March 2020

རྗེ་བཙུན་བླ་མ་དམ་པའི་གསོལ་འདེབས་དད་པའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །

མཁས་དབང་རྫ་རྒྱལ་ཐུབ་བེ།

ཐུབ་གསུང་ཆོས་ཕུང་བརྒྱད་ཁྲིའི་བརྗོད་བྱའི་གཏམ།།
རྒྱལ་བསྟན་རིན་ཆེན་གནས་པའི་གཞི་མ་དངོས།།
ཟབ་ཡངས་ཆོས་འདུལ་བདུད་རྩིའི་མཛོད་བཟང་པོ།།
འཕེལ་མཛད་དྲིན་ཆེན་བླ་མར་ཕྱག་བགྱིའོ།།

རྗེ་ཁྱོད་དག་ཆེན་ཡེ་ཤེས་རོལ་བ་ཡིས།།
སྤྲུལ་པའི་ཟློས་གར་འབྱམས་སུ་ཀླས་པ་ལས།།
ཆེར་སྙིཊ་ལྔ་བདོའི་འགྲོ་ལ་རྗེས་བརྩེ་བས།།
བདག་ཅག་མགོན་པོར་ཕེབས་ལ་གསོལ་བ་འདེབས།།

མདོ་ཁམས་རྡོ་རྗེ་འཕན་པོས་བསྲུང་བའི་གནས།།
ཟླ་ཀླུང་དལ་གྱིས་འབབ་པའི་གཡས་འགྲམ་ཕྱོཊ།།
པཱ་ཐུར་ཞེས་སུ་གྲགས་པའི་ཡུལ་གྲུ་རུ།།
འཁྲུངས་བའི་གནས་སུ་མཛད་ལ་གསོལ་བ་འདེབས།།

རབ་ཚེས་མི་ཟད་མེ་ཁྱིའི་ཆོ་འཕྲུལ་ཟླའི།།
དཀར་ཕྱོགས་དགའ་བ་དང་པོའི་ནམ་ལང་ཆར།།
དྲང་སྲོང་ཉི་མ་རྒྱུ་སྐར་མོན་གྲེ་ཟུང་།།
འགྲོགས་པའི་དུས་སུ་བལྟམས་ལ་གསོལ་བ་འདེབས།།

དགེ་རྩེ་ཞེས་བྱ་སྨུག་པོ་གདུང་གི་རིགས།།
ཡབ་ཡུམ་ཆོ་འབྲངས་ཡ་རབས་དྲ་མའི་རྒྱུད།།
ཕུན་ཚོགས་དགེ་མཚན་ལང་ཚོ་དར་བཞིན་དུ།།
སྐྱེ་བའི་མྱུ་གུ་བཟུང་ལ་གསོལ་བ་འདེབས།།

ཙནྡན་མཆོག་ལ་དྲི་བསུང་ཇི་བཞིན་དུ།།
ཆུང་ངུའི་དུས་ནས་སྐྱེས་ཐོབ་མཁྱེན་རབ་དང་།།
དད་སོགས་སྙིང་རྗེ་རིགས་ཀྱི་རྟགས་ངོམ་པའི།།
དམ་པའི་སྐྱེས་བུ་ཁྱེད་ལ་གསོལ་བ་འདེབས།།

བཅུ་གཅིག་ལོ་ནང་ཡི་གེའི་ཕྱི་མོ་རྣམས།།
སྦྱངས་བའི་ཚུལ་མཛད་ཀློག་པ་མཐར་སོན་ནས།།
སྙིང་ཐིག་ཆོས་གྲྭ་ཕུན་ཚོགས་ནོར་གླིང་དུ།།
བསྟན་པའི་སྒོ་རུ་ཞུགས་ལ་གསོལ་བ་འདེབས།།

རྒྱལ་བསྟན་རྟགས་ཀྱི་ཆེ་བ་ལ་དགོངས་ནས།།
བརྟན་མཁས་དབང་ཕྱུག་གུ་ཎའི་མཚན་ཅན་ལས།།
སྤོང་བཅུའི་བརྟུལ་བཞུཊ་དགེ་ཚུལ་སྡོམ་པ་མནོས།།
སྡོམ་བརྩོན་དབང་བོ་ཁྱོད་ལ་གསོལ་བ་འདེབས།།

ཉི་ཤུ་རྩ་བཞིར་ཡོན་ཏན་རྒྱ་མཚོའི་གཙོའི།།
འདུལ་བ་འཛིན་པའི་དགེ་འདུན་གྲངས་ཚང་དབུས།།
ཚད་ལྡན་གསོལ་བཞིའི་ཆོ་ག་ལ་བརྟེན་ནས།།
བསྙེན་པར་རྫོཊ་པར་མཛད་ལ་གསོལ་བ་འདེབས།།

ལྷུན་གྲུབ་བདེ་ཆེན་གླིང་གི་དབེན་ཁྲོད་དུ།།
བགྲང་བྱ་དུ་མར་མདོ་སྔགས་གཞུང་མང་པོ།།
གསན་འཆད་བརྒལ་བརྟག་ཐུཊ་འཛིན་གནང་བ་སོཊ།།
འགྲན་མེད་སྦྱངས་པ་མཛད་ལ་གསོལ་བ་འདེབས།།

གཞན་ཡང་བརྡ་སྤྲོད་གསོ་རིག་རྟོག་གེའི་གཞུང་།།
དཀར་ནག་གཙུག་ལག་སྙན་ངག་ལ་སོགས་པ།།
ཐལ་རྒྱུག་ཙམ་མིན་རྡོ་རུས་ཐུག་པ་ཡིས།།
ཤེས་བྱ་ཕྱོགས་མེད་སྦྱངས་ལ་གསོལ་བ་འདེབས།།

གྲུབ་རིགས་རྒྱ་མཚོའི་འཁོར་བསྒྱུར་མཆོག་གཉིས་དང་།།
ཁྱད་དུ་འཕཊ་པའི་མཁན་ཆེན་རྣམ་གསུམ་སོཊ།།
མདོར་ན་རིས་མེད་ཡོངས་འཛིན་མང་པོ་ལས།།
སྨིན་གྲོལ་བདུད་རྩི་བཞེས་ལ་གསོལ་བ་འདེབས།།

བཀའ་གཏེར་སྤྱི་དང་སྙིང་ཐིག་གསར་རྙིང་གི།།
ཡི་དམ་མང་པོའི་བསྙེན་བསྒྲུབ་ཉམས་སུ་བསྟར།།
བསྐྱེད་རྫོཊ་གནད་བསྣུན་བརྒྱུད་པའི་གྲལ་དུ་གཤེཊ།།
འཇིཊ་མེད་སྒྲུབ་བརྩོན་དབང་བོར་གསོལ་བ་འདེབས།།

དེ་ནས་མགོན་ཁྱོད་དགུང་གྲངས་ཞེ་བདུན་པ།།
ཆུ་ཕོ་སྤྲེལ་ལོ་སྨིན་ཟླའི་བཅུ་དྲུག་ལ།།
ལྕང་རིའི་ཆོས་གྲྭ་བསམ་གཏན་དར་རྒྱས་གླིང་།།
བསྟན་འགྲོའི་དཔལ་དུ་བཏབ་ལ་གསོལ་བ་འདེབས།།

ཡུལ་རིགས་མི་གཅིག་སྐད་རིགས་མི་མཐུན་པའི།།
ཁམས་དབུས་གཙང་གསུམ་ཐར་བ་དོན་གཉེར་བའི།།
འདུལ་སྤྱོད་གཙང་མར་སྐྱོང་བ་ཤ་སྟག་གིས།།
གུས་པས་བསྙེན་པ་ཁྱོད་ལ་གསོལ་བ་འདེབས།།

དེའི་ཚེ་གདུལ་བྱ་རང་རང་བློར་འཚམས་པའིི།།
མ་གི་འདུལ་བ་ཀཱ་རི་ཀཱ་ནས་བཟུང་།།
ཡ་ཀི་རྒྱུད་རྒྱལ་གསང་བ་སྙིང་བོའི་བར།།
ཆོས་ཆར་ཆད་མེད་ཕབ་ལ་གསོལ་བ་འདེབས།།

མདོ་སྔགས་གཞུང་བརྒྱའི་སྲོག་ཤིང་དུ་གཟིགས་ནས།།
བྱང་ཆུབ་ལམ་གྱི་རིམ་པ་སྤྱོད་འཇུག་དང་།།
རྒྱུད་རྒྱལ་སྒྱུ་འཕྲུལ་གསང་བ་སྙིང་བོ་གཉིས།།
འཆད་ཉན་གཙོ་བོར་མཛད་ལ་གསོལ་བ་འདེབས།།

སྡོམ་བརྩོན་ཞི་དུལ་འདུལ་བ་འཛིན་པའི་གཞུང་།།
ལུང་རིགས་མགྲིན་རྔ་ལྡིར་བའི་མཁས་པའི་ཚོགས།།
གསུང་ལས་སྐྱེས་པའི་སློབ་མ་མང་དུ་བསྐྲུན།།
བསྟན་འཛིན་ཕྲེང་བ་སྤེལ་ལ་གསོལ་བ་འདེབས།།

དགོན་སྡེ་རྣམས་སུ་རྒྱུད་སྡེའི་བཤད་སྲོལ་བཞག།
ཆོས་གྲྭའི་མཐུན་རྐྱེན་ཞིང་སྒྲུབ་བཙུགས་པ་དང།།
གཞི་གསུམ་ཕྱག་བཞེས་དག་ཐེར་མཛད་པ་སོགས།
བསྟན་པའི་སྲོག་རྩ་མཐུད་ལ་གསོལ་བ་འདེབས།།

ཁྱིམ་པ་རྣམས་ཀྱང་བདེ་ལྡན་ཞིང་མཆོག་གི།
སྐྱེ་བའི་རྒྱུ་བཞི་སྒྲུབ་ལ་འགོད་པ་དང།།
ཁ་སྣའི་དུད་སོགས་ཉེས་མང་རྒྱུན་བཅད་ནས།
དཀར་པོའི་གླིང་དུ་བསྒྱུར་ལ་གསོལ་བ་འདེབས།།

དད་གཤིན་དཀོར་རྫས་ཆུད་དུ་མི་གསན་པར།
གཙུག་ལག་ཁང་དང་རྟེན་མཆོག་གྲངས་མང་བཞེངས།།
ཚོགས་མཆོད་མར་མེ་འགྱེད་གཏོང་སྲོག་བླུ་བགྱིས།
བགྲང་ཡས་ཚོགས་བསཊ་མཛད་ལ་གསོལ་འདེབས།།

མགོན་པོ་ཁྱེད་ཀྱི་རྗེས་སུ་ལེགས་བཟུང་བའི།།
ཁྱིམ་པ་རྣམས་ཀྱིས་གནའ་བོའི་ལུགས་བཟང་འཛིན།།
རབ་བྱུང་རྣམས་ནི་མང་ཐོས་ཀུན་སྤྱོད་གཙང་།།
འབྲེལ་ཚད་དོན་ལྡན་བླ་མར་གསོལ་བ་འདེབས།།

དེ་ལྟར་མཛད་འཕྲིན་འཆད་ཉན་འཁོར་སློབ་ཚོགས།།
གོང་ནས་གོང་དུ་ཡར་ངོའི་ཟླ་བཞིན་དུ།།
དགུང་གྲངས་བདུན་ཅུ་རྩ་གཅིག་བར་དུ་བཞུགས།།
མཛད་པ་མཐར་ཕྱིན་ཁྱོད་ལ་གསོལ་བ་འདེབས།།

མེ་སྤྲེལ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི།།
སྟོང་པ་དང་པོའི་ཉི་མ་ནུབ་པའི་དུས།།
ནམ་མཁར་སྒྲ་དང་སེངྒེའི་ཉལ་སྟབས་ཀྱིས།།
ཞི་བའི་དབྱིངས་སུ་གཤེགས་ལ་གསོལ་བ་འདེབས།།

དེ་ནས་སྐུ་གདུང་ཞུགས་ལ་སྦྱངས་བའི་ཚེ།།
དབུ་ཐོད་འཕར་དང་ནམ་མཁར་འཇའ་འོད་འཁྲིགས།།
ཆར་ཟིམ་གསར་དུ་འབབ་པའི་ཡ་མཚན་ངོམ།།
སྐྱབས་གཅིག་དྲིན་ཆེན་བླ་མར་གསོལ་བ་འདེབས།།

རྣམ་ཐར་བདུད་རྩིའི་ཕྲེང་བ་འདི་སྤེལ་མཐུས།།
དཔལ་མགོན་བླ་མའི་སྐུ་གསུང་ཐུགས་གསུམ་
གྱི།།
དམ་ཚིག་ཉམས་པ་ཐམས་ཅད་སོར་ཆུད་ནས།།
དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།

ལས་ངན་བདག་གི་སྐྱེ་བའི་ཕྲེང་བ་ཀུན།།
རྗེ་བཙུན་ཁྱེད་ཀྱི་བརྩེ་བས་ལེགས་བསྐྱངས་ནས།།
རྗེས་བསྟན་གདམས་པའི་གསུང་གི་ཟུར་ཙམ
ཡང།།
འགལ་བ་མེད་པར་ཇི་བཞིན་བསྒྲུབ་ནུས་ཤོག།

གནས་སྐབས་མགོན་པོ་ཁྱེད་ཀྱི་རྣམ་ཐར་ལ།།
ལེགས་པར་བསླབས་ནས་ས་ལམ་རིམ་པ་རྫོགས།།
མཐའ་ཐུག་ཟབ་གསལ་གཉུག་མའི་དགོངས་ཀློང་དང་།།
རོ་གཅིག་འདྲེས་ནས་གདུལ་འགྲོའི་དོན་བྱེད་ཤོག།
དེ་ལྟར་ཐུགས་རྗེ་དང་བཀའ་དྲིན་མཚུངས་མེད་དཔལ་མགོན་བླ་མ་མཆོག་གི་ཐུན་མོང་ཕྱིའི་རྣམ་ཐར་མདོར་བསྡུས་པ་དང་སྦྱར་བའི་གསོལ་འདེབས་དད་པའི་འཁྲི་ཤིང་ཞེས་པ་འདི་ནི་དགེ་རྒན་དགོན་པ་སྐྱབས་ཀྱིས་ལན་གྲངས་མང་པོར་གསུངས་བསྐུལ་གནང་བའི་ལན་མ་ལྡོག་པའི་ཆེད་དང་བསམ་བརླག་རང་གི་ཉམ་ཆགས་ཉེས་ལྟུང་གི་གཉེན་པོར་དམིགས་ཏེ་རབ་རྒྱལ་རྣམ་འཕྱང་ལོའི་སྨིན་ཟླའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོར་གཙུགས་ལག་གི་བཏགས་མིང་ཙམ་དུ་འཇིགས་མེད་ལུང་རྟོགས་རྒྱ་མཚོར་འབོད་པ་དེས་གྲུབ་པར་བགྱིས་པ་འདིས་ཀྱང་རྗེ་བཙུན་བླ་མ་མཆོག་གི་རྗེས་སུ་འཛིན་པའི་རྒྱུར་གྱུར་གཅིག དགེའོ། ། བཀྲ་ཤིས་ཤོག

Leave a Reply

Your email address will not be published. Required fields are marked *