March 2020

བཀོད་པ་བཞུགས་སོ།།

༡༽འཁྲུངས་པའི་ཡུལ།
༢༽རིགས་ཕུན་སུམ་ཚོགས་པ།
༣༽གང་གིས་བསྐྱེད་པའི་ཡབ་ཡུམ།
༤༽གང་དུ་བལྟམས་པའི་གནས།
༥༽སྐུ་འཁྲུངས་པའི་དུས་ཕུན་སུམ་ཚོགས་པ།
༦༽གང་ཞིག་འཁྲུངས་པའི་སྟོན་པ་ཕུན་སུམ་ཚོགས་པ།
༧༽ལོ་ཆུང་བྱིས་པའི་སྐབས་ཀྱི་གནས་སྣང་ངོ་མཚར་བ།
༨༽ལེགས་ཚོགས་ཀུན་གྱི་འབྱུང་གནས་ཡོན་ཏན་སྦྱོང་ཚུལ།
༩༽དམ་ཆོས་འདུལ་བ་རིན་པོ་ཆེའི་སྒོར་ཞུགས་པའི་ཚུལ།
༡༠༽རིགས་པའི་གནས་རྣམས་ལ་མཁས་པར་སྦྱོང་བའི་ཚུལ།
༡༡༽སྙིང་ཐིག་སྔོན་འགྲོའི་བློ་སྦྱོང་ཉམས་ལེན་ཇི་ལྟར་གནང་ཚུལ།
༡༢༽གཙུག་ལག་རྩིས་ཀྱི་སྐོར་ལ་ཇི་ལྟར་མཁས་པར་སྦྱོང་བའི་ཚུལ།
༡༣༽འཕགས་ཆེན་སྤྲུལ་པའི་གང་ཟག་ཆེན་པོ་ཡིན་པར་རྡོ་རྗེའི་ལུང་།
༡༤༽སམ་སྐྲྀ་ཏའི་སྐད་ལ་ཇི་ལྟར་མཁས་པར་སྦྱོང་བའི་ཚུལ།
༡༥༽བཟོ་རིགས་སྣ་ཚོགས་ལ་ཇི་ལྟར་མཁས་པར་སྦྱོང་བའི་ཚུལ།
༡༦༽འཕགས་བོད་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་སྒོམ་པ་མཛད་ཚུལ།
༡༧༽བྱང་ཆུབ་སེམས་དཔའི་བསླབ་པ་རིན་པོ་ཆེ་ཉམས་སུ་བླངས་ཚུལ།
༡༨༽ཉམས་རྟོགས་ཟབ་མོ་ཇི་ལྟར་ཐུགས་རྒྱུད་ལ་འཁྲུངས་པའི་ཚུལ།
༡༩༽བསྙེན་རྫོགས་སྡོམ་པ་ཇི་ལྟར་ཐོབ་ཡོད་པའི་ཚུལ།
༢༠༽སྐུ་མཚམས་སུ་བཞུགས་ནས་སྒྲུབ་པ་ཉམས་ལེན་གནང་ཚུལ།
༢༡༽བསྟན་འགྲོའི་དོན་ཆེན་ཇི་ལྟར་མཛད་ཚུལ།
༢༢༽ཐུགས་སྲས་སློབ་འབངས་རྣམས་ཇི་ལྟར་སྐྱོང་ཚུལ།
༢༣༽ཕྱོགས་མེད་འགྲོ་དོན་ཆེན་པོ་ཇི་ལྟར་གནང་བའི་ཚུལ།

༄༅། །ན་མོ་གུ་ར་ཝེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐྱབས་གནས་ཀུན་འདུས་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་རྣམ་ཐར་ཡོན་ཏན་ཡང་ནས་ཡང་དུ་དྲན་པར་བྱས་ན་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་རང་རྒྱུད་ལ་མྱུར་དུ་འཇུག་པ་དང་ལས་ཉོན་ཀུན་རྨོངས་ཀྱི་སྡིག་སྒྲིབ་མ་ལུས་པ་བྱང་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མཉམ་དུ་རྫོགས་པར་འགྱུར་བ་དང་ཁྱད་པར་རྫོགས་པ་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དག་སྣང་བླ་མའི་རྣལ་འབྱོར་ལ་གནད་དུ་བསྣུན་དགོས་པ་མདོ་རྒྱུད་ཀུན་ལས་གསུང་བ་ལྟར་རང་གཞན་རྣམས་ཀྱི་སེམས་ལ་མོས་གུས་དང་དག་སྣང་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་བླ་མ་རིན་པོ་ཆེའི་རྣམ་ཐར་དྲང་པོར་བརྗོད་པར་བྱའོ།། ༼༡༽ ཆོས་རྗེ་དམ་པ་མཆོག་ཉིད་གང་དུ་འཁྲུངས་པའི་ཡུལ་ལྗོངས་ཕུན་སུམ་ཚོགས་པ་ནི། དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚད་འཛམ་གླིང་ཡོངས་གྲགས་ཀྱི་ཆུ་བོ་ཆེན་པོ། གཡོན་དུ་རྨ་ཆུ་སྔོན་མོ་དང་། གཡས་སུ་རྫ་ཆུ་བསིལ་མའི་ཆུ་རྒྱུན་ནུབ་ནས་ཤར་དུ་དལ་གྱིས་འབབ་པའི་ལྷོ་བྱང་གཉིས་ཀྱི་དབུས་ཀྱི་ས་ཁུལ་ལ། རྨ་རྫ་སྒང་ཞེས་མཁས་གྲུབ་སྐྱེས་བུ་མང་པོས་བྱིན་གྱིས་བརླབས་ཤིང་། དཀར་ཕྱོགས་གཞི་བདག་མང་པོས་ཡོངས་སུ་སྲུང་བ། མཁའ་རླུང་གཙང་ཞིང་ནད་འཇོམས་སྨན་རིགས་སྣ་ཚོགས་སྐྱེས་པ། རྩ་ཆེའི་རི་སྐྱེས་སྲོག་ཆགས་སྡེ་ཚན་ཧ་ཅང་མང་པོ་བག་ཡངས་ཞི་བར་རྒྱུ་བ་སོགས་མཐོང་དཀོན་པའི་འཁོར་ཡུག་གི་མཛེས་ཆོས་ཡོངས་སུ་རྫོགས་པའི་གནས་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པའོ། ། ༼༢༽ གང་ལས་མཆེད་པའི་རིགས་ཕུན་སུམ་ཚོགས་པ་ནི། དུས་རབས་བཅོ་ལྔ་བ། རབ་བྱུང་བཅུ་བའི་ནང་ས་གནས་འདིར་གསར་དུ་གཞིས་ཆགས་པའི་མདོ་ཁམས་ཨ་རིག་སྡེ་བའི་ནི་གླིང་གི་མི་རྒྱུད་བློ་གྲོས་དང་དཔའ་རྩལ་ཤིན་ཏུ་ཆེ་ཞིང་མི་གཤིས་བཟང་པོའི་རིགས་རུས་རྒྱུན་མ་ཆད་པ་རིམ་པར་མཆེད་པ་ལས། དུས་རབས་བཅུ་བདུན་པ། རབ་བྱུང་བཅུ་བཞི་བའི་སྐབས་དེར་དབང་གྲགས་ཡོད་པའི་ཁྱིམ་བདག་ཕྱུག་པོ་རྒྱ་གར་ཞེས་པ་དེ། གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པ་སྐུ་ན་གཞོན་དུས་ཁྱིམ་དུ་གདན་འདྲེན་ཞུས་ནས་མདོ་ཆེན་བྲ་ནག་རྟིང་དཀར་སོགས་དགུ་ཚན་དགུའི་མཎྜལ་འབུལ་ལམ་ཞུས་པས་ཐུགས་དགྱེས་པ་ཆེན་པོས་ཁྱེད་ཀྱི་མིང་ནི་ཨ་རིག་རྒྱ་གར་ཞེས་ཆོས་ཀྱི་འབྱུང་གནས་འཕགས་ཡུལ་གྱི་མཚན་གྱིས་བརྒྱན་པ་དང་མདོ་ཆེན་བྲ་ནག་རྟིང་དཀར་འདི་ནི་ཆོས་སྐྱོང་གཟའ་ལྷ་ཤན་གསུམ་གྱི་བླ་རྟ་རུ་འོས་པས་འབྱུང་འགྱུར་ཁོ་བོས་ཟབ་གཏེར་སྒོ་བརྒྱ་འབྱེད་པའི་རྟེན་འབྲེལ་ལེགས་འགྲིག་བྱུང་བར་བརྟེན། ཨ་རིག་རྒྱ་གར་ཁྱེད་ཀྱི་མི་རབས་མི་རྒྱུད་ཐམས་ཅད་བསྟན་སྲུང་གཟའ་ལྷ་ཤན་གསུམ་གྱི་སྐྱབས་འོག་ལས་མི་འདའ་བའི་བཀའ་ཡི་གཉེར་གཏད་ཡོད་ཅེས་གསུངས་པ་ལྟར་རིགས་ཕུན་སུམ་ཚོགས་པའོ།། ༼༣༽ གང་གིས་བསྐྱེད་པའི་ཡབ་ཡུམ་ཕུན་སུམ་ཚོགས་པ་ནི། དེ་ནས་བཟུང་ཟབ་གཏེར་བསྟན་པ་སྤེལ་བའི་འཕྲིན་ལས་ཀྱི་ཁ་ལོ་བ་ཆེན་པོ་སྦྱིན་བདག་ཨ་རིག་རྒྱ་གར་མཆོག་གི་སྐུ་སྲས་ཡོངས་ཀྱི་ཐུ་བོ་རིག་སྔགས་འཆང་བ་གྲགས་པ་རྒྱལ་མཚན་ཞེས་སྐུ་ན་ཆུང་དུས་ནས་ཟབ་མོ་བླ་མའི་རྣལ་འབྱོར་གྱི་དྲོད་རྟགས་མངོན་དུ་གྱུར་ཏེ་རྒྱུན་དུ་དག་པའི་སྣང་བ་དང་འབྲལ་མེད་བརྟུལ་ཞུགས་སྤྱོད་པའི་ཉམས་ལེན་ལ་བརྩོན་པར་མཛད་པས། འབྲས་བུ་ཡིད་སྨོན་དུ་མ་ལུས་པའི་དངོས་གྲུབ་མངོན་སུམ་དུ་བརྙེད་ནས་དགུང་ལོ་བདུན་ཅུའི་དུས་ཞི་བར་གཤེགས་པའི་སྐབས་དེར། སེང་གེ་དཀར་མོ་ལ་ཞོན་ནས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་ཕེབས་སོང་བ་རྩོད་མེད་ཡོངས་་གྲགས་ཀྱི་གཏེར་སྟོན་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ལ་ཡང་ཟག་བྲལ་དག་པའི་སྤྱན་གྱིས་གཟིགས་སྣང་བྱུང་ཡོད་པ་རེད། དེ་ལྟར་ཉམས་རྟོགས་ཀྱི་གདེངས་དང་ལྡན་པའི་རྣལ་འབྱོར་པ་ཡབ་ཆེན་གྲགས་པ་རྒྱལ་མཚན་དེ་ཉིད་དགུང་གྲངས་སུམ་ཅུའི་དུས་སུ། རྩ་བའི་བླ་མའི་བཀའ་ལུང་དང་གཙུག་ལག་རྩིས་ཀྱི་མཐུན་སྦྱོར་ལྟར། ཞི་འཇམ་བྱམས་བརྩེའི་ཀུན་སྤྱོད་ཀྱིས་བརྒྱན་པའི་རིགས་བཟང་གི་མཁའ་འགྲོ་མ་དཀའ་ལྡོག་ལྷ་མོ་ཞེས་བྱ་བ་ཁབ་ཏུ་བཞེས་ནས། ཡབ་ཡུམ་གཉིས་ཀྱིས་ཆོས་མཐུན་བསོད་ནམས་ཀྱི་ལས་ལ་འབད་བཞིན་གཉུག་མར་གནས་པ་ལས་ལྕམ་སྲིང་གཉིས་འཁྲུངས་ཞིང་སྲིད་པའི་ཕུན་ཚོགས་ཀྱི་དཔལ་ཡོན་འཕེལ་ཞིང་རྒྱས་པར་གྱུར་ཏོ། ། ༼༤༽གང་དུ་བལྟམས་པའི་གནས་ཕུན་སུམ་ཚོགས་པ་ནི། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གི་མངའ་རིང་རོང་སྡེ་རྫོང་ཁག་ཉེར་ལྔ་དང་འབྲོག་སྡེ་ལྷོ་བྱང་གཉིས་སུ་ཡོད་དབྱེ་བའི་བྱང་སྡེ་རྫ་ཆུ་ཁ་ཞེས་ཡུལ་ཕྱོགས་སྐྱོང་བའི་དགེ་བསྙེན་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་སྲུང་བའི་མདོ་ཁམས་ས་ཡི་རྩེ་མོ། ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། རྒྱལ་སྲས་གཞན་ཕན་མཐའ་ཡས། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ། མཁས་དབང་རྒྱ་སྐོང་མཁན་པོ་གཞན་དགའ། ལྕང་མའི་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུ་སོགས་སྐྱེས་བུ་དམ་པ་མང་པོ་སྐུ་འཁྲུངས་པའི་གནས་མཆོག་བཟང་པོ་དེ་ལས་དགེ་རྩེ་ཨ་རིག་རྫ་བ་ཞེས་ཕུན་ཚོགས་སྡེ་བཞིས་ཕྱུག་པའི་འབྲོག་སྡེ་ཆེན་པོ་དག་གི་དབྱར་ཀའི་མཚེར་ས་ཡུལ་སྐྱོང་ཟོ་དོར་གཉེན་པོ་རྫ་གར་སོགས་ལྷུན་བརྗིད་རི་བོ་མཐོན་པོས་གཡས་ནས་བསྐོར་ཞིང་། དྭངས་བསིལ་མཚོ་དང་མཚེའུ་བརྒྱ་ཕྲག་དུ་མས་གཡོན་ནས་བསྐོར་བའི། དལ་འབབ་གཙང་ཆབ་རིང་མོའི་ཆུ་མགོ །ན་ཐང་པདྨ་བཞད་པའི་ནེའུ་གསེང་། སྣ་ཚོགས་མེ་ཏོག་བཀྲ་བའི་དགའ་ཚལ། ཕུན་ཚོགས་འཇིག་རྟེན་ཁྱོན་གྱི་མཛེས་ལྗོངས་རྣམ་པར་བཀྲ་བའི་ས་ཡི་ཐིག་ལེ་དེར། ། ༼༥༽ ནམ་ཞིག་སྐུ་འཁྲུངས་པའི་དུས་ཕུན་སུམ་ཚོགས་པ་ནི། དུས་དེའི་ཚེ་ན་ཡབ་དང་ཡུམ་གཉིས་ལ་དགེ་བའི་སྣང་བ་དུ་མ་བྱུང་ཞིང་ཡུམ་ཡང་སྦྲུམ་པ་དང་ལྡན་པར་གྱུར་པས་ལྷ་དང་བླ་མའི་རྟགས་ལུང་ལྟར་བསོད་ནམས་རིམ་གྲོ་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་སྒོ་ཀུན་ནས་འབད་པ་དུ་མས་ཞུགས་པར་བྱས་སོ། ། སྤྱི་ལོ་༡༩༣༡་དེ་ནས་རབ་བྱུང་བཅུ་དྲུག་པའི་སྐྱེས་བདག་ཅེས་པ་ལྕགས་མོ་ལུག་གི་ལོ། སྟོན་པ་ཐུགས་རྗེ་ཅན་གྱིས་ཟག་མེད་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཏེ་བོད་ཟླ་དྲུག་པའི་འཕེལ་ཕྱོགས་ཀྱི་ཚེས་བཞིའི་ཉི་ཤར་འབྲུག་གི་སྔ་ཆ་བཟང་པོ་ལ། ། ༼༦༽ གང་ཞིག་འཁྲུངས་པའི་སྟོན་པ་ཕུན་སུམ་ཚོགས་པ་ནི། མཁའ་ཁྱབ་སེམས་ཅན་ཀུན་གྱི་མགོན་དང་སྐྱབས་སུ་གྱུར་པའི་ཕྱི་ལྟར་དགེ་བའི་བཤེས་གཉེན་ལོ་ཆེན་དྷརྨ་ཤྲི། ནང་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཁན་ཆེན་བོ་དྷི་ས་ཏྭ་ཤནྟ་རཀྵི་ཏ། གསང་བ་རྒྱལ་ཀུན་བཀའ་ཡི་སྡུད་པོ་མཁྱེན་རབ་འཇམ་དཔལ་གཞོན་ནུ་སྟེ་རྣམ་གསུམ་དབྱེར་མེད་པའི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུ་ལས་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གདུལ་བར་བྱ་བའི་ཁམས་དབང་དང་མཐུན་པར་སྤྲུལ་པའི་རང་གཟུགས་བདག་ཅག་རྣམས་ལ་བསོད་ནམས་ཀྱི་དཔལ་དུ་དུས་ལས་གཡོལ་མེད་དུ་ཤར་བ་འདི་ཉིད་ནི། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན། འཛམ་གླིང་འགྲོ་བའི་ལམ་སྟོན་རྨད་བྱུང་མཁས་གྲུབ་བྱེ་བའི་གཙུག་རྒྱན། ༧ སྐྱབས་རྗེ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་རྗེ་བཙུན་འཇམ་མགོན་བླ་མ་མཁན་ཆེན་ཡིད་བཞིན་ནོར་བུ་པདྨ་ཚེ་དབང་ལྷུན་གྲུབ་རིན་པོ་ཆེ་མཆོག་ཉིད་ངོ་མཚར་དགེ་བའི་རྟེན་འབྲེལ་བཟང་པོའི་སྣང་བ་དང་བཅས་ལྷར་བཅས་འགྲོ་བ་ཡོངས་ཀྱི་དཔལ་མགོན་དུ་སྐུ་འཁྲུངས་སོ། ། ༼༧༽ ལོ་ཆུང་བྱིས་པའི་སྐབས་ཀྱི་གནས་སྣང་ངོ་མཚར་བ་ནི། དེ་ནས་སྔོན་གྱི་དགེ་བའི་བག་ཆགས་ཆུང་དུས་ནས་སད་དེ་དགེ་སློང་གནས་བརྟན་རྒན་པོའི་མཛད་སྤྱོད་ལྟར་རྟག་ཏུ་ཁུ་སིམ་མེ། ཞི་འཇམ་བྱམས་བརྩེའི་སྤྱོད་ལམ་འབའ་ཞིག་གནང་བ་ལས་ཐ་མལ་བྱིས་པའི་ཀུན་སྤྱོད་ལྟར་སྨྲེ་ངག་གི་ངུ་བ་དང་། མ་བརྟགས་པའི་མཆོང་རྒྱུག །ཁོང་ཁྲོ་བའི་འཁྲུག་རྩོད་སོགས་གཏན་ནས་མི་གནང་བས་ཉེ་འཁོར་ཀུན་གྱིས་ཡིད་དུ་འོང་བའི་བྱིས་པ་ཆུང་ཆུང་འདི་ནི་ལོ་ན་དྲུག་ཅུ་ཟིན་པའི་རྒན་པོ་ལས་ལྷག་པའི་བག་ཡོད་ཀྱི་སྤྱོད་བཟང་ལ་ལྟོས་ཞེས། དེ་ཕྱོགས་སྐྱེ་བོ་ཀུན་གྱིས་བསྔགས་ཤིང་ཁ་སྨོན་གཅེས་བཀུར་བྱེད་སའི་མིག་དཔེ་བཟང་པོ་ཞིག་ཏུ་གྱུར། འོན་ཀྱང ༡༩༣༣་དགུང་ལོ་གཉིས་ཀྱི་སྐབས་སུ་སྐྱེད་ཡུམ་མཆོག་ཞིང་ལ་ཕེབས་པར་བརྟེན་ཆོས་རྗེ་དམ་པ་འདི་ཉིད་དགུང་གྲངས་བརྒྱད་མ་ལོན་བར་དུ་ཡབ་ཀྱིས་ཤིན་ཏུ་བྱམས་བརྩེ་ཆེན་པོས་ཉེ་བར་བསྐྱངས་ནས་བྱིས་པའི་ཤེས་རབ་འཕེལ་བའི་ཐུན་མོང་མ་ཡིན་པའི་བྱིན་རླབས་ཀྱི་རྟེན་འབྲེལ་བཟང་པོ་གནང་ཡོད་པ་རེད། ༼༨༽ ལེགས་ཚོགས་ཀུན་གྱི་འབྱུང་གནས་ཡོན་ཏན་བཟང་པོ་སྦྱོང་མགོ་བཙུགས་པའི་ཚུལ་ནི། སྤྱི་ལོ་༡༩༣༨་ལོ་དགུང་ལོ་བརྒྱད་ཀྱི་སྐབས་ཀློག་གི་སློབ་དཔོན་དཀོན་མཆོག་བསྟན་འཛིན་ལས་ཟླ་བ་གཅིག་གི་རིང་བོད་ཀྱི་དབྱངས་གསལ་ཡི་གེ་ལ་སློབ་སྦྱོང་གནང་བས་བརྡ་བསྟན་པ་ཙམ་གྱིས་དཀའ་ཚེགས་མེད་པར་བདེ་བླག་ཏུ་ལྗགས་ཀློག་ལེགས་པར་བྱང་ཆུབ་ནས། ལོ་འདིར་དགོན་པའི་འདོན་ཆོག་པུ་ཏི་ཀ་དུ་མ་ཐུགས་འཛིན་གནང་བས་ཀློག་བཟང་བའི་ཚད་དུ་གྱུར། སྤྱི་ལོ་༡༩༣༨་༩དགུང་ལོ་དགུ་བའི་སྐབས་སུ་འབྲི་ཀློག་ལེགས་པར་མཐར་ཕྱིན་པ་དང་རྒྱལ་བ་ཞེ་ཆེན་པའི་དགོན་ལག་ཆེ་ཤོས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་འཁྲུལ་མེད་དུ་སྐྱོང་བའི་ཆོས་སྡེ་ཆེན་པོ་རྫ་ཕུག་ཁང་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོ་ལ་ཚོགས་ཞུགས་བྱས་ཤིང་། དུས་མཚུངས་སུ་ཨ་འཛོམས་འབྲུག་པ་སྣ་ཚོགས་རང་གྲོལ་གྱི་དངོས་སློབ་ཕུག་ཁང་མཁན་པོ་ཤེས་རབ་མཆོག་ནི་འདི་བའི་སྐུ་ཞང་ཡིན་པར་བརྟེན་དུ་ནས་བཟུང་སྟེ་སྐུ་ཞང་མཁན་པོས་གང་ཅིའི་ཐད་ནས་བདག་སྐྱོང་ལེགས་པོར་གནང་བས་མ་ཚད་རྟག་ཏུ་མཉམ་བཞུགས་མཉམ་ཕེབས་གནང་བས་བླ་མ་རིན་པོ་ཆེ་འདི་ཉིད་ཁོང་གིས་ཐུགས་ཟིན་གྱི་ཉེ་བའི་སྲས་སུ་གྱུར། སྤྱི་ལོ་༡༩༤༠ དགུང་གྲངས་བཅུ་བའི་དབྱར་ལོ་འདིར་རྫ་ཕུག་ཁང་དགོན་དུ་རྩོད་བྲལ་མཁས་གྲུབ་ཀྱི་བླ་མ་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་གདན་ཞུས་ལྟར་ཕེབས་ཏེ་ཟླ་བ་དྲུག་གི་དུས་ཡུན་ལ་རིང་བརྒྱུད་བཀའ་མའི་དབང་ལུང་ཡོངས་རྫོགས་དང་སྨིན་གླིང་སྐུ་མཆེད་གཉིས་ཀྱི་བཀའ་འབུམ་གྱི་དབང་ལུང་ཆ་ཚང་། ཞེ་ཆེན་རྒྱལ་ཚབ་བཀའ་འབུམ་གྱི་ཁྲིད་ལུང་བཅས་བསྩལ་སྐབས་ཆད་ལྷག་མེད་པར་གསན་བཞེས་གནང་བ་དང་། མཁན་པོ་ཤེས་རབ་མཆོག་ནི་ཀོང་སྤྲུལ་རིན་པོ་ཆེའི་ནང་གི་ཕྱག་རོགས་སུ་ཡོད་པར་བརྟེན་བླ་མ་རིན་པོ་ཆེ་འདི་ཉིད་ཀྱང་རྒྱུན་དུ་ཀོང་སྤྲུལ་རིན་པོ་ཆེ་དང་མཉམ་བཞུགས་གནང་ཡོད་པས། ཀོང་སྤྲུལ་རིན་པོ་ཆེས་གདམས་ངག་མང་པོ་ཉིན་ལྟར་གནང་སྐྱོང་མཛད་ཡོད་པ་རེད། ༼༩༽ དེ་ནས་དམ་ཆོས་འདུལ་བ་རིན་པོ་ཆེའི་སྒོར་ཞུགས་པའི་ཚུལ་ནི། སྤྱི་ལོ་༡༩༤༡ དགུང་ལོ་བཅུ་གཅིག་པའི་དུས་སུ་བརྟེན་མཁས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཕུག་ཁང་མཁན་རྒན་དགེ་ལེགས་གྲགས་པ་སོགས་གྲངས་ཚང་བའི་དགེ་འདུན་ལས་སྦྱོར་དངོས་རྗེས་གསུམ་ཕུན་སུམ་ཚོགས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྡོམ་པ་ཞུས་ཤིང་དགེ་ལེགས་ཆོས་འཕེལ་ཞེས་རབ་ཏུ་བྱུང་བའི་མཚན་གྱི་ཅོ་པན་སྤྱི་བོར་བཀུར། དུས་འདི་ནས་བཟུང་ཕྱི་སོ་སོར་ཐར་བའི་བསླབ་གཞི་ཕྲ་མོའི་གནང་བཀག་ཅུང་ཟད་ལའང་བླང་དོར་ཚུལ་བཞིན་མཚུངས་པ་ཚངས་པར་སྤྱོད་པས་ཆོས་བཞིན་འདུལ་བ་བཞིན་བྱེད་མཁན་གནས་བརྟན་འདུལ་འཛིན་དམ་པ་འདི་དང་འདྲ་བ་འཛམ་གླིང་སའི་ཁྱོན་ན་ཤིན་ཏུ་དཀོན་པར་སྣང་ཞིང་། ཁྱད་པར་དུ་དགུང་གྲངས་བཅུ་གཅིག་ནས་ད་ལོ་བདུན་བཅུའི་བར་འཆང་བར་འོས་པའི་ཆོས་གོས་རྣམ་གསུམ་དང་ཤེས་རབ་ཀྱི་རྟེན་ཕྱག་དཔེ་འགའ་ཞིག་ལས་ཡོངས་སུ་བཟུང་བའི་དངོས་པོ་ཅི་ཡང་མེད་པ་ཀུན་སྤོང་བྱ་བྲལ་གྱི་སྤྱོད་པ་དང་དུ་བླངས་ནས་མི་ལོ་དྲུག་ཅུར་ཉེ་བར་སྦྱང་བའི་ཡོན་ཏན་གྱི་ཚུལ་ཁྲིམས་གཙང་མ་ལ་གནས་པ་འདི་ལྟ་བུའི་དགེ་སྦྱོང་ཆེན་པོ་དེང་སང་གི་དུས་འདིར་འཇིག་རྟེན་སྣང་བར་བྱེད་པའི་མཛེས་རྒྱན་དུ་གྱུར་ཡོད་པ་རེད། ༼༡༠༽ ད་ནི་རིགས་པའི་གནས་རྣམས་ལ་མཁས་པར་སྦྱོང་བའི་ཚུལ་ནི། སྤྱི་ལོ༡༩༤༢་དགུང་ལོ་བཅུ་གཉིས་སྐབས་སུ་སྐུ་ཞང་མཁན་པོ་ཤེས་རབ་མཆོག་ལས་ཀློང་ཆེན་སྙིང་ཐིག་སྔོན་འགྲོ་རྒྱས་འབྲིང་བསྡུས་གསུམ་གྱི་སྨིན་ཁྲིད་རྒྱས་པར་ཞུས་ནས་སྔོན་འགྲོའི་བསགས་སྦྱོང་ལ་གནད་དུ་ཁེལ་བའི་ཉམས་ལེན་འབད་འབུངས་ལྷོད་མེད་མཐར་ཆགས་སུ་གནང་ཡོད་པ་དང་། གཞན་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་དབུ་ཅན་དབུ་མེད་འཁྱུགས་བྲིས་སོགས་ཡིག་གཟུགས་དུ་མ་ལ་བྱང་ཆུབ་པ་སྦྱངས་ནས་སྐུ་ཚེ་འདིར་བཀའ་བསྟན་གསུང་རབ་ཕྱག་དཔེ་ཤོག་གྲངས་སྟོང་ཕྲག་མང་པོ་བྲིས་གནང་ཡོད་པ་རེད། སྤྱི་ལོ་༡༩༤༣་དགུང་གྲངས་བཅུ་གསུམ་ནས་ལོ་ཤས་བར་ཕུག་ཁང་དགོན་པའི་དབུ་མཛད་རྒན་གྲས་རྣམས་ལས་ཨོ་རྒྱན་སྨིན་གྲོལ་གླིང་གི་མཐོང་བ་བརྒྱུད་པའི་ཕྱག་བཞེས་སྒྲུབ་མཆོད་ཀྱི་བཅའ་དབྱངས་གདངས་གསུམ། འབུད་རྡུང་དཀྲོལ་གསུམ། རྩ་དྲུག་གར་གསུམ་སོགས་ལ་མཁས་པར་སྦྱངས་ནས་རྗེས་སུ་དགོན་པའི་དབུ་ཆེན་རྡོ་རྗེ་རྒྱལ་མཚན་མཆོག་ལ་རྒྱུགས་འབུལ་སྐབས་ཁྱེད་ཀྱི་ཐམས་ཅད་ལེགས་པར་བྱང་ཆུབ་པར་སྦྱང་འདུག་ཅེས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་གནང་ཡོད། ༼༡༡༽ རྫོགས་པ་ཆེན་པོའི་ཀློང་ཆེན་སྙིང་ཐིག་སྔོན་འགྲོའི་བློ་སྦྱོང་ཉམས་ལེན་ཇི་ལྟར་གནང་བའི་ཚུལ་ནི། སྤྱི་ལོ་༡༩༤༤་དགུང་ལོ་བཅུ་བཞིའི་སྐབས་སྤྲུལ་བའི་གཏེར་ཆེན་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ལས་སླར་ཡང་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་བདེན་པ་བཞིའི་དོན་རང་རྒྱུད་ལ་ཇི་ལྟར་སྦྱོར་བར་བྱེད་པའི་ཐབས་མ་ནོར་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་སྨིན་ཁྲིད་ཤིན་ཏུ་རྒྱས་པ་ཞུས་ནས་ནམ་ཡང་བསྙེལ་བ་མི་མངའ་བའི་དྲན་ཤེས་བག་ཡོད་ཀྱིས་ཐུགས་ཉམས་སུ་ལེགས་པར་བསྟར་བས་སེམས་རྒྱུད་ཆོས་ཀྱིས་ཐུལ་བའི་རྟགས་སུ་རྙོགས་དྲྭ་ཐམས་ཅད་ཀྱི་རྩ་བ་འཇིག་རྟེན་བསླུ་བར་བྱེད་པའི་ཆོས་བརྒྱད་འདི་སྣང་ལ་ཡིད་སྨོན་ནམ་ཡང་མེད་པ། རྟག་ཏུ་ཞི་བའི་དམན་ས་འབའ་ཞིག་བཟུང་བ་ལས་ཁོང་ཉིད་ལ་ཡོད་པའི་ཕྱི་ནང་གསང་བའི་ཡོན་ཏན་མཐའ་དག་མངོན་རློམ་ངོམ་ཆོས་མེད་པ་སྦས་ཤིང་གསང་བ་དམ་པོར་གནང་བ་སོགས་སྔོན་གྱི་བཀའ་གདམས་དགེ་བའི་བཤེས་གཉེན་གོང་མ་རྣམས་ཀྱི་རྣམ་ཐར་གཙང་མར་སྐྱོང་བཞིན་པའོ། ། ༼༡༢༽ གཙུག་ལག་རྩིས་ཀྱི་སྐོར་ལ་ཇི་ལྟར་མཁས་པར་སྦྱོང་བའི་ཚུལ་ནི། གཞན་ཡང་ལོ་འདིར་མཁན་པོ་འཇིགས་མེད་བསྟན་འཛིན་ལས་དཀར་རྩིས་ཉིན་བྱེད་སྣང་བའི་ཞིབ་ཁྲིད་དང་འབྲེལ་འབྱུང་རྩིས་ཟླ་བའི་འོད་ཟེར་ཀྱི་མཛུབ་ཁྲིེད་དང་། རླུང་ནག་མཁན་པོ་ལས་ཉིན་སྣང་དབྱངས་འཆར་བཅས་ཀྱི་ས་རིས་བཅས་ཞུས་ཤིང་། གཞན་ཡང་ལོ་འདིར་རྩིས་པ་ཚེ་རིང་རྡོ་རྗེ་ལས་དཀར་ནག་རྩིས་ཀྱི་མཐའ་དཔྱད་བཟང་པོ་ཐོབ་ཡོད་པ་དང་། ཁྱད་པར་མཁས་དབང་མགར་ལྷ་རྒྱལ་མཆོག་ལས་ཞག་གསུམ་གཟའ་ལྔའི་དཀའ་གནད་དང་གོ་ལའི་ཐིག་རྩ། རྩིས་གཞུང་རྒྱས་པ་བཻ་དཀར་ཆ་ལག་དང་བཅས་པའི་གོ་དོན་མན་ངག །བྱེད་གྲུབ་ཟུང་འབྲེལ་གྱི་ལོ་ཐོའི་ལག་ལེན་དམར་ཁྲིད་སོགས་ལེགས་པར་སྦྱང་བ་བྱས་ནས་དུས་ལ་རྨོངས་པ་སེལ་ཕྱིར་འདི་ལོ་ནས་བཟུང་ཕུགས་ལུགས་བྱེད་གྲུབ་ཟུང་འབྲེལ་གྱི་ལོ་ཐོ་རྒྱས་པ་ལོ་བརྒྱད་ཀྱི་རིང་དུ་ཐེངས་བརྒྱད་འདོན་སྤེལ་བྱས་པས་སྐབས་དེའི་གདུལ་བྱ་དུས་ལ་མཁས་པ་རྣམས་ཀྱིས་ཤིན་ཏུ་དགའ་མོས་ཆེན་པོར་བྱས་ཡོད་པ་རེད། ༼༡༣༽ རྗེ་བཙུན་བླ་མ་འདི་ཉིད་འཕགས་ཆེན་སྤྲུལ་བའི་གང་ཟག་ཆེན་པོ་ཡིན་པར་རྡོ་རྗེའི་ལུང་གིས་ཇི་ལྟར་བསྔགས་པའི་ཚུལ་ནི། སྤྱི་ལོ་༡༩༤༥་དགུང་ལོ་བཅོ་ལྔའི་སྐབས་སུ་རྫ་ཕུག་ཁང་དགོན་དུ་སྤྲུལ་པའི་གཏེར་ཆེན་པདྨ་མཁའ་ཀློང་ཡངས་པའམ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ཕེབས་ཏེ། འོད་གསལ་གསང་བ་སྙིང་ཐིག་ཆོས་སྐོར་ཐམས་ཅད་ཀྱི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་པ་གནང་བའི་ཆོས་གྲལ་དུ་བཞུགས་སྐབས་སུ་བླ་མ་རིན་པོ་འདི་ཉིད་ཞག་ཤས་རིང་སྙུན་གཞིའི་རྐྱེན་ལྟར་ཆོས་ཞུར་ཕེབས་མ་ཐུབ་པས་རེ་ཞིག་ཆོས་དགོངས་ཞུས་པས། དཔལ་སྤྲུལ་རིན་པོ་ཆེས་ཚོགས་མང་དབུས་སུ་སེམས་དཔའ་རིགས་རྒྱུད་ཀྱི་དམ་པའི་སྐྱེས་བུ་ཁོང་ལྟ་བུ་ལ་ངས་སྒྲ་ཚིག་རང་མཚན་པས་ཆོས་མ་བཏོན་ཀྱང་བརྡ་ཐབས་དགོངས་པ་གཏད་པ་ཙམ་གྱིས་བཀའ་ལུང་ཡོངས་རྫོགས་ངེས་པར་ཐོབ་ཡོད་ཅེས་རིག་འཛིན་བརྡ་བརྒྱུད་ཀྱི་གྲུབ་ཐོབ་ཡིན་པར་ཆེད་དུ་སེང་གེའི་ང་རོས་བསྔགས་བརྗོད་ཆེན་པོར་གནང་བ་ལྟར་སྐུ་ན་ཆུང་དུས་སུ་མདོ་སྒོ་ཆེན་སྤྲུལ་སྐུ་ནས་གནང་བའི་ལུངབསྟན་ཤོག་དྲིལ་མ་ལས་ཀྱང་། སྔོན་ཞིག་ཏུ་འོག་མིན་སྨིན་གྲོལ་གླིང་།།ཁོང་དགེ་སློང་དྷརྨ་ཤྲིའི་མཚན།།སྨོན་ལམ་གྱིས་འདི་རུ་སྤྱོད་པ་ཡིན།།འབྲེལ་ཚད་ཀུན་ཐར་བའི་ལམ་སྣ་འདྲེན།།ཞེས་སོགས་མདོ་རྒྱུད་བཀའ་གཏེར་གྱི་ལུང་བསྟན་ཁག་མང་པོ་ལས་འཕགས་པའི་གང་ཟག་ཁྱད་པར་ཅན་ཡིན་པ་རྡོ་རྗེའི་ལུང་གིས་ཟིན་འདུག་ཀྱང་། བླ་མ་རིན་པོ་ཆེས། ད་བན་རྒན་ང་ལ་ཆེ་བསྟོད་གཉན་བསྟོད་བྱེད་ནས་ཅི་གང་ལས་རྒྱུ་ཡོད་ནི་མ་རེད། ང་ལ་ཅི་ཡང་བྱེད་དགོས་ནི་མ་རེད། ངའི་རྒྱུད་ལ་ལོ་ཟས་སྣ་ཁ་ཆ་ཤས་ཡོད་ནི་མ་རེད། ངའི་ལོ་རྒྱུས་བྲིས་ནས་ངོ་ཚ་སྐྱེད་མ་གཏོགས་ཅི་གང་ཉན་ནི་མ་རེད། ང་ལ་བསྟོད་ར་བྱས་ནས་ཅི་བྱེད་ནི་ཡིན། ཨ་ཝོ་དེའི་དྲགས་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ཏེ་བླ་མའི་རྣལ་འབྱོར་རེ་གསོག་ཅི་ཐུབ་བྱས་ན་བཟང་ངེས་པ་ཅན་རེད། ཞེས་སོགས་རྟག་ཏུ་དམན་ས་བཟུང་ཏེ་ཁེངས་སྐྱུང་གི་གསུང་མང་པོ་བྱོན་ནས་ལུང་བསྟན་གྱི་རྒྱས་སྤྲོས་མང་པོ་ལ་དགག་བྱ་གནང་བར་བརྟེན། བསྟོད་བསྔགས་དང་ལུང་བསྟན་གྱི་སྤྲོས་པ་གནས་སྐབས་རེ་ཞིག་དགོས་དབང་གིས་བཏང་སྙོམས་སུ་བྱས་ཏེ་འདི་ན་སྒྲོ་སྐུར་སྤང་བའི་ལོ་རྒྱུས་དྲང་པོར་བྲིས་ཡོད། ༼༡༤༽ ལེགས་སྦྱར་སམ་སྐྲྀ་ཏའི་སྐད་ལ་ཇི་ལྟར་མཁས་པར་སྦྱོང་བའི་ཚུལ་ནི། སྤྱི་ལོ་༡༩༤༦་དགུང་གྲངས་བཅུ་དྲུག་ནས་མཁས་པའི་དབང་པོ་འགར་ལྷ་རྒྱལ་མཆོག་ལས་དགེ་རྩེ་མ་ཧཱ་པཎྜི་ཏས་མཛད་པའི་དབྱངས་ཅན་སྒྲ་མདོའི་མཚོན་ཀ་ཙན་དབྱངས་གསུམ་གྱི་སྒྲ་གཞུང་ཆེན་མོ་རྣམས་ལ་ལོ་ཤས་རིང་དུ་རིམ་གྱིས་མཁས་པར་སྦྱངས་ཤིང་། དུས་མཚུངས་སུ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་སྡེབ་སྦྱོར་གྱི་སྐོར་ལ་ཤིན་ཏུ་བྱང་བ་སྦྱངས་ཡོད་པ་ལས། དུས་ཕྱིས་སུ་མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ་སོགས་ནས་བསྐུལ་ཞུས་ལྟར་དབྱངས་ཅན་སྒྲ་མདོའི་འགྲེལ་མཆན་ཆེན་མོ་བརྩམས་རྗེས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོའི་ནང་པར་ཤིང་གསར་བསྐྲུན་བྱས་ནས་བཞུགས་སུ་གསོལ་ཡོད་པར་རྟེན་བོད་གངས་ཅན་ལྗོངས་སུ་ལེགས་སྦྱར་སྒྲ་རིག་པའི་ཕྱོགས་ལ་སླར་ཡང་ཕྲིན་ལས་ཆེན་པོ་སྤེལ་ཡོད་པ་རེད། ༼༡༥༽ བཟོ་རིག་སྣ་ཚོགས་ལ་ཇི་ལྟར་མཁས་པར་སྦྱོང་བའི་ཚུལ་ནི། བླ་མ་མཁས་བཙུན་མཆོག་ལས་གསར་རྙིང་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་ཐིག་རྩ་དང་རྡུལ་མཚོན་ལ་མཐོང་བརྒྱུད་ཞལ་ཤེས་ལྟར་ཤིན་ཏུ་མཁས་པར་སྦྱངས་ནས་ཕྱག་ལེན་བསྟར་མཛད་ཡོད་པ་དང་། བྲིས་པ་ཁྲོམ་ཐོག་ཨ་པད་ཀྱི་མདུན་ནས་མ་ཧཱ་པཎྜི་ཏ་ཞེ་ཆེན་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་བརྒྱུད་པའི་ལཉྫ་ཝརྟུ་སོགས་འཕགས་ཡུལ་གྱི་ཡིག་རིགས་དྲུག་ཅུའི་ཡིག་གཟུགས་ཐམས་ཅད་སྦྱང་གནང་བ་དང་དུས་མཚུངས་ཧོར་ཡིག་སོགས་མཛེས་ཡིག་དུ་མ་ལ་ཟུར་སྦྱོང་གནང་ཡོད་པ་རེད། མཁན་ཆེན་ཆོས་རྡོར་སོགས་ལས་མཆོད་རྟེན་གྱི་ཐིག་རྩ་སྣ་ཚོགས་དང་ལྷའི་ཐིག་རྩ་དང་འབྲེལ་བའི་ཐང་ཀའི་རི་མོ་སོགས་བཟོའི་རིགས་གནས་དུ་མ་ལ་ལག་ལེན་རང་སྐྱ་ཐུབ་པ་སྦྱང་ནས་དུས་འགྱུར་ཀྱི་རྗེས་སུ་བོད་ཡུལ་ས་གནས་མང་པོ་ལ་མདོག་དབྱིབས་ལེགས་ཤིང་གཟུངས་ཞུགས་གཟུངས་སྒྲུབ་ཚད་ལྡན་ཡིན་པའི་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་དང་བདེ་གཤེགས་མཆོད་རྟེན་ཆ་བརྒྱད་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་མང་པོ་བཅས་གསར་བཞེངས་གནང་ཡོད་པ་རེད།
༼༡༧༽ འཕགས་བོད་མདོ་སྔགས་ཀྱི་གཞུང་ཆེན་པོ་རྣམས་ལ་ཐོས་བསམ་སྒོམ་པ་ཇི་ལྟར་མཛད་པའི་ཚུལ་ནི། སྤྱི་ལོ་༡༩༤༦་དགུང་ལོ་བཅུ་བདུན་སྐབས་སུ་རྫ་ཕུག་ཁང་དགོན་པའི་བཤད་གྲྭ་གསར་བཞེངས་གྲུབ་པར་བརྟེན་འདི་ནས་བཟུང་དགུང་གྲངས་ཉེར་ལྔ་བར་ལོ་བརྒྱད་ཀྱི་རིང་དམིགས་བསལ་གྱི་དུས་ཚོད་འགའ་ཞིག་མ་གཏོགས་བཤད་གྲྭའི་ནང་རྒྱུན་བཞུགས་གནང་ནས་མཁན་ཆེན་ཆོས་རྡོར། མཁན་པོ་པདྨ་ཐབས་མཁས། མཁན་པོ་འགྱུར་མེད་མཁྱེན་རབ། མཁན་པོ་འཇིགས་མེད་བསྟན་འཛིན་སོགས་བརྟན་མཁས་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ལས་ཀུན་མཁྱེན་རོང་ཀློང་གཉིས་ཀྱི་བཀའ་སྲོལ་རྨད་དུ་བྱུང་བའི་དགོངས་དོན་གསལ་བར་སྟོན་པའི་འཇམ་མགོན་མི་ཕམ་ཡབ་སྲས་ཀྱི་གཞུང་འགྲེལ་རྣམས་དང་། ཇི་སྐད་དུ། མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད་དང་། །རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང་། །བྱམས་ཆོས་སྡེ་ལྔ་མདོ་སྡེའི་སྡེ་སྣོད་ཏེ། །མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད་ཡིན།།ཞེས་ཡོངས་སུ་གྲགས་པ་ལྟར་མཁས་དབང་རྫོགས་ཆེན་མཁན་པོ་གཞན་དགའ་མཆོག་ནས་བརྩམས་མཛད་པའི་རྒྱ་གཞུང་ཆེན་པོ་བཅུ་གསུམ་རྩ་འགྲེལ་སོགས་ཀྱིས་གཙོར་བྱས་པའི་ས་སྐྱ་བཀའ་བརྒྱུད་དགེ་ལྡན་བཅས་ཀྱི་ཡིག་ཆ་ཆེ་ཁག་གཞུང་འགྲེལ་རྣམས་ལ་ཐོས་བསམ་མཐའ་དཔྱད་དཔྱིས་ཕྱིན་པ་གནང་བས་གྲུབ་མཐའ་ཀུན་ལ་ཐུགས་འདྲིས་ཆེན་པོ་བྱུང་བར་བརྟེན་རྨོངས་ཞེན་ཆགས་སྡང་གི་འཛིན་པ་གཏིང་ནས་ཞིག་པས་རིས་སུ་མ་ཆད་པའི་ཐུབ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་དག་སྣང་ཕྱོགས་མེད་དུ་རྒྱས་ཏེ་ཆོས་སྤོང་ཕྱོགས་རིས་ཀྱི་དབྱེན་ཚིག་ནམ་ཡང་གསུང་མི་སྲིད་པ་ཐོས་རྟགས་ཀུན་མཉམ་ཞི་དུལ་ལྷོད་པོའི་གཟི་བརྗིད་ལྷང་ངེ་གསལ་བཞིན་པ་འདིའོ། ། སྤྱི་ལོ་༡༩༤༨་དགུང་ལོ་བཅོ་བརྒྱད་སྐབས་རྫ་ཕུག་ཁང་དགོན་པ་ནས་ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་གདན་ཞུས་ལྟར་ཕེབས་ཏེ་དཔྱིད་ཟླ་དང་པོའི་ཚེས་བཅུ་ནས་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་བར་རིན་ཆེན་གཏེར་མཛོད་ཆེན་མོ་ཆ་ལག་དང་བཅས་པའི་སྨིན་བྱེད་ཀྱི་དབང་ཞིབ་ཅིང་རྒྱས་པར་གནང་བའི་དུས་མཉམ་དུ་སྤྱི་བོའི་དགེ་སློང་༼སྐྱེ་བོ་དགེ་སློང་པདྨ་ཚེ་སྒྲུབ༽མཆོག་ནས་གཏེར་མཛོད་ཀྱི་ལུང་ཆ་ཚང་གནང་ཡོད་པ་ལ་བླ་མ་རིན་པོ་ཆེས་དོན་གཉེར་ཆེན་པོས་ཆད་ལུས་ཅུང་ཟད་མེད་པ་ལེགས་པར་ཞུས་ཤིང་གསན་གནང་ཡོད་པ་དང་། སྤྱི་ལོ་༡༩༤༩་དགུང་གྲངས་བཅུ་དགུའི་སྐབས་དབེན་གནས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་བྲག་དམར་རི་ཁྲོད་དུ་དཔལ་སྤྲུལ་ནམ་མཁའ་འཇིགས་མེད་ལས་རྫོགས་པ་ཆེན་པོ་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་དབང་བཞིའི་རྒྱུད་དོན་དང་འབྲེལ་བའི་བཀའ་གཏེར་མན་ངག་གི་རི་ཆོས་སྨིན་ཁྲིད་ཟབ་མོ་མང་དུ་ཞུས་ནས་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་གསང་སྔགས་ཉམས་ལེན་གྱི་རྟེན་འབྲེལ་བཟང་པོ་ངང་གིས་འགྲིག་ཡོད་པ་རེད། སྤྱི་ལོ་༡༩༥༠་དགུང་གྲངས་ཉི་ཤུའི་སྐབས་སུ་ཀུན་སྤངས་བྱ་བྲལ་པ་ཆེན་པོ་ཨ་ཁུ་ནམ་མཁའ་ཡེ་ཤེས་ལས། དམིགས་བསལ་དུ་ཤེར་འགྲེལ་ཀེ་ཏ་ཀ་དང་བརྒལ་ལན་རྣམ་གསུམ། རལ་གྲི་ལྔ་དང་ཨུཏྤལ་ལྔ་སོགས་ལ་ཟབ་སྦྱོང་གནང་ཡོད་པ་དང་། འདི་ལོ་དགུང་གྲངས་ཉི་ཤུ་ནས་བཟུང་དགུང་གྲངས་ཉེར་ལྔའི་བར་དགུན་ལོ་རེ་བཞིན་དུ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་བསྙེན་མཚམས་ཞག་བརྒྱ་ཐེངས་ལྔ་བཞུགས་མྱོང་ཡོད་པ་དང་། དགུང་གྲངས་ཉེར་གཅིག་ནས་ཉེར་གསུམ་བར་བཤད་གྲྭའི་གུང་སེངས་ཀྱི་སྐབས་རྣམས་སུ་ཐུགས་བརྩེ་ཆེན་པོས་མ་བསྐུལ་དང་བླངས་ཀྱིས་འབྲོག་པའི་རུ་ཐོག་དུ་ཕེབས་ནས་བོད་ཀྱི་འབྲོག་ཕྲུག་དབུལ་པོ་མང་པོ་ལ་འབྲི་ཀློག་གི་སློབ་དཔོན་གནང་བས་ལོ་ཆུང་བྱིས་པ་མང་པོ་ཡིག་རྨོངས་ལས་སྐྱོབ་གནང་ཡོད་པ་རེད། ༼༡༧༽ བྱང་ཆུབ་སེམས་དཔའི་བསླབ་པ་རིན་པོ་ཆེ་ཇི་ལྟར་ཉམས་སུ་བླངས་པའི་ཚུལ་ནི། སྤྱི་ལོ་༡༩༥༥་དགུང་ལོ་ཉེར་ལྔའི་སྐབས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཁྲུལ་མེད་འཛིན་པའི་དབེན་པའི་གནས་མཆོག་རྫ་ལྕང་མ་རི་ཁྲོད་ཞེས་ཡོངས་སུ་གྲགས་པའི་ཆོས་གྲྭ་དེར་ཕེབས་ནས་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་ཐུབ་དགའ་ཡིད་བཞིན་ནོར་བུ་ལས། ཆོས་ཀྱི་གྲོགས་པོ་དམ་པ་མཁན་ཆེན་འཇིག་མེད་ཕུན་ཚོགསརིན་པོ་ཆེ་དང་། དགེ་མང་མཁན་ཆེན་དབང་ལོ་དང་། མཁན་ཆེན་དབང་ལྡེས་སོགས་དམ་པའི་སྐྱེས་ཆེན་བརྒྱ་ཕྲག་དུ་མ་དང་ལྷན་ཅིག་ཏུ་གསང་བ་ལས་ཀྱང་ཡང་གསང་རྫོགས་ཆེན་ལྟར་བཀྲལ་བའི་རྩ་རྒྱུད་གསང་བ་སྙིང་པོ་ཕྱོགས་བཅུའི་མུན་སེལ་རྩ་འགྲེལ་ཆ་ལག་དང་བཅས་པའི་སྨིན་གྲོལ་གྱི་བཀའ་ཆོས་ཡོངས་རྫོགས་མཉམ་ཞུས་གནང་ཡོད་པ་དང་འབྲེལ་བསྐྱེད་པ་མ་ཧཱ་ཡོ་གའི་རྩ་རྒྱུད་གསང་བ་སྙིང་པོའི་སྙན་བརྒྱུད་སྨིན་ཁྲིད་ཞག་བཅུའི་སྒྲུབ་ཆེན་གྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་རང་རྐང་ཚུགས་པ་སྦྱང་ནས་དེང་སང་བཤད་སྒྲུབ་དགོན་སྡེ་ཁག་ལ་གསང་སྙིང་ཞག་བཅུའི་སྒྲུབ་མཆོད་མང་པོ་འཛུགས་བཞིན་ཡོད། ཁྱད་པར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་རིན་ཆེན་བྱང་ཆུབ་སེམས་གཙོ་བོར་སྟོན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྨིན་ཁྲིད་ཟབ་མོ་རྫོགས་ཆེན་དཔལ་སྤྲུལ་རྡོ་རྗེ་འཆང་ནས་བརྒྱུད་པའི་མན་ངག་ཐུན་མོང་མ་ཡིན་པ་འདི་ལ་གུས་བརྩོན་ཆེན་པོས་ཞུས་ནས་ཐུགས་ཉམས་སུ་བསྟར་བས་སེམས་ཡོད་པའི་སྲོག་ཆགས་ལྟར་ཞོག་སེམས་མེད་པའི་ཤིང་དུམ་ཙམ་ལ་ཡང་ཁོང་ཁྲོ་བ་ཡེ་ནས་མི་མངའ་བ་ཀུན་ལ་སྙོམས་པའི་གཞན་ཕན་ཐུགས་བརྩེ་ཆེན་པོས་སྐྱེ་བོ་མཆོག་དམན་ཐམས་ཅད་གོང་དུ་བཀུར་ཞིང་བྱམས་སེམས་གནང་བ་ལས་མཐོང་ཆུང་གི་ཚིག་རྩུབ། གཡོ་སྒྱུའི་ངོ་བསྟོད། ཕྲག་དག་གི་ཟུར་ཟ། ཆགས་སྡང་གི་བསྟོད་སྨད། ཆེ་འདོད་ཀྱི་མཐོ་གཏམ། ངན་གཡོའི་ཚུལ་འཆོས་བཅས་རྩ་བ་ཉིད་ནས་གནང་མི་སྲིད་ཏེ། བླ་མ་ཉིད་ཀྱི་གསུང་མགུར་ལས། ཕྱི་ནས་ཆོས་པའི་ཨོ་ཟོབ་གྲགས་འུར་སོགས།།མེད་ཀྱང་གཉོམ་ཆུང་ཁས་ཞན་སྤྱོད་ལམ་གྱིས།།ལྐོག་ནས་རང་སེམས་འདུལ་བའི་ཉམས་ལེན་ཞིག །ཡོད་ན་ཆོས་ཀྱི་རྩ་བ་འདི་ཉིད་ཡིན།།ཞེས་གསུངས་པ་ལྟར་གནད་འདི་ལ་ཉམས་ལེན་གྱི་རྩ་བ་གནང་བས་ཁོང་ལ་དགྲ་རུ་བཟུང་ནས་བར་ཆད་རྩོམ་མཁན་སྐུ་ཚེ་འདི་ལ་སུ་ཡང་མ་བྱུང་བར་མ་ཚད་འགྲོ་བ་གང་གིས་བླ་མ་རིན་པོ་ཆེའི་ཞལ་མཇལ་བ་ཙམ་གྱིས་ཆགས་སྡང་གི་སྣང་བ་རང་སར་ཞིར་འགྲོ་བ་འདི་ནི་ཐུགས་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བའི་སེམས་དཔའ་ཆེན་པོའི་རྟགས་ཡང་དག་པ་སྟེ། ནང་ལྟར་རྒྱལ་བའི་སྲས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ལ་མངའ་དབང་འབྱོར་བ་ལགས་སོ། །གཞན་ཡང་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུའི་མདུན་ནས་དཔལ་སྤྲུལ་རིན་པོ་ཆེའི་ཕྱག་སྲོལ་ལྟར་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཟང་པོའི་ཞིང་ཁྲིད་མན་ངག་མདོ་སྔགས་ཀྱི་ཆོ་ག་བཞིན་ཞུས་ཏེ། དུས་ཕྱིས་སུ་ལོ་ལྟར་སྐྱེ་བོ་ཁྲི་འབུམ་དུ་མ་ལ་བདེ་ཆེན་ཞིང་ཁྲིད་ཀྱི་འགྲོ་ཕན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པའི་ཕྲིན་ལས་གཅིག་པུའི་བཀའ་དྲིན་ཡང་བསམ་གྱིས་མི་ཁྱབ་པ་གནང་གི་ཡོད་དོ། །དུས་སྐབས་འདི་དག་ཏུ་ཐུབ་དགའ་ཡིད་བཞིན་ནོར་བུའི་ཐུགས་སྲས་རྣམས་ལས་ཟབ་རྒྱས་ལེགས་བཤད་ཀྱི་བདུད་རྩི་མང་པོ་བཞེས་ཡོད་པ་སྟེ། སྡེ་སྣོད་འཛིན་པ་ལྷ་སྤྲུལ་ངག་དབང་བློ་གྲོས་རྒྱ་མཚོའི་མདུན་ནས། དམ་པའི་ཆོས་མངོན་པ་གོང་འོག་གི་འགྲེལ་ཆེན་ཁག་ལ་ཐོས་བསམ་ཟབ་རྒྱས་བྱས་ནས་གྲུབ་མཐའི་དཀའ་གནད་རྣམས་ལ་དོགས་དཔྱོད་ཐེ་ཚོམ་དང་བྲལ་བར་མཛད་ཡོད་པ་དང་། ཚེ་རབས་ལས་རྩིས་སོགས་འབྱུང་རྩིས་དཀར་རྩིས་ཀྱི་མན་ངག་མཐའ་དཔྱད་དཔྱིས་ཕྱིན་པ་གནང་ཡོད་པ་རེད། རིགས་པར་སྨྲ་བ་མཁན་ཆེན་ཚུལ་དགའི་མདུན་ནས་འཇམ་མགོན་མི་ཕམ་པའི་ལེགས་བཤད་ཚད་མ་རྣམ་འགྲེལ་དང་རིགས་གཏེར་རྩ་འགྲེལ་སོགས་ཚད་མ་སྡེ་བདུན་གྱི་གཞུང་འགྲེལ་དུ་མ་ལ་ཞིབ་ཚགས་ཀྱིས་ནན་ཞུས་གནང་ནས་གཏན་ཚིགས་རིག་པའི་གནས་ལ་མཐའ་དཔྱད་བསྒྲོ་གླེང་རྒྱས་པར་མཛད་གནང་ཡོད་པ་རེད། མཁས་དབང་རྫ་རྒྱལ་མཁན་པོ་ཐུ་བེ་ལས་སུམ་རྟགས་རྩ་བའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་ཀྱི་དཀའ་གནད་མ་ལུས་ཞིབ་དཔྱོད་བྱས་ནས་དཔེར་བརྗོད་ཆ་ཚང་མཛད་པ་དང་འབྲེལ། སྙན་ངག་མེ་ལོང་མའི་བཤད་ཁྲིད་རྒྱས་པ་ཞུས་ཤིང་ལེའུ་ཐོག་མཐའ་བར་གསུམ་གྱི་དཔེ་བརྗོད་ཆ་ཚང་ངག་དབང་དབྱངས་ཅན་ལྷ་མོའི་བརྩེ་ཆེན་འཛུམ་དཀར་ལས་འཁྲུངས་པའི་རང་བྱུང་རྡོ་རྗེའི་སྒྲ་དབྱངས་ལྟར་སྙན་ཞིང་བརྗིད་པའི་བཅད་ལྷུག་སྤེལ་མའི་ལྗགས་རྩོམ་སྤྱན་བསྟན་ཞུས་པས། སྙན་ངག་མཁན་པོ་ཤིན་ཏུ་དགྱེས་ནས། རིག་བྱེད་ཀྱི་མཚན་ལ་དབྱངས་ཅན་དགའ་བའི་གོ་ཆ་འཇིགས་བྲལ་སྨྲ་བའི་སེང་གེ་ཞེས་གནང་ཡོད་པ་རེད། གནས་འདིར་བཞུགས་རིང་མདོ་སྔགས་ཟུང་འཇུག་གི་གནས་ལ་གུས་བརྩོན་ཆེན་པོས་ཐོས་བསམ་སྒོམ་པར་གནང་བས་ཤེས་རབ་ལྟ་བའི་སྤོབས་པ་བསམ་གྱིས་མི་ཁྱབས་པ་འཕེལ་བར་བརྟེན་འཛམ་གླིང་སའི་སྟེང་ན་འགྲན་ཟླ་ལས་འདས་ཤིང་ཆགས་ཐོགས་ཀྱི་འཇིགས་པ་ཐམས་ཅད་དང་བྲལ་བའི་དམ་ཆོས་ཚུལ་བཞིན་སྨྲ་བའི་རྩོད་མེད་མ་ཧཱ་པཎྜི་ཏ་ཞིག་ཏུ་གྱུར་ཡོད་པ་ནི། ཇི་སྐད་དུ། རྫོགས་ཆེན་མཆོག་སྤྲུལ་པདྨ་སྐལ་བཟང་ནས། ཕྱོགས་རེའི་གཞུང་ལུགས་ཉི་ཚེའི་རྣམ་དཔྱོད་ལས།།རིང་དུ་བརྒལ་བ་ཤེས་བྱའི་ཕ་མཐར་སོན།།ཐོགས་མེད་གནས་ལྔ་རིག་པའི་པཎྜི་ཏ།།དེང་དུས་གངས་རི་ལྗོངས་ན་ཁྱེད་ལས་སུ།།ཞེས་ཆེད་བརྗོད་གསུངས་ཡོད་པ་ལྟར་གངས་ལྗོངས་མཁས་དབང་མང་པོས་མགྲིན་གཅིག་ཏུ་ཆེད་དུ་བརྗོད་པས་བསྟོད་བསྔགས་ཀྱི་རོལ་མོས་ཡང་ནས་ཡང་དུ་གུས་བཀུར་མཛད་བཞིན་ཡོད་པ་འདི་ལགས་སོ། ། སྤྱི་ལོ་༡༩༥༧་དགུང་གྲངས་ཉེར་བདུན་སྐབས་རྫོགས་ཆེན་མཁན་པོ་ཀུན་བཟང་དཔལ་ལྡན་གྱི་གདན་ས་དགེ་གོང་དུ་ཕེབས་ནས་ཀུན་མཁྱེན་བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མའི་མདུན་ནས། སྐྱབས་རྗེ་ཆོས་ཀྱི་རྒྱལ་པོ་མཁན་ཆེན་ཆོས་ཁྱབ་རྡོ་རྗེ་འཆང་དང་། རྨེ་བ་མཁན་ཆེན་ཐུབ་བསྟན་རིན་པོ་ཆེ། ར་ཧོར་མཁན་ཆེན་ཟླ་ཟེར་རིན་པོ་ཆེ་སོགས་རྡོ་རྗེའི་མཆེད་གྲོགས་དུ་མ་དང་ལྷན་དུ། བོད་སྤྲུལ་རིན་པོ་ཆེ་ཉིད་ཀྱིས་བརྩམས་གནང་བའི་འཆོས་སྐྱོབ་གཉིས་ལྡན་གྱི་ལེགས་བཤད་ཆེན་པོ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་དང་། དབུ་མ་བཞི་བརྒྱ་བའི་འགྲེལ་བ། ལྟ་གྲུབ་ཤན་འབྱེད་རྩ་འགྲེལ། སྟོང་ཐུན་གནད་ཀྱི་ཟིན་ཏིག་སོགས་ཀྱི་བཤད་ཁྲིད་དཀའ་གནད་དང་བཅས་པ་ཞིབ་པར་གསན་པས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་རབ་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་མཆོག་ཏུ་རྒྱས་པར་གྱུར་ནས། དེང་སྐབས་སྔ་འགྱུར་མཚོ་སྐྱེས་རྒྱལ་བའི་ཐུན་མིན་དབུ་མ་ཆེན་པོའི་ལྟ་གྲུབ་ཀྱི་རྒྱལ་མཚན་མཐོན་པོ་ཡངས་པའི་ས་ཆེན་འདིར་སྒྲེང་བཞིན་པ་དང་། གཞན་ཡང་བོད་སྤྲུལ་རིན་པོ་ཆེའི་མདུན་ནས་ཁྱབ་བདག་དུས་ཀྱི་འཁོར་ལོའི་དབང་ཆེན་རྒྱས་པར་ཞུས་ཤིང་གསར་རྙིང་རྒྱུད་སྡེ་ཆེན་པོ་རྣམས་ལ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་འཇུག་ཚུལ་ལེགས་པར་གསན་པས་ངེས་གསང་ཟབ་མོའི་རྒྱུད་དོན་ལ་མཁྱེན་རྟོགས་ཀྱི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པར་གྱུར། ༼༡༨༽ འོད་གསལ་རྫོགས་པ་ཆེན་པོའི་ཉམས་རྟོགས་ཟབ་མོ་ཇི་ལྟར་ཐུགས་རྒྱུད་ལ་འཁྲུངས་པའི་ཚུལ་ནི། སྤྱི་ལོ་༡༩༥༨དགུང་གྲངས་ཉེར་བརྒྱད་སྐབས་ཨ་འཛོམས་འབྲུག་པ་སྣ་ཚོགས་རང་གྲོལ་གྱི་གདན་ས་ལ་ཕེབས་ཏེ། ཚེ་རབས་ལས་ཀྱི་འབྲེལ་བའི་བླ་མ་ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་ཡིན་གཤིས་ཕན་ཚུན་མཇལ་མ་ཐག་ཕ་བུ་འཕྲད་པ་བཞིན་ཐུགས་བརྩེ་གཅིག་འདྲེས་སུ་གྱུར་ཅིང་། དུས་དེར་བཀའ་ཆོས་ཆ་ཚང་ཞུ་རྒྱུའི་རྟེན་འབྲེལ་བཟང་པོ་རང་བཞིན་ངང་གིས་འཛོམས་ཡོད་པར་བརྟེན། ཚེ་གཅིག་སངས་རྒྱས་སུ་འགྲུབ་པའི་ཉེ་ལམ་བླ་ན་མེད་པ་འོད་གསལ་རྫོགས་པ་ཆེན་པོའི་སྙིང་གི་ཡང་ཞུན་ཁྲིད་ཡིག་ཡེ་ཤེས་བླ་མའི་སྙན་བརྒྱུད་སྨིན་ཁྲིད་ཆ་ལག་དང་བཅས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཐོབ་ཡོད་པ་རེད། དེ་ཡང་ཨ་འཛོམས་ཚང་གི་ཁྲིད་རྒྱུན་ལྟར་ན་འཁོར་འདས་རུ་ཤན་སོགས་ཐུན་མོང་ཕྱི་ནང་གི་སྔོན་འགྲོའི་ཁྲིད་རྐང་རེ་རེ་བཞིན་སྨིན་ཁྲིད་རྒྱས་པ་གནང་ཟིན་ནས་རིག་པའི་རྩལ་དབང་བསྐུར་རྗེས་སློབ་མ་རེ་རེ་བཞིན་མྱོང་ཁྲིད་གནང་བ་ལས་སློབ་མ་གཉིས་མཉམ་དུ་སེམས་ཁྲིད་གནང་སྲོལ་མེད་དེ། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། ཨ་འཛོམས་ཚང་གི་བརྒྱུད་པ་ལ་ཁྲིད་རྐང་རྫོགས་དཀའ་བ་འདུག་ཟེར་མཁན་ཡོད་ན་ཡང་། ངའི་རྩར་སེམས་ཁྲིད་ཞུ་མཁན་སྟོང་ཚོ་ཁ་ཤས་བྱུང་ཡོད་ཀྱང་ཕལ་ཆེར་སྣང་བ་ཡུལ་གྱི་བློ་ཅན་ཤ་སྟག་ལས་རིག་པ་རང་སྣང་གི་བློ་ཅན་དེང་སང་ཤིན་ཏུ་དཀོན་པོར་འདུག་པས། ངས་སེམས་ལ་ཕན་པའི་ཆེད་དུ་སློབ་བུ་རེ་རེ་བཞིན་དུ་ཉེ་བརྒྱུད་སྨིན་ཁྲིད་བྱས་ནས་བཤད་པ་ཡིན་ཞེས་གསུངས་པ་ལྟར། བླ་མ་རིན་པོ་ཆེ་འདི་ཉིད་གཅིག་པུ་ལ་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ཐུན་མོང་མ་ཡིན་པ་ཤིན་ཏུ་གསང་བའི་མན་ངག་སྙན་བརྒྱུད་ཟབ་མོའི་སྨིན་ཁྲིད་རྒྱས་པར་གནང་ཡོད་པ་ལྟར། དེ་ནས་བཟུང་ཁྲེགས་ཆོད་ཐོད་རྒལ་གྱི་སྒོམ་པའི་གནད་གསང་ཟབ་མོ་ལ་ཉམས་ལེན་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ཡེངས་མེད་དུ་བསྐྱངས་པས་ཀ་ལྷུན་དབྱེ་བ་མེད་པའི་རང་སྣང་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་ལ་མངའ་དབང་འབྱོར། ཚུར་རོལ་ཀུན་བརྟགས་གཞན་དབང་ཅན་གྱི་འཁྲུལ་ངོར་མི་ཡི་ཟོལ་ལྟར་སྣང་ཡང་། ཡོངས་གྲུབ་དམ་པའི་དོན་དུ་མཁའ་མཉམ་རྒྱལ་བའི་ཞིང་ཁམས་ཀུན་ཏུ་སྙིང་ཐིག་རྡོ་རྗེ་ཐེག་པའི་ཕྲིན་ལས་ཆོས་ཀྱི་འཁོར་ལོ་རྟག་ཁྱབ་ལྷུན་གྲུབ་ཏུ་སྐོར་བཞིན་པའི་ཆོས་སྐུའི་སངས་རྒྱས་དངོས་ཡིན་ཏེ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་བརྒྱུད་ཡིད་བཞིན་ནོར་བུ་ལ་དམ་སེལ་དང་རང་བཟོའི་དྲི་མས་མ་གོས་པའི་སྙན་བརྒྱུད་བསྟན་པའི་བརྒྱུད་སྲོལ་འཛིན་པའི་ཐུགས་སྲས་ཡོངས་ཀྱི་ཐུ་བོར་བླ་མ་བཀའ་དྲིན་ཅན་འདི་ཉིད་དུས་རྟག་པར། རིག་པ་དྭངས་སང་ངེ་། ཐུགས་ལྷོད་ཤིགས་སེ། རྒྱུད་འཇམ་ཕལ་ལེ། སྣང་བ་སྤྲོ་ལིང་ངེ་། ཉམས་དགའ་ཡལ་ལེ། རྟག་ཏུ་གུ་ཡང་སྤྲོས་མེད་སྦས་པའི་རྣལ་འབྱོར་གྱི་དམ་ཚིག་ལས་མི་འདའ་བའི་བརྟུལ་ཞུགས་ལ་གནས་ཏེ་འགྲོ་བ་དཔག་ཏུ་མེད་པ་ལ་རིག་གདངས་བརྩེ་ཆེན་ཞི་བའི་བདེ་བས་ཚིམ་པར་བྱས་ནས། འབྲེལ་ཚད་དོན་ལྡན་སྟོན་པའི་ཞལ་སྐྱིན་དུ་བཞུགས་ཡོད་པ་རེད། དེ་བཞིན་རྒྱལ་སྲས་རིན་པོ་ཆེ་ཉིད་ཀྱི་གཏེར་ཆོས་ཆ་ཚང་གི་སྨིན་གྲོལ་ཆ་ལག་དང་བཅས་པ་ཞུས་པས་ཟབ་གཏེར་ཆོས་ཀྱི་བདག་པོ་རུ་བཀུར་ཡོད་པ་དང་། གཞན་ཡང་སྐྱབས་རྗེ་ཨ་འཛོམས་འབྲུག་པ་སྤྲུལ་སྐུ་རིན་པོ་ཆེའི་མདུན་ནས་སྔ་ཕྱིར་ཀློང་ཆེན་མཛོད་བདུན་གྱི་ཁྲིད་ལུང་དང་། མི་ཕམ་བཀའ་འབུམ་གྱི་དབང་ལུང་སོགས་ཟབ་ཆོས་མང་དུ་ཞུས་ཡོད་པ་རེད། ༼༡༩༽ བསྙེན་པར་རྫོགས་པའི་སྡོམ་པ་ཇི་ལྟར་ཐོབ་ཡོད་པའི་ཚུལ་ནི། དེ་རྗེས་རྫོགས་ཆེན་རུ་དམ་ལུང་དུ་གནས་མཇལ་དང་འབྲེལ་རྫོགས་ཆེན་ཤྲི་སིདྷ་ལྔ་རིག་བཤད་གྲྭ་ཆེན་པོར་ཕེབས་ནས་ལས་ཐོག་མཁན་པོ་ཐུབ་བསྟན་ཆོས་གསལ་དང་མཇལ་འཕྲད་བཟང་པོར་གནང་བས་ཐོག་མའི་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིག་ཡོད་པ་དང་། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་སྐུ་མདུན་དུ་བཀའ་དབང་བྱིན་རླབས་ཞུ་ཆེད་བཅར་སྐབས། རྫོགས་ཆེན་རིན་པོ་ཆེས་ངས་ཁྱེད་ལ་ལོ་ཆེན་དྷརྨ་ཤྲི་སྐུ་དངོས་ཀྱི་མཐོང་སྣང་བྱུང་བས་ཕྱི་ནང་གི་བར་ཆད་གང་ཡང་མེད་པར་བསྟན་འགྲོ་ལ་ཕན་ཐོགས་ཆེན་པོར་ཡོང་ངེས་ཞེས་གསུངས་པ་དང་། སྔོན་ཨ་འཛོམས་སྒར་དུ་བཞུགས་སྐབས་རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་མཁན་ཆེན་ཞི་བ་འཚོ་ཡི་རྣམ་སྤྲུལ་ལན་བདུན་བྱོན་རྒྱུའི་རྟེན་འབྲེལ་ཡོད་པས་ད་ལན་ཡིན་གཅིག་མིན་གཅིག་བསྙེན་རྫོགས་ཀྱི་སྡོམ་པ་དེ་རྫོགས་ཆེན་མཁན་ཆེན་ཐུབ་བསྟན་སྙན་གྲགས་མཆོག་ལས་ཞུས་ཤོག་དང་། མ་འོངས་པར་ལས་སྨོན་རྟེན་འབྲེལ་བཟང་པོའི་དབང་གིས་བསྟན་པ་རིན་པོ་ཆེ་ལ་ཕན་ཐོག་ཆེན་པོ་ཡོད་ངེས་ཞེས་ལུང་བསྟན་པ་ལྟར། བླ་མའི་བཀའ་དང་དུ་བླངས་ཏེ་རྫོགས་ཆེན་དཔྱལ་གྱི་བྲག་དཀར་རི་ཁྲོད་ལ་ཕེབས་ནས་མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་མཁན་སྤྲུལ་གྲངས་ཚང་བའི་དགེ་འདུན་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ནས། སྟོན་དང་བསྟན་པ་གཉིས་ཀར་བསྔགས་པའི་དམ་ཆོས་འདུལ་བ་འཛིན་པ་གསེར་རིའི་ཕྲེང་བའི་དབུས་ན་གསེར་གྱི་ལྷུན་པོ་ལྟར་མངོན་པར་གསལ་བ་གནས་བརྟན་ཆེན་པོ་ཉེ་བར་འཁོར་ལྟ་བུ་འདི་བྱུང་ཡོད་པ་དང་། ཕྱིས་སུ་རྒྱལ་སྲས་རིན་པོ་ཆེའི་མ་འོངས་ལུང་བསྟན་དུས་སུ་སྨིན་ཏེ་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་ལ་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་སུ་ཡང་མེད་པ་ལྟ་བུ་རེད། རྫོགས་ཆེན་རི་ཁྲོད་འདིར་བཞུགས་རིང་མཁས་དབང་མཁན་སྤྲུལ་དུ་མ་ལས་གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེའུ་མིག་སོགས་མདོ་སྔགས་རིག་གནས་ཀྱི་གཞུང་འགྲེལ་མང་པོ་གསན་བཞེས་མཛད་ཡོད་པ་དང་། དེ་རྗེས་ཞེ་ཆེན་དགོན་གནས་མཇལ་ཕེབས་སྐབས་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེས་ཧ་ཅང་ཐུགས་མཉེས་ལེགས་པོར་གནང་ནས་ཞེ་ཆེན་བཤད་གྲྭའི་ནང་བཞུགས་དགོས་གསུངས་པ་ལྟར་ལས་ཐོག་མཁན་པོ་ལེགས་བཤད་འབྱོར་ལྡན་ལས་གཉུག་སེམས་སྐོར་གསུམ་སོགས་ཟབ་མོའི་གདམས་ངག་མང་པོ་ཞུས་ཡོད་པ་རེད།
༼༢༠༽ དུས་ཀྱི་དབང་གིས་སྐུ་མཚམས་སུ་བཞུགས་ནས་སྒྲུབ་པ་ཉམས་ལེན་ཇི་ལྟར་གནང་བའི་ཚུལ་ནི། དེ་ནས་རབ་འབྱམས་རིན་པོ་ཆེས་ལུང་བསྟན་ལྟར་ཨ་རིག་རྫ་ལ་ཕྱག་ཕེབས་གནང་ཡོད་པ་དང་། འདིའི་སྐབས་སུ་དུས་འགྱུར་གྱི་ཡོ་ལང་གིས་ཟིང་ཆ་ཤིན་ཏུ་ཆེ་བའི་སྒང་ཡིན་ཀྱང་བླ་མ་རིན་པོ་ཆེ་ལ་དམིགས་བསལ་ཉེན་ཁ་གང་ཡང་བྱུང་མེད་པ་རེད། འདི་ནས་བཟུང་རིག་གསར་གྱིས་འཚེ་བའི་རྩུབ་རླུང་གིས་བོད་ཡུལ་ཡོངས་ལ་མངོན་གསལ་ཆོས་ཀྱི་བྱེད་སྒོ་སྣེ་གཅིག་བྱེད་མི་ཆོག་པ་མ་ཚད་སངས་རྒྱས་ཆོས་ཀྱི་རྟེན་གཞི་དགོན་སྡེ་ཐམས་ཅད་རྩ་མེད་དུ་གཏོར་བརླག་ཆེན་པོར་བཏང་ཡོད་པ་དང་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་ན་ཡང་བླ་མ་རིན་པོ་ཆེ་འདི་ཉིད་ཁོང་ཁྲོ་མེད་པའི་རྟེན་འབྲེལ་གྱིས་སུས་ཀྱང་ཁོང་ལ་བརྒྱབ་རྡུང་སོགས་མ་བྱས་པའི་ཐོག་རྐྱེན་ངན་གྲོགས་སུ་ཤར་ཏེ་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུ་སོགས་ལྷ་དང་བླ་མ་རྣམས་ཡང་ནས་ཡང་དུ་ཉམས་དང་རྨི་ལམ་ལ་བྱུང་ཞིང་མི་ལོ་ཉི་ཤུ་ལྷག་གི་རིང་དུ་གནས་གཅིག་ཏུ་བཞུགས་ཏེ་ཤིན་ཏུ་སྦས་ཤིང་གསང་བ་དམ་པོས་གསང་ཆེན་རྒྱུད་ཀྱི་རྒྱལ་པོ་འཕགས་པ་འཇམ་དཔལ་མཚན་བརྗོད་འབུམ་ཕྲག་དུ་མ་ཞལ་འདོན་གཙོ་བོར་གནང་ནས་མདོ་སྔགས་རིག་གཞུང་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་འབའ་ཞིག་ལ་ཐུགས་བརྩོན་ཆེན་པོར་གནང་སྟེ་བཞུགས་པས་གསང་བ་བསམ་གྱིས་མི་ཁྱབ་པའི་འོད་གསལ་རང་བྱུང་གི་རིག་པ་སྟོང་ཆེན་དབུ་མའི་ཀློང་དུ་སད་ནས་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་རབ་འབྱམས་མ་ལུས་པའི་རྡོ་རྗེའི་ཚིག་དོན་ཐམས་ཅད་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཡེ་ཤེས་ཀྱི་སྣང་བ་ཀུན་ཏུ་རྒྱས་པར་གྱུར་ཏོ།། ༼༢༡༽ ད་ནི་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་ཇི་ལྟར་མཛད་པའི་ཚུལ་ནི། ༡༩༨༠་དེ་རྗེས་བོད་གངས་ཅན་ལྗོངས་སུ་ཆོས་དད་རང་དབང་གི་གོ་སྐབས་ཅུང་ཟད་ཡག་ཏུ་ཕྱིན་པའི་སྐབས་སུ། འཛམ་གླིང་ཡོངས་ལ་རླུང་ལྟར་གྲགས་པའི་མདོ་ཁམས་རྫོགས་ཆེན་ཤྲི་སེངྷ་ལྔ་རིག་བཤད་གྲྭ་ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཕྱག་་བཏབ་གནང་ནས། དཔལ་སྤྲུལ་རིན་པོ་ཆེ། མཁན་པོ་པདྨ་རྡོ་རྗེ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། མཁན་པོ་གཞན་དགའ་རིན་པོ་ཆེ། མཁན་པོ་པདྨ་བློ་གསལ། མཁན་པོ་ངག་ཆུང་རིན་པོ་ཆེ། པདྨ་ཐེག་མཆོག་བློ་ལྡན། མཁན་པོ་ཐུབ་བསྟན་སྙན་གྲགས་སོགས་བརྟན་མཁས་ཡོན་ཏན་རྒྱ་མཚོའི་བདག་ཉིད་མཁན་བརྒྱུད་གསེར་རིའི་ཕྲེང་བ་བརྒྱ་ཕྲག་ལྷག་གིས་ལེགས་པར་བསྐྱངས་པས་ས་སྐྱ་བཀའ་བརྒྱུད་རྙིང་མའི་བཤད་སྒྲུབ་བརྒྱ་ཕྲག་དུ་མ་འདི་ནས་དར་ཞིང་རིས་མེད་མཁས་གྲུབ་ཀྱི་སྐྱེས་བུ་སྟོང་ཕྲག་མང་པོ་འདི་ནས་བྱོན་པར་བརྟེན་ནམ་ཡང་ཉམས་མི་སྲིད་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གཟི་བརྗིད་ཅན་གྱི་གནས་དེར་སྲིད་གཞུང་གིས་ཀྱང་བོད་ཀྱི་ཆོས་རིག་གི་ལྟེ་གནས་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་བཞིན་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུས་བོད་ཡིག་སློབ་གྲྭ་ཆེན་མོ་གསར་འཛུགས་བྱེད་ཡུལ་གནས་འདིར་གཏན་ཁེལ་བྱུང་ཞིང་ཕྱོགས་ཐམས་ཅད་ནས་མཁས་པ་མང་པོ་བསྡུ་རུག་བྱེད་པའི་སྐབས་སུ། ར་སྐོར་མཁན་པོ་ཐུབ་བསྟན་ནོར་བུ་རིན་པོ་ཆེའི་ཞལ་སྔ་ནས། ཡོངས་སུ་མ་གྲགས་པའི་མཁས་པ་ཆེན་པོ་ཞིག་ཨ་རིག་རྫ་ལ་ཡོད་པས་དེ་གདན་འདྲེན་ཐུབ་ན་བསམ་པའི་དོན་ཐམས་ཅད་འགྲུབ་ངེས་ཅན་ཡིན་ཞེས་ལུང་བསྟན་ལྟར་རྫོགས་ཆེན་མཆོག་སྤྲུལ་པདྨ་སྐལ་བཟང་དང་། ཨ་ལགས་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ། སྡེ་དགེའི་ཆོས་དགའ་སོགས་ཨ་རིག་རྫ་ལ་ཆེད་ཕེབས་གནང་ནས་བླ་མ་རིན་པོ་ཆེ་འདི་ཉིད་ལ་གནས་ཚུལ་ལོ་རྒྱུས་ཞིབ་གསལ་ཞུས་པས་ཐུགས་སྤྲོ་བ་ཆེན་པོས་རྫོགས་ཆེན་ལ་ཕེབས་རྒྱུའི་ཞལ་བཞེས་དགྱེས་བཞིན་གནང་སྟེ། ༡༩༨༢་ལོར་མདོ་ཁམས་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་བཀྲ་ཤིས་དགེ་ལེགས་ཀྱི་རྟེན་འབྲེལ་བཟང་པོ་དང་བཅས་ཞབས་སོར་ལེགས་པར་འཁོད་ཐུབ་པ་བྱུང་ཡོད། དུས་མཚུངས་སུ་མཁན་པོ་སྐུ་ནུབ་འོད་ཟེར། མཁན་པོ་ཐུབ་བསྟན་ནོར་བུ། རྨུགས་སངས་སྤྲུལ་སྐུ། སྤྲུལ་རྡོར་ལོ་རིན་པོ་ཆེ། ཨ་ཁུ་བློ་ཆོས། དགེ་བཤེས་བློ་བཟང་ཕྲིན་ལས། མཁན་པོ་ཚེ་རིང་ཉི་མ། མཁན་པོ་དབང་ལོ། མཁའ་འགྲོ་ཟླ་གསལ་དབང་མོ། གསེར་རྟ་མཁན་པོ་བསོད་རིག །དགེ་རྒན་ཐུབ་བསྟན་དབང་ཕྱུགས་སོགས་དགེ་བའི་བཤེས་གཉེན་ཆེན་པོ་བཅུ་ཕྲག་ལྷག་ཕེབས་ནས་ཕན་ཚུན་ཐུགས་བརྩེ་ཆེན་པོས་ལེགས་བཤད་གསན་རེས་གནང་བས་མ་ཚད་དམིགས་བསལ་གྱི་འབྲེལ་བ་ཟབ་མོ་ཞིག་ཆགས་ཏེ་རྫོགས་ཆེན་ཤྲི་སེངྷ་ལ་ལོ་ལྟར་ཆེད་ཕེབས་གནང་ནས། ས་ཕྱོགས་མང་པོ་ལས་འདུས་པའི་བློ་གསལ་སློབ་མ་བརྒྱ་ཕྲག་འགའ་ལ་ལོ་ལྔའི་རིང་བཅུ་ཕྲག་རིག་པའི་གནས་བཅུའི་འཆད་རྩོད་རྩོམ་གསུམ་གྱི་སློབ་ཁྲིད་བཟང་པོ་གནང་བས་བོད་གངས་ཅན་ལྗོངས་ཀྱི་ཆོས་དང་རིག་གཞུང་ནུབ་ལ་ཉེ་བའི་སྐབས་དེར། སྲོག་མཐུད་པ་ལྟར་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱུང་བས་འཛམ་གླིང་བསྟན་འགྲོ་སྤྱི་དང་བྱེ་བྲག་པ་ཕན་ཐོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་དང་། རྫོགས་ཆེན་ཤྲི་སེངྷ་སློབ་གླིང་འདི་ནས་མཐར་ཕྱིན་པའི་སློབ་མ་ཐམས་ཅད་བསམ་པ་དང་སྤྱོད་པ་བཟང་ཞིང་དུས་རབས་ཀྱི་སྙིང་སྟོབས་དང་ལྡན་པའི་ཤེས་ཡོན་ཅན་ཤ་སྟག་འཚར་ལོང་བྱུང་ཡོད་པས་སློབ་བརྒྱུད་འདི་དག་གིས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དར་སྤེལ་རྒྱ་ཆེར་བྱེད་བཞིན་ཡོད་པར་བརྟེན། འདི་ནས་བཟུང་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་ཏེ་བླ་མ་རིན་པོ་ཆེ་འདི་ཉིད་ལ་མཁན་སློབ་འཁོར་ཚོགས་ཡོངས་ཀྱིས་སྤྱི་བོའི་གཙུག་ཏུ་བཀུར་བས་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་གྲགས་སྙན་དཀར་པོ་ཉི་མ་དང་ཟླ་བ་ལྟར་རང་བཞིན་གྱིས་ཀུན་ལ་གསལ་བར་གྱུར་ཅིང་དེ་ལས་མངོན་རློམ་ང་རྒྱལ་དང་བྲལ་ཞིང་ཀུན་ལ་བརྩེ་བའི་གཞན་ཕན་སྙིང་རྗེ་ཆེན་པོའི་བྱིན་རླབས་དང་། སྤྱོད་ལམ་ཐམས་ཅད་མ་བཅོས་རང་བབ་ཏུ་བཞག་པའི་རྟེན་འབྲེལ་གྱིས་གཞན་ཕན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བཟང་པོ་ཕྱོགས་བརྒྱར་འབར་ཞིང་རྒྱས་པར་གྱུར་ཏོ། ། གཞན་ཡང་ཨ་འཛོམས་རྒྱལ་སྲས་རིན་པོ་ཆེའི་ལུང་བསྟན་པ་ལྟར། སྔ་ཕྱི་འདི་དག་ཀུན་ཏུ་བླ་མ་རིན་པོ་ཆེ་འདི་ཉིད་དང་། མཁན་པོ་དབང་ལྡེས། མཁན་པོ་ཐུབ་བསྟན་ནོར་བུ་སོགས་ཀྱི་བཀའ་དྲིན་ལས་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་རྒྱུན་དར་འཕེལ་ཧ་ཅང་ཆེན་པོ་བྱུང་བས་སླར་ཡང་བསྟན་རྩ་དགེ་འདུན་གྱི་སྡེ་རིན་པོ་ཆེ་གངས་རིའི་ལྗོངས་ཀུན་ཏུ་ཁྱབ་རྒྱས་སུ་བཏང་གནང་ཡོད་པ་རེད། དེ་རྗེས་ལོ་ཤས་དབྱར་ཁའི་སྐབས་སུ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་ཐུགས་མོས་ཆེན་པོས་ཆེད་ཕེབས་གནང་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་མི་ཉམས་གོང་འཕེལ་ཡོང་ཆེད་དབྱར་གནས་གསར་འཛུགས་དང་འབྲེལ་དབྱར་གནས་མཁན་པོ་གནང་བས་མ་ཚད་ཞེ་ཆེན་བཤད་གྲྭ་དབུ་བཙུགས་སྟེ་ལན་གྲངས་མང་པོར་བྱོན་ནས་གཞུང་འགྲེལ་དུ་མ་གསུངས་ཡོད་པ་རེད། ༼༢༢༽ བླ་མ་རིན་པོ་ཆེ་ཉིད་ཀྱི་ཐུགས་སྲས་སློབ་འབངས་རྣམས་ཇི་ལྟར་སྐྱོང་མཛད་པའི་ཚུལ་ནི། ༡༩༨༧་དེ་རྗེས་སྤྲུལ་སྐུ་ལེགས་པའི་བློ་གྲོས་སོགས་ཀྱིས་མཐུན་རྐྱེན་བསྒྲིགས་ཏེ། ཨ་རིག་རྫ་ཆོས་གྲྭ་ཆེན་པོ་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་རྟེན་དང་བརྟེན་པ་གསར་བཞེངས་དབུ་འཛུགས་གནང་བ་དང་འབྲེལ་སྐུ་ཚ་མཆོག་སྤྲུལ་འཆི་མེད་རྡོ་རྗེ་སོགས་ཀྱིས་རྒྱ་བསྐྱེད་རྒྱས་བསྐྲུན་ལེགས་པ་བྱས་པར་བརྟེན། གནས་འདིར་བླ་མ་རིན་པོ་ཆེས་གདན་ས་གཙོ་བོར་གནང་ནས་ཕྱོགས་འདུས་ཀྱི་འཁོར་རྣམ་པ་བཞི་ལ་མདོ་སྔགས་ཐེག་པ་རིམ་དགུ་དང་བཅུ་ཕྲག་རིག་པའི་གནས་བཅུའི་ཟབ་རྒྱས་ལེགས་བཤད་ཀྱི་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་ཞིང་། ཁྱད་པར་གསང་བ་འོད་གསལ་རྫོགས་པ་ཆེན་པོའི་སྨིན་ཁྲིད་ཟབ་མོ་གང་ཟག་གི་རྒྱུད་དང་མཐུན་པར་གསུངས་ནས་ཡུན་རིང་དུ་བཞུགས་པས། ཕྱི་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་འབྲེལ་བའི་སྡོམ་བརྩོན་འདུལ་བའི་རང་སོ་མ་ཉམས། ནང་ཐོས་བསམ་སྒོམ་གསུམ་གྱི་ཆོས་སྤྱོད་ལ་བརྩོན་པའི་བྱང་སེམས་བསླབ་པའི་གྲལ་མ་ཞིག །གསང་བ་རིམ་གཉིས་ཉམས་ལེན་གྱིས་རྒྱུད་སྨིན་པའི་འོད་གསལ་རིག་འཛིན་བརྒྱུད་པའི་གདུང་མ་ཆད་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ལམ་བཟང་ཚང་ལ་མ་ནོར་བའི་ཕྲིན་ལས་དར་ཞིང་རྒྱས་པར་མཛད་པས། ཟབ་རྒྱས་མདོ་སྔགས་རིག་གཞུང་དང་བཅས་པའི་གནས་ལ་འཆད་རྩོད་རྩོམ་པའི་ཤེས་རབ་གྱི་སྤོབས་པ་ཐོབ་ནས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་རྒྱུད་སྨིན་པའི་ཕྱོགས་འདུས་ཀྱི་བློ་གསལ་ཐུགས་སྲས་སློབ་བུ་བརྒྱ་ཕྲག་མང་པོ་བྱོན་ཏེ། ས་སྐྱ་བཀའ་རྒྱུད་རྙིང་མ་བཅས་རིས་མེད་ཆོས་སྡེ་དུ་མའི་ནང་དུ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་གསར་དུ་དར་སྤེལ་གནང་བཞིན་ཡོད་པར་བརྟེན། འཛམ་གླིང་ས་གནས་མང་པོ་ལ་ཐུབ་བསྟན་ལུང་རྟོགས་ཆོས་ཀྱི་ཕྲིན་ལས་ཕྱོགས་ཀུན་ནས་འཕེལ་བཞིན་ཡོད་པ་རེད། ཁྱད་པར་བླ་མ་རིན་པོ་ཆེས་མདོ་སྔགས་རིག་པའི་གནས་དུ་མ་ལ་ལུང་རིགས་མན་ངག་གིས་བརྒྱན་པའི་ལེགས་བཤད་གཞུང་འགྲེལ་ཆེ་ཆུང་སུམ་ཅུ་ལྷག་ལྗགས་རྩོམ་གནང་ཡོད་པས། མ་འོངས་པར་དྲུག་བྲལ་གསུམ་ལྡན་གྱི་བསྟན་བཅོས་བཟང་པོའི་ཆོས་མཛོད་ཆེན་མོ་ཞིག་ཕྱི་རབས་སྐལ་བཟང་སྐྱེ་བོ་རྣམས་ལ་བསོད་ནམས་ཀྱི་ཞིང་དུ་བཞུགས་ཡོད། ༼༢༣༽ ཕྱོགས་མེདའགྲོ་དོན་ཆེན་པོ་ཇི་ལྟར་གནང་བའི་ཚུལ་ནི། སྤྱི་ལོ་༡༩༩༧དེ་རྗེས་དགུང་ལོ་མཐོ་ཡང་སྐུ་ངལ་ལ་གཏན་ནས་མི་འཛེམས་པར་སེམས་ཅན་ཡོངས་ལ་ཐུགས་བརྩེ་བ་ཆེན་པོས་ཕྱོགས་བསྐྱོད་ཆོས་སྦྱིན་གྱི་དབུ་འཛུགས་གནང་སྟེ། བོད་ཡུལ་སྟོད་སྨད་བར་གསུམ། རྒྱ་ནག་བལ་ཡུལ། རྒྱ་གར། འབྲུག། འབྲས་ལྗོངས། ཡོ་རོབ། ཨུ་རུ་སུ། ཨ་རི། ཁ་ན་ཌ། ཉི་ཧོང་། ཐེ་ཝན། ཧོང་ཀོང་། སིང་ག་ལ། སིང་ག་པུར་ལ་སོགས་པའི་འཛམ་གླིང་རྒྱལ་ཁམས་མང་པོར་ཕེབས་ནས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་རྣམས་ལ་མཐོང་ཐོས་དྲན་རེག་གི་སྒོ་ནས་གང་ལ་གང་འདུལ་གྱི་ཆོས་ཚུལ་སྣ་ཚོགས་པས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་བདེའི་ཕྲིན་ལས་རྟག་ཁྱབ་ལྷུན་འགྲུབ་ཏུ་མཛད་ནས་བདག་ཅག་རྣམས་ཀྱི་མགོན་དང་སྐྱབས་སུ་སྐུ་ཚེ་རྡོ་རྗེའི་ཆོས་བདུན་ལྟར་བརྟན་པར་བཞུགས་པ་ན་གསང་བ་བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཟད་མི་ཤེས་པའི་གཟི་བྱིན་འཕེལ་བར་འགྱུར་བ་སྨྲོས་མ་དགོས་མོད། འོན་ཀྱང་གདུལ་བྱ་རྟག་འཛིན་ཅན་རྣམས་ཐར་པའི་ལམ་ལ་འགོད་པའི་ཆེད་དུ་༢༠༠༡་ལོའི་བོད་ཟླ་དང་པོའི་ཚེས་ཉི་ཤུ་ལྔ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ། །འདིར་འདས་རྗེས་ཀྱི་མཛད་རྣམ་ཞལ་སློབ་མཁན་སྤྲུལ་རྣམས་ཀྱིས་རྒྱས་སྤྲོས་གང་ལེགས་མཛད་རིགས་པའི་རྟེན་འབྲེལ་འཕྲོ་ཅན་དུ་རེ་ཞིག་སྤྲོས་པ་བསྐྱངས།།
ཞེས་བླ་མ་རིན་པོ་ཆེའི་རྣམ་ཐར་རང་བཞིན་བརྗོད་པ་འདི་ནི་མདོ་རྒྱུད་རིག་པའི་གནས་ལ་ཐོས་བསམ་སྒོམ་པ་མང་དུ་བྱས་ཤིང་ལུང་དང་རིག་པ་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་དགེ་བ་རྒྱལ་ཁམས་པ་རྫོགས་ཆེན་ཆོས་དགའ་ནས་གུས་པ་ཆེན་པོས་བལ་ཡུལ་གནས་མཆོག་གཱོ་ད་ཝ་རིའི་མཛེས་ལྗོངས་རྫོགས་ཆེན་ཤྲཱི་སེངྷ་ལུང་རྟོགས་ཆོས་གླིང་དུ་རབ་རྒྱན་ལྕགས་འབྲུག་ལོའི་བོད་ཟླ་བཅུ་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཉིན་ལེགས་པར་སྦྱར་བ་དགེའོ།། །།

༄༅། །མཁན་རིན་པོ་ཆེའི་རང་རྣམ་མདོར་བསྡུས།།
༈ ཕྲན་བུ་པདྨ་ཚེ་དབང་ལྷུན་གྲུབ་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་ལུགས་ལོ་སྐྱེ་བ་ཡིན། ལོ་བཅུ་གཅིག་ཙམ་ན་དགེ་ཚུལ་གྱི་སྡོམ་པ་དང་ལོ་ཉེར་བརྒྱད་ན་བསྙེན་རྫོགས་གྱི་དངོས་པོར་བསྒྲུབས་པ་ཡིན། དེ་རྗེས་རིམ་པ་བཞིན་དགེ་ཚུལ་གྱི་བསླབ་པ་མནོས་ནས། ཞེ་ཆེན་ཀོང་སྤྲུལ་རིན་པོ་ཆེ་ལས་རྙིང་མ་བཀའ་མའི་སྐོར་དང་། རིན་ཆེན་གཏེར་མཛོད་སོགས་དང་། སྤྲུལ་ནམ་མཁའ་འཇིགས་མེད་ལས་སྙིག་ཐིག་ཡ་བཞི་སོགས་དང་། བཱ་ཐུར་མཁན་རིན་པོ་ཆེ་ཐུབ་བསྟན་ཆོས་འཕེལ་ལས། གསང་བ་སྙིང་པོ་དང་། སྤྱོད་འཇུག་སོགས་དང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་ལས། ལྟ་གྲུབ་ཤན་འབྱེད་འགྲེལ་བ་དང་ཤེར་ཕྱིན་འགྲེལ་བ་མ་ཕམ་ཞལ་ལུང་སོགས་དང་། བཤེས་གཉེན་དམ་པ་མཁན་ཚུལ་དགའ་དང་མཁས་དབང་རྫ་རྒྱལ་ཐུབ་བེ་སོགས་ནས་སྒྲ་དང་ཚད་མ་སོགས་རིག་གནས་ཀྱི་སྐོར་དུ་མ་དང་། རང་ཡུལ་ཀྱི་མཁན་པོ་ཆོས་ཀྱི་རྡོ་རྗེ་སོགས་ལས་སློབ་གཉེར་སྐོར་མང་རབ་ཞུས། རྗེས་ནས་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་ལས་ཁྲིད་ཁ་རེ་ཡང་ཞུས་པ་ཡིན། ད་སྐབས་ལོ་༦༧་ཡིན། ད་ལྟ་ཕྲན་བུ་ཅི་རིགས་རེ་གཞན་ལ་འཆད་སྤེལ་བྱེད་མདོག་བགྱིས་པ་ཡིན། རྒན་བུ་མཁན་པོ་པད་ཚེ་ནས།། །།
རྩིས་འཕྲུལ་པ། ཕྲིན་ལས་བླ་མ།

Leave a Reply

Your email address will not be published.