆོག་ཀྱང་བཙོན་ནས་བསད།།
རྒྱལ་དབང་བཅུ་གསུམ་པ་ཡང་ལྐོག་ནས་གྲོངས། །
མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །
༢༢
མི་ལ་རས་པའི་ཞལ་དུ་དུག་ཞོ་དྲངས།།
རྭ་སྒྲེང་རིན་པོ་ཆེ་ཡང་ནང་ནས་བསད།།
གོང་ས་རྒྱལ་བའི་ཡབ་ཀྱང་དུག་གིས་གྲོངས། །
མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །
༢༣
མཁས་པས་བཤད་ན་བླུན་པོས་སྟོང་གཏམ་ཟེར།།
བླུན་པོས་བཤད་ན་མཁས་པས་ཉོག་གཏམ་ཟེར།།
མཁས་བླུན་འགལ་འདུ་རྩོད་པའི་གངས་ཅན་པ།།
མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །
༢༤
གྲྭ་བས་བཤད་ན་གྲོང་བར་ལྟ་ལོག་ཟེར།།
གྲོང་བས་བཤད་ན་གྲྭ་བར་དཀོར་ཟན་ཟེར།།
གྲྭ་གྲོང་རྩོད་པའི་སློབ་གསོའི་ཁོར་ཡུག་གཉིས།།
མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །
༢༥
འབྲོག་པས་རོང་བར་མི་གཤིས་མི་ལྡན་ལབ།།
རོང་བས་འབྲོག་པར་མི་ལུགས་མི་ཤེས་ལབ།།
རོང་འབྲོག་རྩོད་པའི་འཚོ་བའི་ཟུར་ཁ་གཉིས།།
མ༵་གཞི༵་འུ༵་ཚོ༵འི་རི༵གས་ལ༵་མ༵ཐུན་སྒྲིལ༵་མེ༵ད། །
༢༦
མྱང་ཤ་གླེན་པས་རང་ལུས་དུམ་བུར་གཏུབ། །
རྔོག་མི་གཟའ་བོས་ཕོ་རྟགས་རྡོ་ཡིས་བཅོམ། །
བན་བོན་གཉིས་ཀས་སྟོན་པ་རྩོད་དུས་འདིར། །
ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། །
༢༧
མཁས་ན་མི་ཁ་འཁོར་བ་བོད་ཀྱི་གཤིས། །
བཟང་ན་ཕྲག་ཁ་ན་བ་བོད་ཀྱི་སྲོལ། །
ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་བྱེད་དུས་འདིར། །
ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། །
༢༨
ལན་གཅིག་བདེ་བ་ཙམ་གྱིས་དགའ་བས་མྱོས།
སྐབས་རེར་སྐྱོ་བ་ཙམ་གྱིས་མཆི་མས་བརྣངས། །
ཕལ་བའི་སེམས་པ་སོས་ཀའི་གནམ་ངོ་འདྲ། །
ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། །
༢༩
འཇིག་རྟེན་འདི་ཀོ་དྲི་ཟའི་གྲོང་ཁྱེར་ནས། །
མྱ་ངན་ཐང་དུ་རྒྱུ་བའི་འགྲོ་བ་དག །
སུ་ལས་སུ་མགྱོགས་རང་གི་དོན་དུ་འདུར། །
ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། །
༣༠
སྙན་གྲགས་ཅུང་ཟད་ཙམ་གྱི་ཁེ་ཕན་དང་། །
གོ་ས་སྐར་མ་གང་གི་མཐོ་དམན་ལ། །
ཕ་སྤུན་ཡིན་ཡང་དམོད་ཁ་བཀྱེ་དུས་འདིར། །
ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། །
༣༡
གདོང་གྲལ་མགོ་ལ་སུ་ཐོན་བལྟ་དུས་འདིར། །
གསེར་ཁྲིའི་ཐོག་ལ་སུ་འདུག་རྩོད་དུས་འདིར། །
ཆོས་རྒྱུད་གྲུབ་མཐའ་ཟོང་ལ་བརྗེ་དུས་འདིར། །
ཁྱེ༵ད་གཉི༵ས་དེ༵་འདྲ༵་མ༵་ལག༵ས་སྐུ༵་ཚེ༵་རི༵ང་། །
༣༢
ནང་བསྟན་ཡོངས་ཁྱབ་གོ་ལའི་ཁྱོན་ལ་སྤེལ། །
ཐ་སྙད་གསར་བའི་མིང་མཛོད་དཔར་ལ་བཏབ། །
སྐད་གཉིས་སྨྲ་བའི་ཞུས་ཆེན་ལོ་ཙཱ་པ། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༣༣
ཐུམ་ནད་ཨེ་ནད་སྙིང་ནད་ལ་སོགས་པ། །
ནད་ཡམས་དག་ལ་སྔོན་འགོག་ཤེས་བྱ་སྤེལ། །
བདེ་ཐང་སློབ་གསོས་འགྲོ་ལ་ལམ་སྟོན་མཛད། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༣༤
འཁོར་གཡོག་རིམ་པ་མང་པོའི་མཐའ་བསྐོར་མེད། །
གསེར་ཁྲིར་དངུལ་ཁྲིར་འགྱིང་བའི་རྒྱས་བ་མེད། །
ང་རྒྱལ་མཐོ་སྣང་མེད་པའི་གྲྭ་རྐྱང་གཉིས། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༣༥
ནང་རྟོགས་ཡོན་ཏན་འབུམ་གྱི་ཕྱུག་པའི་ཁར། །
ཕྱི་ཚུལ་ཞི་བ་དུལ་བ་ཉེར་ཞི་བ། །
མཐོང་བ་ཙམ་གྱིས་དང་བ་འདྲེན་པ་ཡི། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༣༦
བླ་མའི་མཛད་པ་ཕྱུག་པོའི་ནོར་ལ་བྲིན། །
གྲྭ་བའི་ལས་ཀ་གྲོང་ཆོག་ཙམ་ལ་ཡེངས། །
ལུང་རྟོགས་སྙིང་པོ་བོར་བའི་དུས་མཐའ་འདིར། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༣༧
མདོས་གཏོ་ཙམ་ལ་རེ་ལྟོས་བཅའ་བ་དང་། །
མོ་ལུང་ཙམ་ལ་ཡིད་གཏད་ཁེལ་བ་ཡི། །
ཡང་སྙིང་ཆོས་ལ་ལུག་ལྟར་རྨོངས་དུས་འདིར། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༣༨
དགོན་པ་དག་གི་དབང་འཛིན་ལམ་ལུགས་དང་། །
དམངས་ཚོགས་དག་གི་རྨོངས་དད་ལམ་ལུགས་ལ། །
བསྒྱུར་བཅོས་དག་ཐེར་གནང་ལ་ཟླ་མེད་པ། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༣༩
སྐྱབས་རྗེ་ཡིད་བཞིན་ནོར་བུའི་ཐུགས་ཀྱི་སྲས། །
བོད་བརྒྱུད་ནང་བསྟན་འདེགས་པའི་ཀ་ཆེན་གཉིས། །
སྐད་དང་ཡི་གེའི་མེ་རོ་གསོ་བ་པོ། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༤༠
སྤྱིར་ན་འཛམ་གླིང་འགྲོ་བའི་དཔལ་དུ་ཆེ། །
ཁྱད་པར་གངས་ཅན་བསྟན་པ་ཡོངས་ཀྱི་རྒྱན། །
ལྷག་ཏུ་གསང་ཆེན་སྔ་འགྱུར་པ་ཡི་ཏོག །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༤༡
སྟག་ཤམ་གཟིག་གདོང་ཅན་གྱི་དཔའ་ཐུལ་ཡིན། །
གངས་ཅན་རུ་སྣ་འདྲེན་པའི་ཝེར་མ་ཡིན། །
བོད་ཡུལ་སྐྱོང་བའི་ཟོ་དོར་གཉན་པོ་ཡིན། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༤༢
དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ཡིན། །
འདོད་འཇོའི་བ་དང་མ་རྨོས་ལོ་ཏོག་ཡིན། །
ཡབ་གྱི་རྩྭ་ཐང་ཡུམ་གྱི་མཚེའུ་ཡིན། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
༤༣
མི་ཚེའི་དར་ལྕོག་དགེ་བའི་ལས་ལ་ཟད། །
གསུང་གི་མཛད་པ་ས་གསུམ་འགྲོ་ལ་སྨན། །
སྐུ་ཡི་ལྗོན་པ་ཚུལ་ཁྲིམས་རླུང་གིས་བསྐྱོད། །
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར༵་ཅི༵ག །
ཅེས་གངས་ལྗོངས་མཁས་པའི་དབང་ཕྱུག་རྣམ་གཉིས་ཏེ། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་བསོད་དར་རྒྱས་རྣམ་གཉིས་ཀྱི་རྒྱལ་བསྟན་ལ་དཀར་བའི་ཐུགས་ནང་ཤིན་ཏུ་མཐུན་པར་མ་ཟད། འགྲོ་ཀུན་ལ་བརྩེ་བའི་ལྷག་བསམ་གཅིག་ཏུ་དཀར་བ་ཆུ་དང་འོ་མ་བཞིན་ནམ་ཡང་འབྲལ་མ་མྱོང་བའི་དམ་པའི་ངང་ཚུལ་བཟང་པོ། སྤྱོད་པའི་མིག་རྒྱན་མཛེས་མོ། མཁས་པའི་ཁྱད་ཆོས་དེ་ཉིད་ལ་རིང་ནས་དད་པའི་མེ་ཏོག་འཐོར་བའི་རྫ་ཨ་རིག་འབྲུག་གྲགས་སྤྲུལ་སྐུ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་ཟླ་ཚེས་དགེ་བར་ཐུགས་ནང་མཐུན་པའི་དམ་པ་རྣམ་གཉིས་ལ་ཅུང་ཙམ་བསྔགས་པ་བཀྲ་ཤིས་པར་གྱུར་ཅིག