༧སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེ་མྱུར་འབྱོན་གསོལ་འདེབས་དུས་ལྔའི་ཕོ་ཉ།།
༧སྐྱབས་རྗེ་བསོད་རྒྱལ་རིན་པོ་ཆེ་མྱུར་འབྱོན་གསོལ་འདེབས་དུས་ལྔའི་ཕོ་ཉ།།
ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ།།
བསོད༵་ནམས་དཔྱིད་ཀྱི་རྒྱལ༵་མོའི་ཤིང་རྟ་ལས་འཁྲུངས་པའི།།
ཛམ་གླིང་ཆོས་ལ་བསྒྱུར་མཁས་དཔག་བསམ་གྱི་ལྗོན་བཟང་།།
ཡང་གསང་བསྟན་པ་སྨན་པའི་རིག་འཛིན་གྱི་རྒྱལ་པོ།།
གཏེར་ཆེན་ལས་རབ་གླིང་བ་སྙིང་དབུས་ནས་འདུད་དོ།།
ཐབས་ཤེས་དབྱར་ཀྱི་བདེ་ཆེན་གང་དགའ་རུ་འཇོ་བའི།།
ཆོས་མིན་ཆོས་ལ་བཀོད་པའི་ངེས་དོན་གྱི་དེད་དཔོན།།
འཇིག་རྟེན་མིག་བཟང་སྦྱིན་པའི་སྐྱེ་འཆི་ཡི་ལམ་སྟོན།།
དགའ་དྲོད་ཉི་གཞོན་གསར་བ་བདེ་མྱུར་ལ་ཕེབས་ཤོག།།
སྨིན་གྲོལ་སྟོན་གྱི་འབྲས་བུ་ཀུན་བཟང་དུ་གདལ་བའི།།
རིག་འཛིན་མཁས་གྲུབ་དགྱེས་པའི་དགའ་ཚལ་གྱི་ཁྱབ་བདག།
མི་དབང་ལྭ་དཀར་སྤྲུལ་སྐུའི་ཕྲིན་ལས་ཀུན་རྒྱལ་ལོ།།
གྲང་ངར་དགུན་འཁྱག་དྲག་པོའི་ལས་རླུང་གི་འཕྲུལ་འཁོར།།
དམ་རལ་སྐྱེ་དགུའི་དབུ་ལ་དབང་མེད་དུ་བབས་ཚེ།།
རས་པ་ལྕང་ལོའི་ཚོགས་ཀྱིས་གཏུམ་མོ་ཡི་ཏིང་འཛིན།།
འཇིགས་མེད་རྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ཀུན་རྒྱལ་ལོ།།
དུས་བཞི་འཕོ་འགྱུར་བྲལ་བ་ཀ་དག་གི་ཟླ་བ།།
འོད་གསལ་ཡེ་ཤེས་རྒྱས་པ་ལྷུན་གྲུབ་ཀྱི་ཉི་མ།།
ཀུན་ཕན་སངས་རྒྱས་མྱུར་བྱོན་ཡིད་བཞིན་གྱི་ནོར་བུ།།
རྫོགས་ཆེན་བསྟན་པའི་སྐྱབས་མགོན་ནུབ་མེད་དུ་མཛོད་ཅིག།
ཅེས་པ་འདི་ཡང་རབ་གནས་ས་ཕག་ཟླ་བདུན་པའི་ཡར་ཚེས་དགའ་བ་དང་པོར་༧སྐྱབས་རྗེ་དམ་པ་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེས་དད་སྐུལ་ལས་གང་ཤར་དུ་དབྱིན་ཡུལ་ཨེ་ཝཾ་ཡོ་ག་གླིང་ནས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་གསོལ་བ་འདེབས་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།།
བསོ་རྒྱལ་རིན་པོ་ཆེས་་་་་ང་རང་ཐོག་དང་པོར་འཆི་བདག་དང་འཕྲད་པའི་མྱོང་བ་ནི། ལོ་ན་བདུན་ཙམ་ཡིན་པའི་སྐབས་སུ་བྱུང་བ་སྟེ། དུས་དེར། ང་ཚོ་ཤར་ཕྱོགས་ཀྱི་མཐོ་སྒང་དང་གྱེས་ཏེ་བོད་དབུས་སུ་སྐྱོད་གྲབས་ཡོད། དེ་ཡང་བདག་གི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས(1893-1959)མཆོག་ལ་བསམ་གཏན(Samten)ཞུ་བའི་ཉེ་གནས་ཤིག་ཡོད་ཅིང་། ཁོང་ནི་རབ་བྱུང་ཚུལ་དང་ལྡན་པ་ཞིག་ཡིན་པར་མ་ཟད། ང་རང་ཆུང་དུས་གཅེས་སྐྱོང་ལེགས་པོ་བྱེད་པ་རེད། ཁོང་གི་ཞལ་རས་གསལ་ལ་ཟླུམ་ཞིང་ཉམས་མདངས་རྒྱས། དུས་རྒྱུན་མཚར་གཏམ་སྣ་ཚོགས་ཤོད་རྒྱུར་མཁས་པོ་ཡོད། ལྷག་པར་ཁོང་ཉིད་གཤིས་ཀ་ཤིན་ཏུ་འཇམ་པས། དགོན་པའི་ནང་གི་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་རེད། བདག་གི་རྩ་བའི་བླ་མས་ཉིན་རེ་བཞིན་དབང་ལུང་ཁྲིད་གསུམ་གནང་བཞིན་ཡོད་པས། དེ་ལྟར་ཉིན་བཞིན་མཇུག་རྫོགས་མཐར། ངས་ན་མཉམ་དག་བསྡུས་ཏེ་གར་འཁྲབ་ཅིང་། སྔ་དྲོར་བྱུང་བའི་དོན་ཐམས་ཅད་ལད་ཟློས་བྱེད་པ་ཡིན། དེ་ལ་བསམ་གཏན་ལགས་ཀྱིས་ཞོགས་པར་བླ་མས་མནབས་པའི་ཟླ་གམ་གཡར་བ་སྟེ། ཁོང་གིས་ནམ་ཡང་བཀག་འགོག་གནང་མ་མྱོང་།
དེའི་རྗེས་སུ། བསམ་གཏན་ནི་གློ་བུར་མི་འདོད་ནད་ཀྱིས་བཟུང་ཞིང་། ནད་གཞི་ཇེ་སྡུག་ཏུ་ཕྱིན་སྟབས། ང་ཚོ་ལམ་ལ་ཆས་པ་ཕྱིར་འགྱངས་མི་བྱེད་ཀ་མེད་བྱུང་། དེའི་འོག་གི་གཟའ་འཁོར་གཉིས་སུ་བྱུང་བའི་དོན་རྣམས་ནི་མི་ཚེ་གང་པོར་བརྗེད་ཐབས་བྲལ། དེ་ཡང་འཆི་བདག་གི་དྲི་མ་ངན་པ་ནི་སྤྲིན་པ་ནག་པོ་ཇི་བཞིན་ས་གཞིར་འཐུལ་བྱུང་སྟེ། དུས་སྐབས་དེ་ཉིད་ཡིད་ལ་འཁོར་བའི་ཚེ། ངས་ད་དུང་དྲི་མ་དེ་ཉིད་སྣོམ་ཐུབ་རྒྱུ་འདུག འཆི་བདག་གི་གྲིབ་མ་ནག་པོས་དགོན་པ་ཧྲིལ་པོ་བསྒྲིབས་པར་བྱས་ན་ཡང་། སྐྱི་གཡའ་བའི་ངང་ཚུལ་ནི་ཅུང་ཟད་ཙམ་ཡང་མ་བྱུང་། བདག་གི་རྩ་བ་བླ་མ་མཆོག་ཞལ་བཞུགས་པས། བསམ་གཏན་འཇིག་རྟེན་ཕ་རོལ་དུ་འགྲོ་བར་དོན་སྙིང་ཆེན་པོ་ལྡན་ཞིང་། དེར་ཡོད་ཀྱི་ང་ཚོ་མི་རེ་རེའི་སློབ་ཚན་དུ་ཡང་གྱུར་ཏོ། །
བདག་གི་བླ་མ་རིན་པོ་ཆེ་འབྱོན་བཞུགས་གནང་བའི་དགོན་པ་ཆུང་ཆུང་དེར། བསམ་གཏན་ནི་ཁང་ཤག་ཅིག་གི་སྒེའུ་ཁུང་འགྲམ་གྱི་ཉལ་ཁྲིར་བསྙེས་ཏེ་ཉལ་ཡོད་ཅིང་། ངས་ཁོང་ཉིད་དུས་ཡུན་རིང་པོ་མི་འཐོག་པར་ཚེ་ཕྱི་མའི་ཡུལ་དུ་འགྲོ་ངེས་པ་ཧ་གོ་བཞིན་ཡོད། ང་རང་སྐབས་དང་སྐབས་སུ་ཁང་ཤག་དེར་འཛུལ་ནས་ཁོང་གི་འགྲམ་དུ་སྡོད་པ་ན། ཁོང་གིས་ངག་སྨྲ་མི་བཏུབ་པར་ཆགས་ཤིང་། ཞལ་གྱི་མདངས་ཤོར་ཏེ་སྐམ་རིད་དུ་གྱུར་འདུག་པར་ཧ་ལས་དགོས་བྱུང་། ངས་ཁོང་ཉིད་མི་རིང་བར་རང་ཅག་དང་ཁ་བྲལ་ཏེ། སླར་ཡང་མཐོང་མི་ཐུབ་པར་འགྱུར་བ་གསལ་པོ་རྟོགས་ཕྱིར། ང་ནི་སྐྱོ་བས་དྲག་ཏུ་མནར་ཞིང་ཁེར་རྐྱང་གི་གནས་སུ་ལྷུང་། བསམ་གཏན་འཆི་ཁར་སྡུག་བསྔལ་གྱིས་གདུང་སྟེ། ང་ཚོས་ག་དུས་ཡིན་ཡང་ཁོང་གི་དབུགས་ཀྱི་འབྱིན་རྔུབ་དྲག་པོ་བྱེད་པའི་སྒྲ་ཐོས་ཐུབ་པ་དང་། ཁོང་གི་ཕུང་པོ་རུལ་བཞིན་པའི་དྲི་མ་ཡང་ཚོར་ཐུབ་པར་འདུག དུས་དེར་དགོན་པ་ཧྲིལ་པོར་ཁོང་གི་དབུགས་འབྱིན་རྔུབ་ཀྱི་སྒྲ་འབའ་ཞིག་ལས། བྱིའུ་སྐད་ཙམ་ཡང་ཐོས་རྒྱུ་མི་འདུག་པས། བློ་རྩེ་ཐམས་ཅད་བསམ་གཏན་གྱི་སྟེང་ལ་ཤོར། བསམ་གཏན་ནི་འཆི་བའི་སྡུག་བསྔལ་གྱིས་མནར་བར་གྱུར་ཀྱང་། ང་ཚོས་ཁོང་གི་སེམས་ཁམས་ནི་ཧ་ཅང་རྣལ་དུ་ཕབ་སྟེ། རང་ཉིད་ལ་གདེང་ཚོད་ཅིག་རྙེད་ཡོད་པ་མཐོང་ཐུབ། ཐོག་མའི་ཆར། ངས་ཅིའི་ཕྱིར་ཡིན་པ་མ་ཤེས་ཀྱང་། རིམ་བཞིན་དེ་ནི་ཁོང་གི་དད་པ་དང་ཉམས་ལེན། གཞན་ཡང་རྩ་བ་བླ་མ་མཆོག་གམ་དུ་བཞུགས་ཡོད་པ་བཅས་ལས་བྱུང་བ་ཡིན་པར་རྟོགས། ང་རང་སྐྱོ་བས་མནར་ཡང་། ཁྱབ་བདག་བླ་མ་རིན་པོ་ཆེ་མངོན་སུམ་དུ་ཞལ་བཞུགས་པས། གནད་དོན་གང་ཡང་ལས་སླ་པོས་ཐག་ཆོད་པར་འགྱུར་ཏེ། དཔལ་ལྡན་བླ་མ་མཆོག་གིས་བསམ་གཏན་ཐར་བའི་ལམ་དུ་འདྲེན་པར་མགོན་སྐྱབས་བྱ་ངེས་པས་སོ། ། ངས་ཕྱིས་སུ་ད་གཟོད་གསལ་པོ་རྟོགས་པ་ལ། ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ཚེ། ཆེས་རེ་སྨོན་བྱེད་པའི་བསོད་ནམས་ནི་གང་ཞེ་ན། རང་གི་རྩ་བའི་བླ་མའི་སྐུ་མདུན་ནས་ཚེ་འཕོ་བ་སྟེ། སྐྱབས་གཅིག་བླ་མས་འཆི་བའི་ལམ་སྣ་ཟིན་པར་གྲོགས་བྱ་བའོ། །
འཇམ་དབྱངས་མཁྱེན་བརྩེ་མཆོག་གི་ཐུགས་རྗེའི་སྐྱབས་འོག་ཏུ། བསམ་གཏན་ནི་བག་ཕེབས་ཀྱི་སྒོ་ནས་འཆི་བའི་ལམ་ལ་ཞུགས་དུས། ཁོང་གིས་བསམ་གཏན་ལ་ཐར་བའི་ལམ་སྣེ་ཆ་ཚང་བ་བསྟན་པ་རེད། བདག་གི་རྩ་བའི་བླ་མ་མཆོག་ནི་སྤངས་རྟོགས་ཡོན་ཏན་གྱིས་ཕྱུག་ཅིང་། ཐུགས་རྒྱུད་ཡིད་ཆེས་ཀྱིས་ཁེངས། བྱམས་བརྩེའི་ཞི་འོད་འཕྲོ་བས། དད་ལྡན་སློབ་བུ་ང་རང་ངོ་མཚར་ཅི་ཡང་སྐྱེས། གནས་གང་ཞིག་ཏུ་དཔལ་ལྡན་བླ་མ་མཆོག་དངོས་སུ་བཞུགས་པ་ཡིན་ན། དེར་བློ་མི་བདེ་བའི་གང་ཟག་སུ་ཡོད་ཀྱང་། ཁོང་གི་བྱམས་བརྩེའི་གདེང་ལས་རང་ལམ་ཟིན་པར་འགྱུར། དུས་འདིར་སྐྱབས་གཅིག་འཇམ་དབྱངས་མཁྱེན་བརྩེ་མཆོག་གིས་རང་ཅག་ལ་གསུང་བ་ནི། ཁོང་ཉིད་འཆི་བདག་ལ་འཇིགས་པ་སྤུ་ཙམ་མི་གདའ། དེ་ནི་ཁོང་གིས་འཆི་བདག་སྣང་མེད་བྱས་པ་མ་ཡིན་ནོ། ། ཁོང་གིས་ནམ་རྒྱུན་རང་ཉིད་འཆི་བར་སྐྲག་གོ་ཞེས་གདམས་ཏེ། ང་ཚོར་བྱིས་བློའམ་ཁེངས་དྲེགས་ཀྱི་སྒོ་ནས་འཆི་བར་གདོང་ལེན་མ་བྱེད་ཅིག་ཅེས་སྐུལ་མ་གནང་བ་རེད། འོ་ན་དོན་དམ་པར་རྒྱུ་རྐྱེན་ག་འདྲ་ཞིག་གིས། བདག་གི་རྩ་བའི་བླ་མ་མཆོག་ཉིད་འཆི་བདག་གི་མདུན་དུ་འདི་ལྟར་བརྟན་པ་དང་། ཞི་བ་དང་། གཡོ་བ་མེད་པ་འབྱུང་བ་ཡིན་ནམ་ཞེ་ན། བདག་གི་ཡིད་ཀྱི་དང་བ་ཅིག་ཅར་འདྲེན་པར་བྱས་པའི་དོན་གང་ཉིད་འཆད་པར་བྱའོ། །
བསམ་གཏན་ཚེ་འཕོས་པའི་གནས་ཚུལ་དེས། ངའི་ཡིད་ལ་གཡོ་འགུལ་ཆེན་པོ་ཐེབས་བྱུང་། རང་ཉིད་ལོ་ན་བདུན་ཙམ་གྱི་སྐབས་སུ། རང་གིས་མྱོང་བཞིན་པའི་སྲོལ་རྒྱུན་གྱི་ཉམས་ལེན་དེར་འདི་འདྲའི་མཐུ་སྟོབས་དཔག་མེད་མངའ་བ་གསར་དུ་མཐོང་བར་མ་ཟད། ངས་ཆོས་ཉམས་ལེན་གྱི་ཉིང་དགོས་གང་དུ་ཡོད་པ་ཡང་ད་གཟོད་རྟོགས་པར་གྱུར། ཉམས་ལེན་གྱིས་བསམ་གཏན་ལགས་ལ་འཆི་བ་དང་དུ་ལེན་ཐུབ་པ་དང་། བློ་རིག་གསལ་པོའི་སྒོ་ནས་འཆི་བའི་སྡུག་བསྔལ་ནི་རང་བྱུང་ཆོས་ཉིད་ཀྱི་རིགས་ཤིག་ཡིན་ཚུལ་རྟོགས་སུ་བཅུག་པ་རེད། ཉམས་ལེན་གྱིས་བདག་གི་དཔལ་ལྡན་རྩ་བའི་བླ་མ་མཆོག་ཉིད་འཆི་བདག་ལ་ཤིན་ཏུ་ཆ་རྒྱུས་ཡོད་པར་གྱུར་པ་དང་། འཇིག་རྟེན་ཕ་རོལ་དུ་འགྲོ་བའི་སེམས་ཅན་རྣམས་ལ་ཡང་དག་པའི་སྒོ་ནས་ཐར་ལམ་ཇི་ལྟར་སྟོན་དགོས་པ་མཁྱེན་པར་གྱུར་པ་རེད།
བསམ་གཏན་ཚེ་ལས་འདས་རྗེས། ང་ཚོ་རྒྱལ་ས་ལྷ་སར་བསྐྱོད་པའི་ལམ་དུ་ཞུགས་པ་ཡིན། དེ་ནི་ཟླ་ངོ་གསུམ་ལྷག་གི་རིང་ལ་བགྲོད་དགོས་པའི་དཀའ་ཚེགས་ཆེ་བའི་རྟ་གོང་གི་འགྲུལ་བཞུད་ཅིག་རེད། ང་ཚོ་མུ་མཐུད་དབུས་གཙང་གི་ཕྱོགས་སུ་གནས་མཇལ་ཕྱིན་ཅིང་། ཡུལ་འདི་དག་ནི་དུས་རབས་བདུན་པ་ནས་སངས་རྒྱས་ཀྱི་ཆོས་བོད་དུ་འདྲེན་པའི་སྐྱེས་བུ་དམ་པ་དང་རྒྱལ་བློན། མཁས་པ་རྣམས་འབྱོན་བཞུགས་མྱོང་བའི་གནས་མཆོག་རེད། བདག་གི་སྐྱབས་གཅིག་བླ་མ་མཆོག་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་འཕགས་པའི་སྐྱེས་བུ་དུ་མའི་སྤྲུལ་སྐུ་ཡིན་ཕྱིར། སྙན་གྲགས་འབྲུག་ལྟར་ཆེ་བས། གནས་གང་དུ་ཕེབས་ཀྱང་གདན་ཞུ་གཟབ་རྒྱས་བྱེད་བཞིན་ཡོད།
ང་རང་སྐབས་དེའི་འགྲུལ་བཞུད་ལ་སྤྲོ་སྣང་ཚད་ལས་འདས་པ་ཡོད་པས། མཛེས་སྡུག་ལྡན་པའི་ཕྱིར་དྲན་དེ་ཉིད་ནམ་ཡང་དྲན་པའི་མཁའ་ལ་འཁོར། བོད་མི་རྣམས་ནངས་སྔ་མོ་ནས་ཡར་ལངས་ཏེ་རང་བྱུང་གི་འོད་སྣང་ལ་བརྟེན་ཕྱིར། མུན་རུབ་མ་ཐག་གཉིད་ཀྱི་ཞིང་དུ་འགྲིམས་ཤིང་། སྐྱ་རེངས་མ་ཤར་གོང་ལ་ཡར་ལང་བཞིན་ཡོད་པ་རེད། སྐྱ་མདའ་དང་པོ་ཤར་བའི་མོད་ལ། ཁལ་དགལ་བའི་གཡག་རྣམས་ཀྱང་འབྱོར། ཞབས་འབྲང་པ་རྣམས་ཀྱིས་སྦྲ་གུར་བསྒྱེལ་ཅིང་། ཆེས་མཐའ་མར་སྒྱེལ་བ་ནི་ཐབ་གུར་དང་བླ་མའི་གཟིམ་གུར་ཡིན་རྒྱུ་རེད། ཞབས་འབྲང་པ་ཁ་ཅིག་སྔོན་ལ་བརྒྱུགས་ཏེ། སྒར་གདབ་སའི་གནས་ཕུན་སུམ་ཚོགས་པ་ཞིག་འཚོལ་མྱུལ་བྱེད་པ་དང་། ཉིན་གུང་ཙམ་ལ་ང་ཚོ་བགྲོད་མཚམས་བཞག་སྟེ། སྒར་བཏབ་ནས་སྐུ་ངལ་གསོ་བ་རེད། ང་རང་གཙང་པོའི་འགྲམ་དུ་སྒར་བཏབ་ནས་ཆུ་བོ་ལྷུང་ལྷུང་བཞུར་བའི་སྒྲ་ལ་གཟབ་ནན་གྱིས་མཉན་པ་དང་། ཡང་ན་གུར་གྱི་ནང་རོལ་ནས་ཆར་ཐིགས་གུར་རྩེར་རྡེག་པའི་སྒྲ་ལ་མཉན་པར་དགའ་པོ་ཞེ་དྲགས་ཡོད། ང་ཚོའི་ཚོ་ཁག་ནི་སྦྲ་གུར་ཉི་ཤུས་གྲུབ་པ་ཙམ་ལས། རྒྱ་ཆེན་པོ་གང་ཡང་མིན་ནོ། ། ངས་ཉིན་དཀར་རྟ་མཆོག་རག་སེར་ཞིག་ལ་བཞོན་ཏེ་བླ་མ་མཆོག་དང་བཅར་ནས་འགྲོ་བ་དང་། ཁོང་གིས་ལམ་དུ་རྒྱུན་མི་འཆད་པར་ལམ་སྟོན་གནང་བར་མ་ཟད། གཏམ་རྒྱུད་དང་སྒོམ་སྒྲུབ་ཀྱི་སྐོར་ཡང་གསུངས་ཤིང་། ལྷག་པར་ང་ཚོར་ཆེད་དུ་དམིགས་པའི་དམ་པའི་ཆོས་ཉམས་ལེན་གྱི་སྒོ་མོ་ཕྱེ་བ་རེད། ཉིན་ཞིག་ང་ཚོ་དཔོན་སློབ་རྣམས་ཡར་འབྲོག་གཡུ་མཚོའི་ཁར་བསླེབས་ཏེ། རྒྱང་རིང་ནས་གཡུ་ཡི་མཎྚལ་གཤོམ་འདྲའི་མཚོ་ངོས་ཀྱི་འོད་ཟེར་ལམ་ལམ་འཕྲོ་བ་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པའི་ཚེ། ཡང་ང་ཚོའི་ཚོ་ཁག་ཁྲོད་ཀྱི་བླ་མ་ཞིག་སྟེ། མཚན་ལ་བླ་མ་བསོད་བརྟན(Lama Tseten)ཞེས་པར་འཆི་བདག་གི་ཞགས་པ་ཐེབས་བྱུང་།
བླ་མ་བསོད་བརྟན་གྱི་འཆི་བདག་གིས། སླར་ཡང་བདག་ལ་བསླབ་བྱ་ཟབ་མོ་གཞན་ཞིག་བསྩལ། ཁོང་ནི་བླ་མ་མཆོག་གི་ཕྱག་རྒྱ་མའམ་བདག་གི་ཨ་སྲུ་མཁའ་འགྲོ་ཚེ་རིང་ཆོས་སྒྲོན(Khandro Tsering Chodron)གྱི་བླ་མ་ཡིན་ཞིང་། ཨ་སྲུ་ནི་དགེ་སྦྱོར་ཉམས་ལེན་ཡག་ཤོས་བྱེད་མཁན་གྱི་བོད་མོ་ཞིག་ཡིན་ཞེས་ཀུན་ཀྱིས་མགྲིན་གཅིག་ཏུ་སྨྲ། མོ་རང་ད་དུང་སྐུ་འཚོ་བཞུགས་གནང་ཞིང་། སྦས་པའི་ཚུལ་དུ་བཞུགས་པའི་མཁའ་འགྲོ་མ་ཞིག་སྟེ། གུས་བཀུར་ཆེ་ལ་ལྷག་བསམ་དཀར། རྒྱུད་བཟང་ཞིང་ལང་ཚོ་མཛེས་པ་ཞིག་ཡོད། བླ་མ་བསོད་བརྟན་ནི་དགུང་ལོ་དྲུག་ཅུའི་ནང་ལ་བསླེབས་ཤིང་། སྐུ་གཟུགས་ཤིན་ཏུ་གྱད་ཆེ་བའི་ཁར། དབུ་སྐྲ་དུང་ལྟར་དཀར་ལ། མི་ཤིགས་པའི་ཉམས་དང་ལྡན་པས། དེར་ཡོད་ཀུན་གྱི་ཨ་མྱེ་དང་མཚུངས། ཁོང་ཉིད་ཀྱང་རྒྱུན་དུ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཉམས་ལེན་མཁན་ཞིག་ཡིན་པའི་དབང་གིས། ཁོང་གི་གམ་དུ་བཏུད་པའི་མོད་ལ་བག་ལྷོད་བྱིན་ཆགས་ཀྱི་ཚོར་བ་སྟེར་བར་བྱེད། ལན་རེར་ཁོང་གིས་ང་ལ་བཀྱོན་འབེབས་པར་བྱེད་པས། ང་ཡང་སྐྲག་སྣང་སྐྱེ་མོད། ནམ་རྒྱུན་འཚོ་བའི་ཁྲོད་དུ་ནི་སྤྲོ་སེམས་ཀྱིས་ཕྱུག་པའོ། །
བླ་མ་བསོད་བརྟན་ལགས་སྐུ་གཤེགས་ཚུལ་ནི་ཤིན་ཏུ་དམིགས་བསལ་བ་ཞིག་སྟེ། ཐག་མི་རིང་བའི་སར་དགོན་པ་ཞིག་གནས་ཀྱང་། ཁོང་གིས་དེར་བསྐྱེལ་བར་དང་ལེན་མི་བྱེད་པའི་ཁར། རང་གི་ཕུང་པོ་གཞན་ལ་དུར་ཆས་བྱ་རུ་འཇུག་འདོད་མེད་ཚུལ་བསྟན། དེའི་ཕྱིར། ང་ཚོས་སྔར་བཞིན་སྦྲ་གུར་རྣམས་གོར་གོར་གྱིས་སྒར་བཏབ་ཅིང་། ཨ་སྲུ་ཡིས་བླ་མ་བསོད་བརྟན་གྱི་ཞབས་ཕྱི་ཞུས། ཁོང་གིས་གློ་བུར་དུ་མོའི་མིང་ནས་འབོད་པའི་ཚེ། གུར་ནང་དུ་མོ་དང་ང་རང་གཉིས་ལས་གཞན་སུ་ཡང་མ་མཆིས། ཁོང་གིས་ཨ་སྲུ་ལ“ཨ་ལུ”ཞེས་པའི་གཅེས་མིང་ཞིག་བཏགས་ཡོད་ལ། དེ་ཡི་དོན་ནི་ང་ཡི་གཅེས་ཕྲུག་ཅེས་པའོ། ། “ཨ་ལུ།” ཁོང་གིས་ངག་འཇམ་པོའི་སྒོ་ནས། “འདིར་ཤོག་དང་། ད་ནི་ངའི་ཚེ་འདིའི་སྣང་བ་ནུབ་པར་འགྱུར། ང་ལ་གཏམ་གཞན་སྨྲ་རྒྱུ་མེད། སྐད་ཆ་རྡོག་གཅིག་ཡོད་པ་ནི་ཁྱོད་ཀྱིས་ནམ་རྒྱུན་ཇི་བཞིན་བྱོས་ཤིག ངའི་གམ་དུ་ཁྱོད་རང་ཡོད་པས་བློ་བདེ་པོ་བྱུང་། ཁྱོད་ཀྱིས་སྔོན་ཆད་ནང་བཞིན་རང་གི་ཡབ་རྗེ་དམ་པ་ལ་ཞབས་ཏོག་སྒྲུབ་རོགས།”
མོ་རང་དེ་འཕྲལ་ཁ་ཕྱིར་འཁོར་དེ་འགྲོ་གྲབས་བྱས་མོད། ཁོང་གིས་མོའི་ཕུ་རུང་ལ་འཇུས་ཏེ། “ཁྱོད་རང་གང་དུ་འགྲོ་རྩིས་ཡིན་ནམ།”མོ་ན་རེ།“ང་རང་རིན་པོ་ཆེ་གདན་འདྲེན་ཞུ་རུ་འགྲོ་ཀི་ཡིན།” “ཁོང་ལ་འོ་བརྒྱལ་ཞུ་མི་དགོས།” ཁོང་འཛུམ་ཙམ་བྱས་མཐར། “ང་དང་བླ་མ་ནམ་ཡང་འབྲལ་བ་མེད།” གཏམ་གྱི་མཚམས་འདིར་ཐོན་པའི་ཚེ། ཁོང་གི་སྤྱན་ཟུང་ནམ་མཁར་གཟིགས་ཏེ། སྐུ་ཞི་བར་གཤེགས་སོ། ། ཨ་སྲུ་དེ་འཕྲལ་མྱུར་སྟབས་ཀྱིས་ཡར་ལངས་ནས་བླ་མ་མཆོག་གདན་འདྲེན་ཞུ་བར་གུར་གྱི་ཕྱི་རོལ་དུ་བརྒྱུགས་སོང་། ང་ཉིད་གཡོ་འགུལ་མེད་པར་ཧ་ལས་ཏེ་བསྡད།
ང་རང་ཧང་སང་བ་ཞིག་ལ། འཆི་བདག་གི་མདུན་དུ་འདི་ལྟ་བུའི་གདེང་ཚོད་ཅན་གྱི་སྐྱེས་བུ་ཡང་མཇལ་རྒྱུ་ཡོད་པའོ། ། སྤྱིར་བཏང་བླ་མ་བསོད་བརྟན་གྱིས་རང་གི་རྩ་བའི་བླ་མ་གདན་དྲངས་ཏེ་ཐར་བའི་ལམ་སྣེ་ཟིན་པར་སྐྱབས་འཇུག་ཞུ་འོས་ཏེ། འདི་ནི་མི་ཕལ་མོ་ཆེས་བསྒྲུབ་པར་འགྱུར་བ་ཞིག་ཡིན་ཡང་། ཁོང་ལ་ནི་དེ་འདྲ་རྩ་བ་ནས་དགོས་རྒྱུ་མི་འདུག དེ་ནི་ཁོང་གི་སྙིང་དབུས་སུ་སྔ་རོལ་ནས་རྩ་བ་བླ་མ་གསལ་བཏབ་པ་ཡིན་རྒྱུ་རེད། སྐྱབས་གཅིག་འཇམ་དབྱངས་མཁྱེན་བརྩེ་མཆོག་ནི་ཁོང་གི་སྙིང་དབུས་ཀྱི་གུར་ཁང་དུ་ནམ་ཡང་ལྷན་ནེ་ལྷན་མེར་བཞུགས་ཡོད་པས། ཁོང་གི་ཐུགས་རྒྱུད་དུ་སྐད་ཅིག་ཙམ་ལ་ཡང་བླ་མར་འབྲལ་བའི་ཚོར་སྣང་བྱུང་ཡོད་རྒྱུ་མ་རེད།
ཨ་སྲུས་འཇམ་དབྱངས་མཁྱེན་བརྩེ་མཆོག་སྐུ་དངོས་སུ་གདན་དྲངས་ཏེ་ཕེབས་བྱུང་། ཁོང་ཉིད་དབུ་བསྒུར་ཏེ་གུར་ནང་དུ་འཛུལ་བའི་རྣམ་པ་ནི། བདག་གི་དྲན་པའི་ངོས་ལ་ཁ་སང་གསར་དུ་བྱུང་བའི་དོན་ཞིག་དང་གཉིས་སུ་མ་མཆིས། ཁོང་གིས་བླ་མ་བསོད་བརྟན་གྱི་ཞལ་ངོར་གཟིགས་ཙམ་བྱས་པ་དང་། སྤྱན་གཉིས་ལ་ཅེར་ཏེ་བཞད་མོ་བཞད་བྱུང་། “བླ་རྒན། བླ་རྒན།”འདི་ནི་ཁོང་གི་ཐུགས་དགྱེས་པའི་འབོད་ཚུལ་རེད། “བླ་རྒན།” ཁོང་ན་རེ།“ཞིང་དེར་མ་སྡོད་ཅིག” ངས་རྗེས་སུ་རྟོགས་པ་ལ། དེ་ནི་ཁོང་གིས་བླ་མ་བསོད་བརྟན་གྱིས་བསམ་གཏན་གྱི་སྒོམ་རིམ་དམིགས་བསལ་ཞིག་ལ་ཐུགས་གཏོད་བཞིན་ཡོད་ཚུལ་མཁྱེན་པ་སྟེ། བླ་མ་བསོད་བརྟན་གྱིས་རང་གི་རིག་པའི་གཤིས་དང་ཆོས་ཉིད་སྟོང་པ་གཉིས་ངོ་བོ་དབྱེར་མེད་དུ་བཞག་པ་ཡིན་འདུག“བླ་རྒན། འདི་ནི་ཁྱོད་ཀྱིས་ཧ་གོ་རྒྱུ་རེད། ཁྱོད་ཀྱིས་འདི་འདྲའི་ཉམས་ལེན་ལ་གཞོལ་སྐབས། ལན་རེར་གེགས་ཀྱང་འཕྲད་སྲིད་པ་རེད། ཕྱིར་ཤོག ངས་ཁྱོད་ལ་ལམ་སྟོན་པར་བྱ།”
དུས་དེར། ང་ནི་སྐྲག་ནས་བླ་ཡང་འཐོར་བར་གྱུར། གལ་སྲིད་ཉིན་དེར་བྱུང་བའི་དོན་རྣམས་རང་གི་ཆུ་བུར་མིག་གིས་མངོན་སུམ་དུ་མཐོང་བ་མ་ཡིན་ཚེ། ཡིད་ཐེ་ཚོམ་གྱི་རྒྱ་རུ་ཚུད་འགྲོ། བློ་ཡུལ་ལས་འདས་པ་ཞིག་ལ། བླ་མ་བསོད་བརྟན་ནི་སླར་གསོན་པར་གྱུར། བདག་གི་བླ་མ་རིན་པོ་ཆེ་ཁོང་གི་གམ་དུ་བཞུགས་ཏེ། འདའ་ཀ་མའི་འདུ་ཤེས་མ་འཁྲུལ་པར་འཕོ་བའི་ཁྲིད་རྣམས་རྒྱས་པར་བཏབ་ཅིང་། སྤྱིར་འཕོ་བའི་ཁྲིད་ལ་རབ་ཆོས་སྐུའི་འཕོ་བ་དང་། འབྲིང་ལོངས་སྐུའི་འཕོ་བ། ཐ་མ་སྤྲུལ་སྐུའི་འཕོ་བ་སོགས་རིམ་པ་མང་པོ་ཡོད་པ་ལས། སྐབས་དེར་བླ་མ་མཆོག་གིས་ནི“ཨཱ”ཡིག་ལན་གསུམ་ཟློ་བའི་མན་ངག་ཅིག་གོ ། བླ་མ་རིན་པོ་ཆེས“ཨཱ”ཡིག་དང་པོ་སྐྱོར་བའི་སྐབས། ང་ཚོས་བླ་མ་བསོད་བརྟན་གྱིས་ཀྱང་སྐད་གདངས་མཐོན་པོས་རྗེས་ཟློས་བྱེད་པ་ཐོས་ཤིང་། “ཨཱ”ཡིག་གཉིས་པར་སྐད་གདངས་ཞན་ཞིང་། “ཨཱ”ཡིག་གསུམ་པར་སྨྲ་བ་འགགས་ཏེ། མཐར་བླ་མ་བསོད་བརྟན་ལགས་ཡོངས་སུ་སྐུ་ཞི་བར་གཤེགས་སོ། །
ཉེ་གནས་བསམ་གཏན་ཚེ་ལས་འདས་པ་ཡིས། ང་ལ་ཉམས་ལེན་གྱི་ཉིང་དགོས་མཐོང་བར་བྱས་ཤིང་། བླ་མ་བསོད་བརྟན་སྐུ་གཤེགས་པ་ཡིས། ཁོང་དང་ཁོང་ལྟ་བུའི་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་སྐྱེས་བུ་དག་ནི། སྐུ་འཚོ་བཞུགས་གནང་སྐབས་གཞན་དང་མི་མཚུངས་པའི་རྟོགས་པའི་ཡོན་ཏན་སྦས་པའི་ཚུལ་གྱིས་མངའ་བ་ཤེས། དོན་དམ་པར། དེ་ལྟ་བུའི་ཡོན་ཏན་ནི་ལན་རེར་འདའ་ཀའི་སྐད་ཅིག་མ་ལ་མངོན་ཙམ་བྱེད་ཀྱང་སྲིད། སྐབས་དེར། ང་རང་ལོ་ན་ཕྲ་ཡང་སྔ་ཕྱི་གཉིས་ཀྱི་སྐུ་གཤེགས་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པ་རྟོགས། དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། གཅིག་ནི་སྐུ་ཚེ་གང་བོར་སྒྲུབ་པ་ཉམས་ལེན་ལ་གཞོལ་བའི་རབ་བྱུང་པ་དང་། གཞན་གཅིག་ནི་མྱོང་བ་ཅུང་ཟད་ཟབ་པའི་ཉམས་ལེན་པ་ཞིག་རེད། ཉེ་གནས་བསམ་གཏན་ནི་ཕལ་པའི་འཆི་སྟངས་ལྟར་སྡུག་བསྔལ་གྱི་ཀློང་ནས་ཚེ་ལས་འདས་ཀྱང་། འཆི་ཁར་ཡིད་ཆེས་ཀྱིས་ཁེངས་འདུག བླ་མ་བསོད་བརྟན་སྐུ་གཤེགས་ཚུལ་གྱིས། ཁོང་ཉིད་སྐྱེ་འཆི་ལ་རང་དབང་ཐོབ་ཡོད་པ་བསྟན་ནོ། །
བླ་མ་བསོད་བརྟན་གྱི་འདས་མཆོད་བསྒྲུབས་ཏེ་ཡུན་རིང་མ་འགོར་བར། ང་ཚོ་ཡར་འབྲོག་དགོན་དུ་གནས་སྤར་ཞིང་། ང་རང་ནམ་རྒྱུན་ལྟར་བླ་མའི་འཁྲིས་སུ་ཉར་བཞིན་ཡོད། མཚན་མོ་དེར། མི་གཞན་དག་རྨི་ལམ་གྱི་ཞིང་དུ་འགྲིམས་ཀྱང་། ངས་མར་མེ་ལམ་ལམ་བསྒྲོན་པའི་གྲིབ་གཟུགས་གྱང་ངོས་སུ་ཕོག་སྟེ་ཕར་གཡོ་ཚུར་གཡོ་བྱེད་པ་མཐོང་བ་དང་། མཚན་ཧྲིལ་པོར་གཉིད་མ་ཁུག་པར་ངུས་པ་ཡིན། ང་རང་ཉལ་ཁྲིར་བསྙེས་ནས་འཆི་བདག་དང་རང་ཉིད་འཆི་དགོས་པ་ཡང་ཡང་དྲན་ཞིང་། དྲན་ནས་ཀྱང་སྐྱོ་བས་དྲག་ཏུ་མནར། རིམ་གྱིས་སྐྱོ་གདུང་གི་ཁྲོད་ནས་གོ་རྟོགས་ཟབ་མོ་ཞིག་རྙེད་དེ། གང་ཞེ་ན། འཆི་བའི་དོན་དངོས་དང་དུ་བླངས་ཏེ་མི་ཚེ་གང་པོ་དམ་པའི་ཆོས་ཉམས་ལེན་གྱིས་སྐྱེལ་རྒྱུ་ཡིན་པར་ཐག་བཅད་པའོ། །
དེར་བརྟེན། ང་རང་ན་ཚོད་གཞོན་པའི་དུས་ནས་འཆི་བདག་དང་འཕྲད་ཅིང་། འཆི་བའི་དོན་ལ་ཉམས་ཞིབ་བྱས་པ་ཡིན། དུས་སྐབས་དེར། ངས་འཆི་ལུགས་སྣ་ཚོགས་ཀྱི་སྒོ་ནས་འཆི་བདག་བསླེབ་ངེས་ཡིན་པ་ཡིད་ལའང་མ་ཤར་ཞིང་། སྙིང་ཉེ་བའི་ཉེ་དུ་དང་གཅེས་སུ་འོས་པའི་དངོས་རྫས་ཀུན་ཀྱང་འཆི་བའི་བདག་ཉིད་དུ་གྲུབ་པ་ཤེས་རྒྱུ་མ་རེད། དེའང་ངའི་ཁྱིམ་ཚང་གི་མིང་ལ་ལྭ་དཀར་ཚང(Lakar Tsang)ཞེས་ཟེར་ཞིང་། བོད་ཀྱི་ཁྱིམ་རྒྱུད་ཕྱུག་པོ་ཞིག་ཡིན་པར་མ་ཟད། དུས་རབས་བཅུ་བཞི་པ་ནས་བཟུང་། ནང་ཆོས་གཙིགས་སུ་འཛིན་པའི་ཁྱིམ་རྒྱུད་སྟོབས་ལྡན་ཞིག་སྟེ། ནང་བའི་བསྟན་པ་རྒྱུད་འཛིན་དང་སྐྱེས་བུ་དམ་པ་རྣམས་ཀྱིས་དམ་པའི་ཆོས་ཀྱི་འཕྲིན་ལས་སྐྱོང་བར་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
དུས་ཡུན་རིང་པོ་མ་འགོར་བར། ཡང་བསྐྱར་ཤིན་ཏུ་བཟོད་པར་དཀའ་བའི་འཆི་བདག་སླེབས་བྱུང་། དེ་ནི་བདག་གི་དཔལ་ལྡན་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་དགོངས་པ་ཆོས་དབྱིངས་སུ་གཏད་པའོ། ། ཁོང་ཉིད་སྐུ་མྱ་ངན་ལས་འདས་པའི་ཤུལ་དུ། ད་ནི་ང་རང་འཚོ་བར་སྙིང་པོ་གང་ཡང་མི་འདུག་སྙམ་མོ། །
གསལ་བཤད།
ཕྱག་རྩོམ་འདི་ཉིད་ནི་བསོད་རྒྱལ་རིན་པོ་ཆེ(1947-2019)དང་ཨན་དྷི་རོ· ཧར་ཝེ(Andrew Harvey)རྣམ་གཉིས་ཀྱིས་བརྩམས་པའི<<བོད་ཀྱི་འཆི་བ་དང་གསོན་པའི་རྣམ་གཞག>>(The Tibetan Book of Living and Dying)ཅེས་པའི་དེབ་ལས་བདམས་ཏེ་བསྒྱུར་པ་དང་། ཁ་བྱང་ནི་སྒྱུར་མཁན་གྱིས་སྐབས་བབ་བཏགས་པ་ཙམ་མོ། ། འོན་ཀྱང་། འདི་ཉིད་ཞུ་དག་ལེགས་པོ་བྱས་མེད་པས། དྲྭ་དེབ་ཚགས་གསུམ་གཞན་དུ་དགོད་མི་རུང་། ཞེས༢༠༡༩ལོའི་ཟླ༨པའི་ཚེས༣༠ཉིན་སྒྱུར་པ་པོས།