March 2020

1. སྐད་ཡིག་ལྷན་ཐབས། ཀློག་གི་སྐོར།
ནོར་བུ་བཀྲ་ཤིས། ༡༩༨༠ ལོར་མདོ་སྨད་མགོ་ལོག་གི་ཡུལ་དུ་སྐྱེས། ལོ་བརྒྱད་ཀྱི་ཐོག་ཕ་རྒན་གྱི་དྲུང་ནས་བོད་ཡིག་གི་ཀློག་སྦྱངས་ཏེ་རིམ་བཞིན་དགོན་སྡེ་ཆེ་ཆུང་དུ་མར་འགྲིམས་ཤིང་གྲུབ་མཐའ་གསར་རྙིང་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་བྱས་དང་བྱེད་བཞིན་པ་དང་། ཁྱད་པར་དུ་བགྲང་བྱ་ཉེར་ལྔ་ལྷག་གི་རིང་ལ་བོད་མདོ་དབུས་ཁམས་གསུམ་དང་། ཧི་མ་ལ་ཡ་རི་རྒྱུད་དང་བཅས་པའི་དགེ་རྒན་མང་པོ་ཞིག་ཆེད་དུ་བསྟེན་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་ཀློག་གི་སྐོར་ལ་བསྐྱར་སྦྱོང་ཡང་ཡང་བྱས་པ་དང་འབྲེལ་བརྡ་དག་ཚད་ལྡན་གྱི་གཞུང་ལུགས་དང་། ཀློག་སློབ་པའི་སློབ་དཔོན་མཁས་པའི་ཡིག་ཀློག་གི་མན་ངག་དང་། གནའ་དེང་གི་ཡང་དག་པའི་ངག་དང་། བརྡ་གསར་རྙིང་དང་། སྐད་བརྡ་རིག་པ་རྣམས་གཞི་ལ་བཞག་སྟེ། ལུང་རིགས་དང་མི་འགལ་བར་གཙོ་བོ་བོད་ཡུལ་སྟོད་སྨད་བར་གསུམ་དང་བཅས་པས་བོད་ཡིག་གི་ཀློག་འདོན་བྱེད་ཚུལ་དང་། བོད་ཀྱི་སྐད་བརྡ་ལ་ཆེད་དུ་ཉམས་ཞིབ་དང་ཞིབ་འཇུག་གི་ལས་ལ་ད་ལྟའི་བར་དུ་ནུས་ཚོད་ལྟར་སྒོ་དུ་མ་ནས་འབད་བརྩོན་བྱས་དང་བྱེད་བཞིན་པ་ལགས་སོ།

༄༅། །ཡུལ་གངས་ཅན་གྱི་བརྡ་སྤྲོད་པའམ་སྒྲ་རིག་པའི་བྱེ་བྲག་སུམ་རྟགས་དག་གསུམ་གྱི་སྔོན་འགྲོ་བོད་ཡིག་གི་ཀློག་ཐབས་མན་ངག་དང་བཅས་པ་མདོར་བསྡུས་ཏེ་བསྟན་པ་ཐུ་མིའི་དགོངས་གཏེར་རྒྱ་མཚོ་ཆེན་པོའི་ཆུ་ཐིགས་ཞེས་བྱ་བ་བཞུགས་སོ།།

༈ བོད་ཀྱི་ལོ་ཙཱ་བ་ཆེན་པོ་མཁས་མཆོག་སློབ་དཔོན་ཐུ་མི་སམྦྷོ་ཊ་དང་བརྡ་སྤྲོད་སྨྲ་བའི་དབང་ཕྱུག་གནའ་དེང་གི་ལོ་པཎ་བཀའ་དྲིན་ཅན་རྣམ་པ་ཡོངས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །གསལ་བྱེད་སོ་བཞིའི་དབྱངས་རྟ་ངག་ལ་དྲངས། །ངག་གི་སྒྱུ་རྩལ་མཁས་རྣམས་དལ་གཅིག་གསོན། །སྙན་ངག་གྱེར་མཁན་དབུ་མཛད་རྡུང་ལེན་མཁན། །གསར་འགྱུར་བཤད་མཁན་དགེ་རྒན་སྒྲུང་པ་དང་། །རྩོད་ལ་མཁས་པའི་དགེ་བཤེས་ལྷ་རམས་པ། །འཆད་མཁས་དྲན་དབང་མཁན་སྤྲུལ་བླ་སློབ་ཚོགས། །རྩོམ་མཁས་དཔྱོད་ལྡན་རིགས་སྨྲ་ཁ་ཤགས་མཁན། །སྐད་སྒྱུར་ཡིག་སྒྱུར་བྱེད་པའི་ལོ་པཎ་དང་། །རིམ་གྲོ་འདྲ་མིན་བྱེད་པའི་ཨ་མཆོད་དང་། །སྙན་ཞུ་སྣ་ཚོགས་ཀློག་པའི་ཆོས་ཁྲིམས་པ། །གླུ་གཞས་སྒྲོགས་སྦྱང་བྱེད་མཁས་གཏམ་བཤད་མཁན། །སྐྲ་ལོ་དུང་ལྟར་དཀར་བའི་རྒན་འཁོགས་དང་། །བཀུར་འོས་ཕ་མ་ལས་བྱེད་ཤེས་ལྡན་པ། །གཞོན་ཆུང་རྣམ་རིག་བཀྲ་བའི་གཅེས་ཕྲུག་ཚོ། །མདོར་ན་མཐོ་སར་བཞུགས་པའི་མི་ཆེན་དང་། །དམའ་བའི་གྲལ་ལ་སྡོད་མཁན་སུ་ཡིན་རུང་། །ལྷག་ཏུ་ཀློག་སློབ་མཁན་རྣམས་ཐུགས་རྒྱུད་བསྐུལ། །རང་རེའི་སྐད་ཡིག་ཚེ་སྲོག་ཆད་ལ་ཁད། །མཐོན་པོའི་གསུང་དང་དམའ་བའི་ངག་ཀུན་ལ། །ཀློག་སྐྱོན་ནད་ཚབས་ཆེན་པོས་ཟིན་པར་བརྟེན། །ཁྱེད་རྣམས་ངག་རྩལ་ཡིག་ཀློག་བྱང་ཆུབ་ན། །ཤིན་ཏུ་ཕན་པའི་ཡོན་ཏན་བརྗོད་མི་ལང་། །རྒྱལ་བས་བཀྲ་ཤིས་བརྩེགས་པར་ཀློག་ཉེས་པ། །བཀྲ་མི་ཤིས་པར་གསུངས་པ་གཟིགས་ལགས་སམ། །གཞན་ཡང་མདོ་སྔགས་རིག་གནས་གཞུང་ཀུན་ལས། །ལན་གཅིག་ཙམ་མིན་གཟབ་ནན་ཚུལ་གྱིས་གསུངས། །ཀློག་དོན་ཞིབ་ཏུ་འཚོལ་ལ་ཐུགས་རྗེས་གཟིགས། །དབྱངས་གསལ་སོ་བཞིའི་ཐུན་མིན་སྒྲ་རྩོལ་ཀུན། །ཁ་ནས་གང་ཐོན་མ་ལགས་ཤིན་ཏུ་གཟབ། །མ་དག་རྒྱུན་འབྱམས་གང་ཡོད་ཞིབ་ཏུ་དཔྱོད། །སྐྱེ་གནས་བྱེད་རྩོལ་ཇི་བཞིན་མཐར་ཕྱིན་མཛོད། །སྔོན་འགྲོ་ཡིག་ཀློག་ཡང་དག་མེད་བཞིན་དུ། །སུམ་རྟགས་དག་གསུམ་གངས་ལྗོངས་སྒྲ་རིག་པ། །ཤེས་དཀའ་ཤེས་ཀྱང་ཕལ་ཆེར་མྱོང་བས་དབེན། །གལ་ཏེ་ཀློག་རྩལ་ཕུན་སུམ་ཚོགས་གྱུར་ན། །དག་ཡིག་གཞུང་ལུགས་ཕལ་ཆེར་མེད་ཀྱང་རུང་། །ཀུན་ཀྱང་མི་འདྲ་ཁྱད་འབྱེད་སུ་ཞིག་ནོར། །བརྟགས་ན་ཤིན་ཏུ་མི་འདྲ་ནོར་མི་སྲིད། །དཔེར་ན་ཕ་མ་ཕན་ཚུན་སུ་ཞིག་ནོར། །བརྗོད་བྱ་རྗོད་བྱེད་ཐ་དད་ཡིན་བཞིན་དུ། །ངག་ནས་ཁྱད་མེད་བཀླགས་ན་ནོར་འཁྲུལ་མང་། །དཔེར་ཀ་དཀའ་རྐ་ལྐ་སྐ་ཕན་ཚུན་ནོར། །དེ་བཞིན་དབྱངས་ཡིག་ཕན་ཚུན་ནོར་བའང་མང་། །མི་རེའི་ངག་ན་ཡིག་ཀློག་གསེར་འདྲ་བ། །མེད་མཁན་མེད་ཀྱང་ཀློག་སྐྱོན་རི་འདྲ་བ། །མེད་མཁན་མེད་ཕྱིར་གཟུར་གནས་ནན་ཏན་བསྐྱེད། །མདོར་ན་ཀློག་གི་སྐྱོན་ཡོན་ངོས་ཟིན་ཏེ། །ལེགས་སྤེལ་ཉེས་འགོག་བྱེད་ལ་རྟག་ཏུ་འབད། །རིགས་མཐུན་ཁ་བ་ཅན་གྱི་སྤུན་ཟླ་ཚོ། །ལྟོས་བཅས་ཡོངས་ལ་སེམས་གཏམ་སྙིང་ནས་ཞུ། ༈ ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ། ཨི་ཨུ་ཨེ་ཨོ། ༈ ཀ་ཁ་ག་ང་ང་ཚོའི་ཡི་གེ་ཡིན། །ཅ་ཆ་ཇ་ཉ་ཉ་གང་ཟླ་བ་འདྲ། །ཏ་ཐ་ད་ན་ན་ཚོད་གཞོན་དུས་སྦྱང་། །པ་ཕ་བ་མ་མ་རིག་མུན་པ་སེལ། །ཙ་ཚ་ཛ་ཝ་ཝ་ཚོགས་རྒོལ་ངན་འཇོམས། །ཞ་ཟ་འ་ཡ་ཡ་རབས་དམ་པའི་སྲོལ། །ར་ལ་ཤ་ས་ས་གཞིའི་མེ་ཏོག་འཛུམ། །ཧ་ཨ་ཨཱ་ལི་ཀཱ་ལིའི་དབྱངས་རྟ་གྱེར། །རྐྱང་པ་གསལ་བྱེད་སུམ་ཅུ་ཁོ་ན་ཀློག །སྒྲ་རྩོལ་ཐུན་མིན་མི་འདྲ་སུམ་ཅུ་ཡོད། །དེ་ལྟར་བཀླགས་པ་དྲང་པོའི་ང་རོ་ཡིན། །གཙོ་བོ་སྐྱེ་གནས་བྱེད་རྩོལ་ཟབ་ནན་སྦྱང་། །ལྷག་ཏུ་སྡེ་པ་སོ་སོའི་གསུམ་པ་སྟེ། །ག་ཇ་ད་བ་ཛ་འ་ཤ་འདི་རྣམས། །ཡང་ཡང་ཆེད་སྦྱོང་འབད་རྩོལ་བྱ་བར་རིགས། །རྐྱང་པའི་ཀློག་རྩལ་ཇི་བཞིན་མ་བྱུང་ན། །སྔོན་རྗེས་གུག་ཀྱེད་མགོ་འདོགས་སྒྲ་གཅིག་ཅན། །རིང་ཐུང་ཡང་འཇུག་དང་བཅས་འདིར་བཀླགས་ཚེ། །སྐབས་སུ་མ་བབ་ཀློག་མཁན་སུ་ཡིན་རུང་། །ཆད་ལྷག་སྐྱོན་ཚབས་ཆེ་བས་རིང་དུ་སྤོངས། །པ་ཡིག་བ་རུ་བཀླགས་པའི་ཀློག་སྐྱོན་དང་། །བ་ཡིག་པ་རུ་བཀླགས་པའི་ཀློག་སྐྱོན་སོགས། །དཔེར་མཚོན་ཙམ་ཞིག་གཞུང་འདིར་བསྟན་པ་ཡིན། །ཞིབ་པར་ཁོ་བོས་ཀློག་ཐབས་གཞན་དུ་བྲིས། །ཚད་ལྡན་གཞུང་དང་ཡང་དག་ངག་དང་བསྡུར། །གཟུར་གནས་སློབ་དཔོན་དམ་པའི་ངག་ལས་སློབས། །བསླབ་བསླབ་བསླབ་བསླབ་རྐྱང་ཀློག་ཡང་ཡང་སློབས། ༈ དེ་ནས་དབྱངས་ཡིག་བཞི་ཀའི་ང་རོ་བསླབ། །ཀི་ཀུ་ཞབས་ཀྱུ་འགྲེང་བུ་ན་རོ་སྟེ། །གསལ་བྱེད་སུམ་ཅུའི་མཐའ་མ་ཨ་ལ་སྦྱར། །སྡུད་ཚེ་ཨི་ཨུ་ཨེ་ཨོ་ཞེས་བྱའོ། ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ་ཨ། །སེངྒེ་འདྲ་བའི་ཨ་ཡིག་གཞི་ལ་བཞག །སྦྱོར་ཀློག་བྱེད་ཚུལ་སྣ་ཚོགས་ཡོད་ན་ཡང་། །ཨའི་གི་གུ་ཨི་ཨའི་ཞབས་ཀྱུ་ཨུ་དང་། ཨའི་འགྲེང་བུ་ཨེ་ཨའི་ན་རོ་ཨོ་བརྗོད། ཨ་ཀི་ཀུ་ཨི་ཨ་ཞབས་ཀྱུ་ཨུ་དང་། །ཨ་འགྲེང་བུ་ཨེ་ཨ་ན་རོ་ཨོ་སྟེ། །ཨཱ་ལི་དང་པོ་ཨི་ཡིག་སྦྱར་ན་ཨི། །ཨི་ཨཱི་ཞེས་བརྗོད་རིང་ཐུང་གཉིས་དབྱེ་འོ། །ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་ན་ཨུ། །ཨུ་ཨཱུ་ཞེས་བཀླག་དེ་ཡང་རིང་ཐུང་གཉིས། །ཨཱ་ལི་གསུམ་པ་ཨེ་ཡིག་སྦྱར་ན་ཨེ། །ཨཱ་ལི་བཞི་པ་ཨོ་ཡིག་སྦྱར་ན་ཨོ། །ཨེ་ཨོ་བོད་སྐད་ཉིད་ལ་རིང་ཐུང་མེད། །རྒྱ་གར་སྐད་ལ་ཡོད་ཀྱང་འདིར་མི་གཙོ། །བཀུག་བསྒྲེང་བསྟོད་སྨད་བཞི་ཞེས་གྲགས་པ་སྟེ། །གི་གུ་ཞབས་ཀྱུ་འགྲེང་བུ་ན་རོ་ཡིན། །ཕན་ཚུན་སྒྲ་གདངས་ནོར་ན་ཤིན་ཏུ་གོལ། །གསལ་བྱེད་ཀུན་ལ་སྦྱར་ནས་ངག་རྩལ་སྦྱོངས། །སྟོང་ཕྲག་མང་པོ་ནོར་འཁྲུལ་ཡོད་པས་གཟོབས། །ཡིད་ངག་གཉིས་ཀས་སྦྱངས་པ་མཐར་ཕྱིན་མཛོད། །མདོར་ན་སྒྲ་དྲང་བཀུག་བསྒྲེང་བསྟོད་སྨད་ལྔ། །རིལ་པོའི་སྒྲ་དང་ཟུར་གྱི་ལྔ་ལྔ་བཅུ། །བཀླག་རུང་ཀུན་ལ་སྦྱར་ནས་ཚད་ལྡན་སྦྱང་། །དཔེར་ན་ས་སི་སུ་སེ་སོ་རིལ་པོའི་སྒྲ། །སས་སིས་སུས་སེས་སོས་ཀྱི་མཐའ་ལྟ་བུའི། །ཟུར་ཕྱིན་མ་ནོར་ཆད་ལྷག་མེད་པར་འབད། །དེ་ཡང་ཚེག་ཁྱིམ་གཅིག་བསྡུས་ང་རོས་བཅིང་། །ང་རོའི་སྒྲ་གཟུགས་ནོར་ན་ཤིན་ཏུ་གོལ། ༈ །རྣམ་རྟོག་བརྗོད་འདོད་རླུང་གི་གཡོ་བ་དང་། །རྒྱུ་བདུན་རྒྱུ་བཞིས་གཏན་ལ་འབབ་ཚུལ་སོགས། །སྐྱེ་གནས་བྱེད་རྩོལ་རྣམ་གཞག་མང་ན་ཡང་། །འདིར་ནི་སྐྱེ་གནས་བྱེད་རྩོལ་གསུམ་དང་བསྟུན། །ཡི་གེའི་སྐྱེ་གནས་ཡི་གེ་འབྱུང་ས་ཡིན། །ཡི་གེའི་བྱེད་པ་དེ་ཡི་བྱ་བ་ཡིན། །དེ་ནི་བྱེད་པའི་མིང་གིས་བཏགས་པ་ལས། །བྱ་བྱེད་ལས་གསུམ་ནང་གི་བྱེད་པ་དང་། །བྱ་བྱེད་བྱས་གསུམ་ནང་གི་བྱེད་ཙམ་མིན། །གཅད་གཅོད་བཅད་གསུམ་བྱ་བ་ཡིན་པ་བཞིན། །བློ་ཁ་ཕྱོགས་ཚེ་དཀའ་གནད་གྲོལ་བར་འགྱུར། །ཡི་གེའི་རྩོལ་བ་དེ་ཡི་བྱེད་སྟངས་ཡིན། །དྲིལ་བུ་དང་ནི་རྒྱུད་མངས་དཔེ་དང་སྦྱར། ༈ །སྐྱེ་གནས་གྲངས་ཀ་འདྲེན་ཚུལ་མང་ན་ཡང་། །སྐྱེ་གནས་བརྒྱད་དེ་ཁོག་མགྲིན་རྐན་ལྕེ་སྣ། །སྤྱི་བོ་སོ་མཆུ་སོ་སོའམ་འདུས་པ་ལས། །ཡི་གེའི་སྒྲ་རྣམས་ཐམས་ཅད་ཚུལ་བཞིན་དབྱུང་། །མགྲིན་བྱུང་ཡི་གེ་ཀ་ཁ་ག་ང་དང་། །འ་ཧ་ཨ་བདུན་མི་འདྲའི་ཚུལ་དུ་དབྱུང་། །རྐན་བྱུང་ཅ་ཆ་ཇ་ཉ་ཙ་ཚ་ཛ། །ཞ་ཡ་ཤ་ཨི་ཨེ་དང་བཅུ་གཉིས་སོ། །ཙ་ཚ་ཛ་གསུམ་སོ་ལས་སྐྱེས་པའང་ཡིན། །ཏ་ཐ་ད་ན་ཟ་ལ་ས་བདུན་སོ། །པ་ཕ་བ་མ་ཝ་ཨུ་ཨོ་བདུན་མཆུ། །ང་ཉ་ན་མ་བཞི་ག་སྣ་ལས་ཀྱང་། །ར་ཡིག་སྤྱི་བོའམ་ལྕེ་རྩེའི་སྟེང་ནས་དབྱུང་། ༈ །བྱེད་པ་སོ་སོའི་གནས་དང་ལྕེ་རྐན་གཙོ། ༈ །རྩོལ་བ་དམ་ལྷོད་ཤིན་ཏུ་ཆེས་ལྷོད་པ། །པ་སྡེ་ཡན་ཆད་རིམ་བཞིན་སྦྱར་ནུས་ཀྱང་། །ཙ་ཚ་ཛ་གསུམ་དམ་ལྷོད་ཤིན་ཏུ་ལྷོད། །ཝ་ཡིག་བ་སྦྱར་ཤིན་ཏུ་ལྷོད་པར་གྲུབ། །ཞ་ཟ་འ་ཡ་ཤ་ས་མོ་ཡིན་ཕྱིར། །ཤིན་ཏུ་ལྷོད་པའི་རྩོལ་བ་ཉིད་དུ་རྟོགས། །མོ་གཤམ་ར་ལ་ཧ་ཨ་ཀུན་ལས་ལྷོད། །དེ་ལྟར་དབྱངས་གསལ་སོ་བཞིའི་སྒྲ་རྩོལ་ཀུན། །མ་འདྲེས་སོ་སོར་དཔྱད་ཞིབ་མཐར་ཕྱིན་ན། ༈ །དེ་རྗེས་མགོ་འདོགས་ཡང་འཇུག་ཚུལ་བཞིན་བསླབ། ༈ །ར་མགོ་བཅུ་གསུམ་རྐ་རྒ་རྔ་རྗ་རྙ། །རྟ་རྡ་རྣ་རྦ་རྨ་རྩ་རྫ་རླ་ཡིན། ༈ །ལ་མགོ་བཅུ་སྟེ་ལྐ་ལྒ་ལྔ་ལྕ་ལྗ། ༈ །ལྟ་ལྡ་ལྤ་ལྦ་ལྷ་བཅས་སོ་སོར་བཀླག །ས་མགོ་བཅུ་གསུམ་སྐ་སྒ་སྔ་སྙ་སྟ། །སྡ་སྣ་སྤ་སྦ་སྨ་སྩ་སྲ་སླ་འོ། །གོ་རིམ་ཇི་བཞིན་ར་མགོ་ལྕེ་འདར་བཀླག །ལ་མགོ་ལྕེ་ཀློད་རྒྱ་བསྐྱེད་ལ་སྒྲས་དབྱུང་། །ས་མགོ་ས་ཟུར་དང་བཅས་སོ་ལས་དབྱུང་། །དེ་ཡང་ཀ་སོགས་མིང་གཞི་གཙོ་བོར་དབྱུང་། །ཚེག་ཁྱིམ་གཅིག་ཏུ་གོ་རིམ་མ་ནོར་སྡུད། །མགོ་ཅན་སྟེང་གི་ར་ལ་ས་གསུམ་པོ། །འོག་དང་སྔོན་རྗེས་ཚུལ་དུ་དབྱུང་མི་རུང་། །ཐོག་མཐའ་བར་གསུམ་ནང་ནས་ཐོག་མར་འདྲེན། །སྒྲ་རྩོལ་མི་གཅིག་གནམ་སའི་ཁྱད་པར་ཡོད། །ཁྱད་པར་མེད་ན་ཀློག་སྐྱོན་ལས་གཞན་མིན། ༈ །དེ་ནས་ཡ་འདོགས་ཅན་ཏེ་ཀྱ་ཁྱ་གྱ། །པྱ་ཕྱ་བྱ་མྱ་ཡ་བཏགས་ཡ་རུ་བཀླག །དྱ་ཧྱའང་ཡ་འདོགས་བཞེད་མཁན་ཡོད། ༈ །ར་འདོགས་བཅུ་གཉིས་ཀྲ་ཁྲ་གྲ་ཏྲ་ཐྲ། །དྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་རྣམས་སོ། ༈ །ལ་འདོགས་དྲུག་ནི་ཀླ་གླ་བླ་ཟླ་རླ། །སླ་སྟེ་རླ་སླ་མགོ་ཅན་གྲས་སུའང་བགྲངས། །གཉིས་ཀ་ཡིན་པའི་མུ་ཡིན་སྐྱོན་མ་མཆིས། །ཀློག་ཚུལ་བྲིས་གཟུགས་གཉིས་ཀར་དགོས་པ་མཐོང་། ༈ །ཝ་འདོགས་ཀུན་ལ་གདགས་རུང་ཡིན་ན་ཡང་། །རེ་ཞིག་ཉེར་མཁོ་བཅོ་བརྒྱད་གཏན་ལ་ཕབ། །ཀྭ་ཁྭ་གྭ་ཉྭ་ཏྭ་དྭ་ཚྭ་ཞྭ་ཟྭ། །རྭ་ལྭ་ཤྭ་སྭ་ཧྭ་རྩྭ་གྲྭ་དྲྭ་ཕྱྭའོ། །འདོགས་ཅན་བཞི་པོ་ཕན་ཚུན་མི་ནོར་ཐབས། །ལུས་དང་ཡན་ལག་གཉིས་ལས་ལུས་གཙོར་བཀླག །ཡན་ལག་སྒྲ་ཟུར་ཉམས་ན་ཤིན་ཏུ་སྐྱོན། །ཡ་ར་ལ་ཝའི་སྒྲ་ཟུར་འོག་ཏུ་འདྲེས། །འདི་དག་ཚད་ལྡན་གཞུང་བཞིན་དབྱུང་དཀའ་ན། །ཕྲལ་ཀློག་དང་བཅས་དལ་མྱུར་སྣ་ཚོགས་བྱེད། །མདོར་ན་རྐྱང་སྦྱོར་ཕྲལ་སྡུད་ཀློག་ཚུལ་བཞི། །གསེར་གྱི་ལྡེ་མིག་ལྟ་བུ་སྙིང་ལ་ཆོངས། ༈ །དེ་ནས་སྔོན་རྗེས་ཡང་འཇུག་ཚུལ་བཞིན་བསླབ། །ཆད་ལྷག་ཚབས་ཆེན་ཡོད་པས་ཤིན་ཏུ་གཟབ། །དེ་ནས་འཕུལ་མེད་སུམ་བརྩེགས་བཅུ་བཞི་སྦྱང་། །རྐྱ་རྒྱ་རྨྱ་སྐྱ་སྒྱ་སྤྱ་སྦྱ་སྨྱ་སྐྲ། །སྒྲ་སྤྲ་སྦྲ་སྨྲ་སྣྲ་བཅས་ནན་གྱིས་སློབས། ༈ །དེ་ནས་རྐྱང་འཕུལ་བཞི་བཅུ་ཞེ་བརྒྱད་བཀླག ༈ །གས་འཕུལ་བཅུ་གཅིག་ཅ་ཉ་ཏ་ད་ན། །ཙ་ཞ་ཟ་ཡ་ཤ་ས་རྣམས་ལ་སྦྱར། ༈ །དས་འཕུལ་དྲུག་སྟེ་ཀ་ག་ང་པ་བ། མ་དང་ ༈ བས་འཕུལ་བཅུ་ནི་ཀ་ག་ཅ། །ཏ་ད་ཙ་ཞ་ཟ་ཤ་ས་རྣམས་སོ། ༈ །མས་འཕུལ་བཅུ་གཅིག་ཁ་ག་ང་ཆ་ཇ། །ཉ་ཐ་ད་ན་ཚ་ཛ་རྣམས་ལ་སྦྱར། ༈ །འས་འཕུལ་བཅུ་ནི་ཁ་ག་ཆ་ཇ་ཐ། །ད་ཕ་བ་ཚ་ཛ་རྣམས་རིམ་བཞིན་སྦྱར། །སུམ་པ་ལོ་ཙཱས་ཇ་རྐྱང་བས་འཕུལ་འདོད། །ཀླུ་མེས་དབང་ཕྱུག་གྲགས་ཞེས་བྱ་བ་ཡིས། །ཉ་རྐྱང་བས་འཕུལ་ཡོད་པར་བཞེད་པ་ལ། །དབུས་པ་བློ་གསལ་ཞ་ལུས་བཀག་མོད་ཀྱང་། །ཁོ་བོས་གཞུང་འདིར་དགག་སྒྲུབ་ཆེར་མི་བྱེད། །དེ་གཉིས་བཀླག་རུང་ཙམ་ལ་སྐྱོན་མ་མཐོང་། །བཇའ་བཉའ་ལྟ་བུ་མངོན་སུམ་གནོད་མེད་གྲུབ། །བདག་ནི་ཉེར་མཁོ་མིན་ཡང་བཀླག་རུང་འདོད། །འདི་དག་ཞིབ་པར་ཁོ་བོའི་གཞུང་གཞན་གསལ། ༈ །ག་སྔོན་འཇུག་སྐབས་ཐོག་མར་རྐན་དབྱུང་གཙོ། ༈ །ད་སྔོན་འཇུག་ཚེ་ལྕེ་རྩེ་ཀློད་པ་གཙོ། ༈ །བ་མའི་སྔོན་འཇུག་ཐོག་མར་མཆུ་བཙུམ་གནད། ༈ །འ་སྔོན་འཇུག་ཚེ་མགྲིན་ཕུག་སྟོངས་ཀྱིས་བཀླག །དབུགས་སྒྲ་སྣ་ནས་དབྱུང་བ་མན་ངག་ཡིན། །འདི་ལ་རྐན་ཕུག་མགྲིན་པ་བཙུམ་མི་རུང་། །ཡིག་འབྲུ་སོ་སོའི་སྐྱེ་གནས་བྱེད་རྩོལ་དྲན། ༈ །གོ་རིམ་བཞིན་དབྱུང་མ་ནོར་ཆད་ལྷག་བྲལ། །དེ་ཡང་འཕུལ་དང་མིང་གཞི་སྦྱར་ནས་བཀླག །སྦྱོར་ཀློག་བྱེད་ཚེ་ག་འོག་ཅ་འ་གཅའ། །ཞེས་བརྗོད་འོག་འདི་མིང་གཞིའི་སྔོན་དུ་དབྱུང་། །འདི་དག་སྔོན་འཇུག་ཀློག་པའི་མན་ངག་ཡིན། །ཡང་ན་ག་ཅ་འ་གཅའ་ཞེས་པར་བཀླག ༈ །བརྩེགས་འདོགས་འཕུལ་ཅན་ང་བདུན་ཡོད་པ་ལས། ༈ །དས་འཕུལ་ཡ་འདོགས་ལྔ་སྟེ་དཀྱ་དགྱ་དཔྱ། །དབྱ་དམྱ་དས་འཕུལ་ར་འདོགས་ཅན་ལྔ་ནི། །དཀྲ་དགྲ་དཔྲ་དབྲ་དམྲ་རྣམས་ཤེས་པར་བྱ། ༈ །བས་འཕུལ་ར་མགོ་བཅུ་ནི་བརྐ་བརྒ་བརྔ། །བརྗ་བརྙ་བརྟ་བརྡ་བརྣ་བརྩ་བརྫ་རྣམས་སོ། ༈ །བས་འཕུལ་ལ་མགོ་ལྡན་པ་བལྟ་བལྡ་གཉིས། ༈ །བས་འཕུལ་ས་མགོ་ཅན་བརྒྱད་བསྐ་བསྒ་བསྔ། །བསྙ་བསྟ་བསྡ་བསྣ་བསྩ་རྣམས་ཚུལ་བཞིན་བཀླག ༈ །བས་འཕུལ་ཡ་འདོགས་ཅན་ནི་བཀྱ་བགྱ་གཉིས། ༈ །བས་འཕུལ་ར་འདོགས་ཅན་ནི་བཀྲ་བགྲ་བསྲ། ༈ །བས་འཕུལ་ལ་འདོགས་ལྔ་སྟེ་བཀླ་བགླ་བཟླ། །བརླ་བསླ་བས་འཕུལ་སུམ་བརྩེགས་ཅན་ནི་དྲུག ༈ །བས་འཕུལ་སུམ་བརྩེགས་ཡ་འདོགས་ཅན་བཞི་ནི། །བརྐྱ་བརྒྱ་བསྐྱ་བསྒྱ་སྒྲ་ཟུར་སོ་སོར་དབྱུང་། ༈ །བས་འཕུལ་སུམ་བརྩེགས་ར་འདོགས་བསྐྲ་བསྒྲ་གཉིས། ༈ །མས་འཕུལ་ཡ་འདོགས་ཅན་ནི་མཁྱ་མགྱ་གཉིས། ༈ །མས་འཕུལ་ར་འདོགས་ཅན་གསུམ་མཁྲ་མགྲ་མདྲ། ༈ །འཁྱ་འགྱ་འཕྱ་འབྱ་འས་འཕུལ་ཡ་འདོགས་བཞི། ༈ །འས་འཕུལ་ར་འདོགས་ཅན་ལྔ་འཁྲ་འགྲ་འདྲ། །འཕྲ་འབྲ་ཀུན་ཀྱང་སྒྲ་རྩོལ་སོ་སོར་དབྱུང་། །གཅིག་མིན་གཅིག་ཏུ་འཁྲུལ་པའི་ཀློག་སྐྱོན་སྤོངས། །ཐ་དད་ཙམ་མིན་གོ་རིམ་འཁྲུགས་ནའང་གོལ། །སྒྲ་ཟུར་ཐོན་ཐབས་ཕྲལ་ཀློག་ནན་ཏན་བྱ། ༈ །རྗེས་འཇུག་ག་ང་ད་ན་བ་མ་འ། །ར་ལ་ས་བཅུ་དང་པོ་ཀ་སྦྱར་བཀླག །དཔེར་ན་ཀག་ཀང་ཀད་ཀན་ཀབ་ཀམ་ཀའ། །ཀར་ཀལ་ཀས་ཏེ་རྐྱང་པ་སུམ་བརྒྱ་བསྒྲེ། །སྒྲ་རྩོལ་མི་འདྲ་རྐྱང་ཀློག་སུམ་བརྒྱ་ཡོད། །གུག་ཀྱེད་མགོ་འདོགས་འཕུལ་ཅན་དབྱུང་ན་ནོར། །རིང་ཐུང་ཕན་ཚུན་སྒྲ་གཅིག་ཤོར་ན་ནོར། །ཡང་འཇུག་མེད་ན་ཡང་འཇུག་དབྱུང་མི་རུང་། །མིང་གཞི་གཙོ་ཞིང་མཐའ་རྟེན་ཟུར་ཕྱིན་བསླབ། །དེ་ཡང་རྗེས་འཇུག་བཅུ་པོ་གང་འཇུག་བསྟུན། །མཐའ་རྟེན་བཅུ་པོ་རིལ་བོའི་སྒྲ་མིན་ཀྱང་། །མེད་པ་མིན་ཕྱིར་ཆད་ལྷག་ནོར་མི་རུང་། །དེ་ཕྱིར་འདི་དག་ཀློག་དོན་ཞིབ་ཏུ་འཚོལ། ༈ །རྗེས་འཇུག་སྦྱོར་ཀློག་བྱེད་སྟངས་འདི་ལྟ་སྟེ། །ཀློག་བྱེད་བཞག་དང་ལ་ཡིག་མེད་ཀྱང་རུང་། །ངག་ལ་གང་བདེར་སྦྱར་བ་སྐབས་དང་བསྟུན། །ཀ་ཡིག་སྡེབ་སྦྱོར་ཟུར་དུ་ཁོ་བོས་བྲིས། །དཔེར་ན་ཀག་ལ་ཀ་ག་བཞག་ཀག་དང་། །ཀ་ལ་ག་ཀག་དང་ནི་ཀ་ག་ཀག །འདི་དག་གིས་མཚོན་དཀའ་སླ་ཀུན་ལ་སྦྱར། །སྔོན་འཇུག་ཡོད་ན་རྗེས་འཇུག་ཡོད་ཀྱང་རུང་། །འོག་གིས་ཀློག་པ་གཙོ་ཞིང་འཕུལ་མེད་རིགས། །བཞག་དང་ལ་སྒྲས་དབྱུང་བའང་མཁས་རྣམས་བཞེད། །ཡང་ན་འོག་བཞག་ལ་གསུམ་གང་ཡང་མིན། །གཞན་ཡང་དཀང་ལ་ད་ཀ་དཀ་ང་དཀང་། །སྐག་ལ་ས་ཀ་སྐ་སྐ་ག་བཞག་སྐག །ས་ཀ་བཏགས་སྐ་སྐ་ག་བཞག་སྐག་ལྟར། །ཡང་ན་ད་འོག་ཀ་ང་བཞག་དཀང་བརྗོད། །རིམ་བཞིན་འཕུལ་རྟེན་རྗེས་སུ་འོག་བཞག་སྦྱར། །ད་འོག་ཀ་ལ་ང་དཀང་ལྟ་བུ་ནི། །འོག་དང་ལ་སྒྲས་དབྱུང་ཚུལ་ཤེས་པར་བྱ། །ཀློག་ཚུལ་ཕྱི་མའང་མཐོང་བས་དེ་ལྟར་འདོད། །ལ་སྒྲ་དེ་ཡང་མིང་གཞིའི་མཇུག་སྦྱར་བཀླག །ཀློག་བྱེད་མ་སྦྱར་ཀློག་ཚུལ་ངེས་སླ་འོ། །དེ་སོགས་ཀློག་ཐབས་གང་བདེ་སྐབས་དང་བསྟུན། ༈ །ག་ཟུར་དབྱུང་ཚེ་ཝ་ཟུར་ཕྱིན་མི་རུང་། །ག་ཡིག་ཕྱེད་ཙམ་དབྱུང་བ་མན་ངག་ཡིན། ༈ །ང་ཟུར་དབྱུང་ཚེ་འ་ཟུར་ཕྱིན་པ་ནོར། །སྣ་སྒྲ་དང་བཅས་ང་ཡིག་ཕྱེད་ཙམ་བཀླག །གུག་ཀྱེད་མེད་བཞིན་ཟུར་ཐོན་ཤིན་ཏུ་ནོར། ༈ །ད་ཟུར་དབྱུང་ཚེ་ཏ་ལ་ཟུར་ཕྱིན་ནོར། །ད་ཕྱེད་བཀླག་ཅིང་། ༈ ན་ཟུར་དབྱུང་བའི་ཚེ། །སྣ་སྒྲ་དང་བཅས་དྲང་པོའི་སྒྲ་རྩོལ་སྐབས། ༈ །ད་ན་ལ་གསུམ་མཐའ་རྟེན་དབྱུང་བའི་ཚེ། །འགྲེང་བུ་མེད་བཞིན་བཀླགས་ན་ལྷག་པའི་སྐྱོན། ༈ །བ་མའི་མཐའ་ཟུར་དབྱུང་ཚེ་མཆུ་བཙུམ་གནད། །དེ་ཡང་མིང་གཞིའི་དེ་མ་ཐག་ཏུ་དབྱུང་། །དེ་གཉིས་འ་མཐའ་བཞིན་དབྱུང་ཤིན་ཏུ་ནོར། ༈ །འ་ཟུར་དབྱུང་ཚེ་ཤིན་ཏུ་མ་གཟབ་ན། །ཡོད་མེད་ཁྱད་པར་མེད་པ་མ་ཡིན་ཏེ། །དེ་ཡི་ཕྱེད་ཙམ་དབྱུང་བ་མན་ངག་ཡིན། ༈ །ར་ཟུར་དབྱུང་ཚེ་ལྕེ་རྩེ་འདར་བཞིན་བཀླག །དེ་ཡང་མིང་གཞིའི་དེ་མ་ཐག་ཏུ་དབྱུང་། །ཚེག་ཁྱིམ་གཅིག་ཏུ་འདྲེས་པའི་སྡུད་ཀློག་བྱ། །སྟེང་འོག་ཐོག་མཐའ་བར་གསུམ་ཤེས་པ་གནད། ༈ །ལ་ཟུར་དབྱུང་ཚེ་དེ་ཡང་རང་ཕྱེད་ཙམ། །འགྲེང་བུ་མེད་བཞིན་ཐོན་ན་ཀློག་སྐྱོན་ཡིན། ༈ །ས་ཟུར་དབྱུང་ཚེ་དེ་ཡང་རང་ཕྱེད་ཙམ། །མཐོང་ཐོས་མངོན་སུམ་ཡུལ་དུ་གྱུར་པ་གནད། །འདི་དག་སྒྲ་དྲང་བཀུག་བསྒྲེང་བསྟོད་སྨད་ལྔ། །གང་ཞིག་བཀླག་ཚེ་དེས་བཅིང་ཟུར་ཕྱིན་གནད། །འོག་ཏུ་གསལ་བས་ཀློག་དོན་ཞིབ་ཏུ་འཚོལ། །མདོར་ན་མཐའམ་མཐའ་རྟེན་རྗེས་འཇུག་བཅུ། །མིང་གཞི་ཀུན་ལ་འཇུག་ཕྱིར་ཀློག་པའི་ཚེ། །སྟོང་ཕྲག་མང་པོ་ཡོད་པ་སུས་མི་ཤེས། །གང་བྱུང་སོ་སོའི་སྒྲ་ཟུར་རམ་སྒྲ་ཕྱེད་ཙམ། །མངོན་སུམ་རྣ་བའི་རྒྱན་དུ་ཕྱིན་པ་གནད། །སུ་ལ་ཆད་ལྷག་ཡོད་ན་ཀློག་སྐྱོན་ཡིན། ༈ །དེ་ནས་ཡང་འཇུག་ད་ས་ཚུལ་བཞིན་བསླབ། །དེ་ཡང་ཐོག་མར་ཀ་སྦྱར་བཀླག་ན་སླ། །དཔེར་ན་ཀགས་ཀངས་ཀབས་ཀམས་ཀའས་ས་དྲག །ད་དྲག་ཀནད་ཀརད་ཀལད་ཏེ་གཞན་ཀུན་འགྲེ། །ཉིས་བརྒྱ་བཞི་བཅུ་གསལ་བྱེད་སུམ་ཅུར་བཀླག །ཡང་འཇུག་བཀླག་སྐབས་བཞག་སྒྲ་གཉིས་སྦྱར་རུང་། །ཀངས་ལ་ཀ་ང་བཞག་ས་བཞག་ཀངས་དང་། །གྱུརད་ལ་གྱུ་ར་བཞག་དང་ད་བཞག་གྱུརད། །འདི་དག་ས་བོན་ཙམ་ཞིག་གཞན་ལས་ཤེས། །ན་ར་ལ་ག་ང་བ་མ་འའི་མཐར། །ཡང་འཇུག་ཅན་ནི་སྟོང་ཕྲག་བརྒྱད་ལས་མང་། །བརྗོད་རུང་དང་ནི་ཉེར་མཁོ་ཅི་རིགས་སོ། །ཀུན་ཀྱང་སྒྲ་ཟུར་མ་ཉམས་མཐའ་མཐར་དབྱུང་། །ཡིག་ངག་ད་ལྟའང་མ་ཉམས་ཡུལ་འགར་མཆིས། །འོན་ཀྱང་ཕལ་ཆེར་ཆད་སྐྱོན་ནད་ངན་ཐེབས། །དེ་ཕྱིར་རིགས་ཞེན་སྤོབས་པས་དང་དུ་ལོངས། །འདི་ལ་ཤིན་ཏུ་འབད་བརྩོན་བྱ་བར་རིགས། །ལྷག་ཏུ་འ་མཐར་ས་དྲག་ཐོབ་ཚུལ་དང་། །དབྱུང་ཚུལ་ཤེས་མཁན་དེང་སང་ཉིན་སྐར་ཙམ། །འོན་ཀྱང་ཚད་ལྡན་གཞུང་དང་ཡིག་རྙིང་ལས། །སྟོང་ཕྲག་ལྷག་ཙམ་གསལ་ཕྱིར་ཕྱོགས་ཙམ་བྲིས། །གཟུར་གནས་དོན་གཉེར་ཅན་རྣམས་དགྱེས་པར་མཛོད། །ཀློག་ཚུལ་རྒྱས་པ་ཁོ་བོས་ཟུར་དུ་བྲིས། །ཕྱོགས་ཞེན་དུག་ཆུས་སྙིང་ཁམས་མི་བསྲེགས་པར། །དེ་དག་དབྱེ་ཞིབ་ཟབ་ནན་བྱེད་འཚལ་ལོ། ༈ །དེ་རྣམས་གུག་ཀྱེད་སྦྱར་ནས་རིམ་བཞིན་བཀླག །དཔེར་ན་ཀིག་ཀུག་ཀེག་ཀོག་ལྟ་བུས་མཚོན། །ཡང་འཇུག་ཀིགས་ཀུགས་ཀེགས་ཀོགས་ལྟ་བུས་མཚོན། །ཡང་འཇུག་བརྒྱད་སྟོང་ལྷག་ལྡན་ཐམས་ཅད་བཀླག །གང་ལ་གང་འཇུག་ཟུར་ཕྱིན་མ་ནོར་བཀླག །དེ་རྣམས་གུག་གྱེད་བཞི་སྦྱར་ཀློག་ཚུལ་གནད། །སྨྲ་སྒོ་བྱིས་འཇུག་སོགས་ལས་གསལ་བ་ལྟར། །བོད་ཀློག་རྩ་བའི་ང་རོའམ་སྒྲ་རྣམ་ལྔ། །དྲང་པོ་བཀུག་བསྒྲེང་བསྟོད་སྨད་ཉིད་དུ་འདུས། །དེ་ཡང་བསྡུ་ན་དྲང་ཁྱོག་གཉིས་སུ་འདོད། །དེ་ནི་ཡིག་ཀློག་ཀུན་ཀྱི་རྨང་གཞི་ཡིན། །ཤེས་སླ་དོན་ཆེ་ནན་ཏན་མ་བྱས་ན། །གཅིག་ནོར་སྟོང་ཕྲག་དུ་མ་མཉམ་དུ་ནོར། །གཅིག་ཤེས་སྟོང་ཕྲག་དུ་མ་མཉམ་དུ་ཤེས། །སྨྲ་སྒོ་རྩ་འགྲེལ་རྣམས་སུ་གསལ་པ་ལྟར། །གནས་ཆའི་ཡི་གེ་ཇི་སྙེད་མཆིས་པ་ལ། །ང་རོ་གཅིག་གིས་བཅིངས་པའི་ཡི་གེ་གཅིག །དེ་བཞིན་ཤིན་ཏུ་ཕྲ་བའི་རྣམ་པའི་ཆར། །ཡི་གེ་གཅིག་ཅེས་གསུངས་ཕྱིར་ཞིབ་གཟིགས་མཛོད། །དེ་ལའང་ཚེག་བར་གཅིག་ན་ཡི་གེའི་གྲངས། །དུ་ཡོད་དབྱངས་ཡིག་དེས་བཅིང་ཀློག་པ་གནད། །དཔེར་ན་ཆོས་ལ་ཆོ་སོ་ཀུནད་ཀུ་ནུ་དུ། །འོན་ཀྱང་ཚེག་བར་གཅིག་ན་དབྱངས་ཡིག་གཉིས། །དཔེར་ན་རེའུ་མིག་ཤེའུ་ལེའུ་སོགས། །ཉེར་མཁོའི་ཡི་གེ་ས་མཐའི་མཐུའི་ལྟ་བུ། །ཚིག་གྲོགས་ཅན་དང་བྱེད་འབྲེལ་བསྡུས་ལ་མིན། །དེ་འདྲ་སྔ་ཕྱིའི་དབྱངས་ཡིག་སོ་སོར་འབྱེད། །སྐབས་དོན་མ་ཤེས་སྒྲ་ཤན་ཤོར་ན་གོལ། །དེ་ཡང་ཕྲལ་ཀློག་གྱིས་དང་ངེས་ཤེས་རྙེད། །རེའུ་ལ་རེ་འུ་ས་མཐའི་ས་མཐའ་ཡི། ། ཀུན་ལ་བསྒྲེས་ཏེ་ཀློག་དོན་ཞིབ་ཏུ་འཚོལ། །གངས་ལྗོངས་བརྡ་སྤྲོད་སྨྲ་བའི་གྲལ་མཐའ་པ། །འདི་དག་དབྱེ་ཞིབ་འབྱེད་མཁན་ཁོ་བོ་ཙམ། །ས་པཎ་དཔལ་ཁང་དབྱངས་ཅན་གྲུབ་རྡོར་སོགས། །དབྱངས་ལྔ་བཞེད་མཁན་ཀུན་ལའང་རྒྱུ་མཚན་ཟབ། །ཡིག་ཀློག་མན་ངག་འདི་ལས་ཟབ་པ་དཀོན། །དབྱངས་ཡིག་ཕན་ཚུན་འཁྲུགས་ན་ཤིན་ཏུ་སྐྱོན། །དེ་ཕྱིར་དཔྱད་ཞིབ་རིག་པའི་མེ་ལོང་དགོས། །མདོར་ན་བོད་ཡིག་ཡི་གེའི་གྲངས་འདྲེན་ཚུལ། །དུ་མ་ཡོད་ཀྱང་སྐབས་ཀྱིས་ཤེས་པ་གནད། །ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་བཞི་བཅུ་ལྔ། །འདི་ཡང་ཕུང་གསུམ་སེལ་བའི་གྲངས་ངེས་མིན། །དེ་དག་ལས་གཞན་དུ་མ་ཡོད་པས་སོ། །བཀླག་རུང་ཉེར་མཁོ་གཉིས་ལས་ཉེར་མཁོ་ཉུང་། །དབུ་ཤད་ཚེག་ཙམ་མ་གཏོགས་ཀུན་བཀླག་རུང་། །དེ་ཡང་སྒྲ་རྩོལ་ཕན་ཚུན་ནང་མི་གཅིག །རྒྱས་པར་ཁོ་བོ་མ་ཎི་མངྒ་ཡི། །བོད་ཡིག་དབྱེ་བའི་གྲངས་ཀ་མ་ལུས་པ། །བརྒྱད་ཁྲི་བཞི་སྟོང་ཞེས་པའི་གཞུང་ལུགས་སུ། །གསལ་པོར་བྲིས་པ་དེ་ལ་ཞིབ་གཟིགས་མཛོད། །གངས་ལྗོངས་ཐུན་མིན་བརྡ་སྤྲོད་ཚད་ལྡན་གཞུང་། །མ་ཉམས་ཡིག་ངག་ཡང་དག་ཀློག་གི་ཆ། །སློབ་དཔོན་མཁས་པའི་ཡིག་ཀློག་མན་ངག་གསུམ། །གཙུག་གི་ནོར་བུར་བཟུང་ནས་ཧུར་བརྩོན་བྱེད། །གཟུར་གནས་ཤེས་བརྩོན་ཆེན་པོས་སྐྱོན་ཡོན་འབྱེད། །སྣོད་མཆོག་གཟུར་གནས་བློ་ལྡན་དོན་གཉེར་བའོ། །མདོ་སྨད་མགོ་ལོག་མིག་ཡངས་ལྷ་སྲས་ཀྱིས། །བགྲང་བྱ་མི་ལོ་ཉི་ཤུ་རྩ་ལྔའི་རིང་། །མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་། །མདོ་ཁམས་སྒང་དྲུག་ཁ་བ་རི་པའི་ཞིང་། །བོད་ཡུལ་སྟོད་སྨད་བར་གསུམ་རླུང་བཞིན་རྒྱུ། །རྒྱ་བལ་འབྲུག་གི་གྲོགས་དག་ཡུན་རིང་འགྲོགས། །སློབ་དཔོན་དུ་མ་བསྟེན་ནས་ཡིག་ཀློག་སྦྱངས། །ཡང་ཉན་ཡང་ཀློག་ཡང་ཡང་དྲིས་པ་དང་། །གངས་ལྗོངས་ཐུན་མིན་སྒྲ་གཞུང་ཀློག་ཐབས་ཀུན། །ཕལ་ཆེར་མཐོང་བར་བྱས་ཏེ་དཔྱད་བསྡུར་བྱས། །བསྟོད་སྨད་གང་ལའང་ཞེན་ཆགས་གྱིས་མ་ཡིན། །དམིགས་ཡུལ་གཙོ་བོ་ཀློག་སྐྱོན་སེལ་ཆེད་ཡིན། །ཤེས་པ་ཕལ་ཆེར་རང་གིས་སྦྱངས་ནས་ཤེས། །བྲིས་པ་ཐམས་ཅད་རང་གིས་མྱངས་ནས་བྲིས། །ནོར་བ་ཕལ་ཆེར་རང་ལས་གཞན་མ་ཡིན། །ཕན་ཐོགས་ཡོད་ན་རང་རིགས་ཆེད་དུ་ཡིན། །གནོད་པར་གྱུར་ན་རང་གི་བྱས་ཉེས་ལགས། །ཡུན་རིང་བསམ་ཞིང་ཡུན་རིང་དཀའ་སྤྱད་བྱས། །མཐོང་ཐོས་ཙམ་གྱིས་བྲིས་པ་གང་ཡང་མེད། །ཁྱི་ལྟོགས་གློ་བ་འཕྲད་པའི་དཔེ་མི་མཚུངས། །ཅོལ་ཆུང་གཡམ་རྒྱུག་ཨ་གསར་གཡོ་སྒྱུ་བཅོས། །རང་སྡེའི་རིགས་ལ་ལྷག་བསམ་གཙང་མ་ཡིས། །རང་རིགས་སྐྱེ་བོའི་ཡང་དག་ངག་ལས་བླངས། །ངག་ཀུན་ཟུར་ཆགས་ལེགས་སྦྱར་གཉིས་སུ་འདུས། །ཡིག་ཀློག་སྐབས་སུ་ཕྱི་མ་ཤིན་ཏུ་གཙོ། །མཁས་པའི་གསུང་ལས་ལེགས་ཆ་གང་ཤེས་བསྡུས། །གཞན་ཟེར་རྗེས་བརྗོད་ཁོ་ནས་བདག་མི་མགུ། །རང་བཟོ་རྟོག་ངན་དུག་ཆུའི་ལྷད་སྐྱོན་དབེན། །མདོར་ན་བསྲེགས་བཅད་བརྡར་གསུམ་ཟབ་ནན་གྱིས། །ཐོས་ཆུང་འཕྲལ་ཕུགས་རྒྱངས་གསུམ་མི་མཐོང་མཁན། །ཀླད་མེད་ཕྲག་དོག་ཅན་ལ་ཕན་དཀའ་ཡང་། །བདེན་རྫུན་གང་ལགས་ཡུན་རིང་བསྡུར་དང་ཤེས། །ཕྱོགས་ཞེན་ཙམ་གྱིས་དང་ལེན་མི་བྱེད་རོགས། །རྒྱུ་མཚན་ཡང་དག་ཁུངས་ལྡན་ཤིན་ཏུ་གལ། །རྡོ་རྗེ་རྐེད་བཟུང་ཙམ་ལ་རིན་ཐང་ཆུང་། །ཀློག་གི་སློབ་དཔོན་རང་ཉིད་ཀློག་མ་དག །མ་དག་རྒྱུན་འབྱམས་སོ་སོར་འབྱེད་མ་ནུས། །གཞོན་ཆུང་ཕྲུ་གུ་སྐྱོང་མཁན་རྒན་པོའི་ངག །བྱིས་པའི་རྒྱུད་ལ་འཇུག་ཕྱིར་ཤིན་ཏུ་གཟོབས། །ཀ་ཙན་དབྱངས་གསུམ་སྒྲ་གཞུང་པཱ་ཎི་པ། །འཕགས་ཡུལ་མཁས་པའི་ལེགས་བཤད་གལ་ཆེ་ཡང་། །རང་རིགས་དངོས་ཀྱི་སྐད་ཡིག་འདི་མིན་ཕྱིར། །ཤེས་རློམ་མང་མོད་ཤེས་མཁན་ཤིན་ཏུ་དཀོན། །ཤེས་ཀྱང་རུང་ལ་མ་ཤེས་ནའང་རུང་། །འོན་ཀྱང་གངས་ལྗོངས་ཐུན་མིན་སྒྲ་རིག་པ། །སུམ་རྟགས་དག་གསུམ་སྔོན་འགྲོ་ཡིག་ཀློག་བཅས། །གོ་རིམ་ཇི་བཞིན་ལེགས་པར་མ་བསླབས་ན། །རང་རིགས་ལ་ལྟོས་ངོ་ཚ་འགྱོད་གདུང་ལྕི། །དེ་ཕྱིར་རྩ་བ་རང་གི་སྐད་ཡིག་སློབས། །བོད་རིགས་སྤུན་ཟླ་ཡོངས་ཀྱི་ཐུགས་ལ་ཟུངས། །ཀློག་སྐྱོན་གཙོ་བོ་འབྱུང་བའི་རྒྱུ་བཞི་ཡོད། །སྐད་ཡིག་འཇུག་ཚུལ་ཇི་བཞིན་མ་ཤེས་པ། །ཤེས་ལོ་ཙམ་གྱིས་བག་མེད་འཆོལ་ཉོག་སྤྱོད། །རིན་ཐང་ཆེ་ཡང་མཐོང་ཆུང་མ་གུས་བྱས། །རྨོངས་སོགས་ཉོན་མོངས་དབང་གིས་སྐྱོན་མང་བརྡོལ། །གངས་ཅན་ཐུན་མིན་སྒྲ་ཡི་བསྟན་བཅོས་ཀུན། །གཏིང་ཟབ་རྒྱ་ཆེ་ཤེས་ན་ཕན་ནུས་མྱུར། །འོན་ཀྱང་ཕྱི་ནང་རྐྱེན་ངན་སྣ་ཚོགས་ཁྲོད། །ཕལ་ཆེར་མིང་གི་ལྷག་མ་ཙམ་ཡང་མེད། །མིང་ཚིག་བརྗོད་པ་ཀུན་ཀྱི་གཞིར་གྱུར་པ། །བརྡ་དག་རིན་བྲལ་ཙིཏྟ་མ་ཎི་ཀ །ལེགས་སྦྱར་ལས་ཀྱང་ལྷག་པའི་ལེགས་སྦྱར་ཞིག །རང་གི་སྐད་ཡིག་འདི་ཡི་རིན་ཐང་རྟོགས། །རྒྱ་མཚོ་ལྟ་བུའི་ནང་གི་ཆུ་ཐིགས་འདི། །བདག་གིས་འབད་རྩོལ་ལས་བྱུང་དགེ་བའི་མཐུས། །ཀློག་གྲྭ་ཚད་ལྡན་ཕྱོགས་ཀུན་དར་བ་དང་། །ཉམས་པ་སླར་གསོ་མ་དག་རྒྱུན་འབྱམས་སེལ། །སྐྱོན་ཡོན་འབྱེད་པའི་ཤེས་རབ་མིག་ཐོབ་ནས། །གཟུར་གནས་བློ་ལྡན་དོན་གཉེར་ཅན་དག་གིས། །ཡིག་ཀློག་ཡང་དག་འཛིན་སྐྱོང་སྤེལ་ནུས་ཤོག །སུམ་རྟགས་དག་གསུམ་གཞུང་དོན་རྟོགས་གྱུར་ཅིག །གངས་ལྗོངས་ཆོས་སྲིད་རྒྱལ་མཚན་བླ་ན་འདེགས། །བླ་མ་སློབ་དཔོན་དམ་པའི་ཐུགས་ཟིན་གྱུར། །མེས་པོའི་ཤུལ་ཟིན་ཕ་མའི་བཀའ་དྲིན་བསབས། །མདོར་ན་འབྲེལ་ཡོད་ཀུན་ལ་ཕན་གྱུར་ཅིག །
ཅེས་པ་འདིའང་སྟོན་པའི་འདས་ལོ་ ༢༥༦༢ བོད་རྒྱལ་ལོ་ ༢༡༤༥ རབ་བྱུང་ ༡༧ ས་ཁྱི་མཆུ་ཟླའི་དཀར་ཕྱོགས་བཟང་པོ་དང་པོ་སྟེ་ལོ་གསར་ཚེས་གཉིས་ཉིན་བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ནས་བོད་ཀྱི་སྐད་ཡིག་ལ་དུང་ཞེན་གྱི་སྒོ་ནས་རེ་སྨོན་ཁྲི་ཕྲག་དང་བཅས་ཧ་ཅང་བྲེལ་བཞིན་པའི་བར་གསེང་དུས་ཡུན་ཐུང་ངུ་ཞིག་གི་ནང་གངས་ལྗོངས་བརྡ་སྤྲོད་སྨྲ་བའི་གྲལ་མཐར་རློམ་པ་པོ་མ་ཎི་མངྒའམ་མིག་ཡངས་ལྷ་སྲས་ཏེ་ཀུན་བཤད་ཀྱི་བཏགས་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་ཟླ་ཟེར་དུ་འབོད་པས་ལག་ཐོགས་ཁ་པར་ནང་སུག་ལས་བགྱིས་པ་དང་ཟླ་དེའི་ཡར་ངོའི་ཚེས་བཅུ་དང་བཅོ་ལྔ་ཉིན་ཁ་སྐོང་དང་ཞུ་དག་བཅས་རེ་ཞིག་མཐའ་གྲུབ་པར་བྱས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ།། །།སརྦ་མངྒ་ལཾ།

Leave a Reply

Your email address will not be published. Required fields are marked *