གསང་སྔགས་ཀྱི་བླ་མ་དང་སློབ་མའི་མཚན་ཉིད།
དགེ་རྩེ་མ་ཧཱ་པཎྚིཏ་འགྱུར་མེད་ཚེ་དབང་མཆོག་གྲུབ། (༡༧༦༡-༡༨༢༩)
ལམ་སྟོན་གྱི་རྩ་བ་བླ་མའི་མཚན་ཉིད་ནི། དབང་གི་ཐུགས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པ། ཕྱི་དང་ནང་གི་དེ་ཉིད་བཅུ་ཚང་བའམ། ཟབ་མོའི་ལམ་གྱི་དེ་ཁོ་ན་ཉིད་རྟོགས་པའི་དགོངས་པ་མངའ་བས་སློབ་བུ་རྗེས་སུ་འཛིན་པའི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པ་སྟེ། དེ་ཡང་ཚིག་གིས་གདམས་པའི་སྒྲོ་འདོགས་གཅད་ནུས་པ། དོན་གྱི་ངོ་སྤྲོད་ཀྱིས་རྟོགས་པ་སྐྱེད་ནུས་པ། བྱིན་རླབས་ཀྱིས་མ་དག་པའི་སྣང་བ་འགོག་ནུས་པ། ཉམས་མྱོང་གིས་གེགས་སེལ་ཞིང་ཉམས་རྟོགས་ཀྱི་བོགས་འབྱིན་ནུས་པ་སྟེ་མཚན་ཉིད་བཞི་ལྡན་ནོ། གཞན་སྤྱི་མདོ་ལས། སློབ་དཔོན་མཚན་ཉིད་བརྟགས་པ་ནི།། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག ། བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད།། གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས།།དཀྱིལ་འཁོར་བྲི་བའི་ལམ་ལ་མཁས།། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང།། སེམས་ཅན་རྣམས་ལ་མི་འཇིགས་སྦྱིན།། ཐེག་པ་ཆེ་ལ་རྟག་དགའ་བ།། དེ་ནི་སློབ་དཔོན་ཡིན་པར་གསུངས།། ཞེས་སོ། དེ་ལ་དེ་ཉིད་བཅུ་ནི་རྡོ་རྗེའི་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང།། གསང་དང་ཤེས་རབ་ཡེ་ཤེས་དང།། ཁ་སྦྱོར་འབྱེད་པའི་ཆོ་ག་དང།། གཏོར་མ་རྡོ་རྗེའི་བཟླས་པ་དང་།། དྲག་ཤུལ་སྒྲུབ་པའི་ཆོ་ག་དང་།། རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ།། གསང་བའི་དེ་ཉིད་བཅུ་ཡིན་ནོ།། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་།། སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་།། སྦྱིན་སྲེག་མཆོད་པ་ལས་སྦྱོར་དང།། སླར་ཡང་སྡུད་པའི་རྣམ་པ་ནི།། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ།། ཞེས་བསྟན་པ་བཞིན་ལས། ཕྱིའི་དེ་ཉིད་བཅུ་ནི་རྣལ་འབྱོར་རྒྱུད་མན་ཆད་ཐམས་ཅད་ཐུན་མོང་ཡིན་པས། ཐུན་མོང་མ་ཡིན་པ་གསང་སྔགས་བླ་ན་མེད་པའི་རྒྱུད་འདིར་འཇིག་རྟེན་པས། ཐེག་པ་འོག་མ་དག་གི་བློ་ཡུལ་དུ་མི་ཆུད་པའི་ཐབས་ཟབ་ལ་རྒྱ་ཆེ་བ། ཁྲོ་བཅུ་ལ་སོགས་པའི་བསྲུང་འཁོར་བསྒོམས་པས་ཕྱིར་བཟློག་པ་དང། བྲིས་པའི་བསྲུང་འཁོར་གྱིས་ཕྱིར་བཟློག་པའི་མངོན་སྤྱོད་ཀྱི་ལས་རྣམ་པ་གཉིས། ལྟར་སྣང་འཇིག་རྟེན་པའི་ཀུན་སྤྱོད་དང་མཐུན་པས་མ་དད་པ་སྐྱེ་བའི་ཕྱིར་ཤིན་ཏུ་གསང་ཞིང་སྦ་བའི་གནས་སོ། གསང་བ་དང། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་གཉིས་ལ་བརྟེན་པའི་སྦྱོར་བ་དང། དེ་བཞིན་དུ་ཁ་སྦྱོར་དབྱེ་བའི་ཚོགས། བསད་པ་སྟེ་སྒྲོལ་བ་དང། གཏོར་མའི་ཆོ་ག་དང་། རྡོ་རྗེའི་བཟླས་པ་དང། མ་གྲུབ་ན་བཙན་ཐབས་སམ་སྤོགས་པའི་ཆོ་གས་ལྷ་བསད་པ་སྟེ་དྲག་ཤུལ་སྒྲུབ་པ་དང། རབ་གནས་དང། དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ཡང་འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྐྱེ་བའི་རིམ་པ་དང་སྦྱར་བའི་ཕྱིར། འཇིག་རྟེན་ན་རང་གི་ཆོས་ཉིད་ལ། ངོ་ཚ་བ། གསང་ཞིང་སྦེད་པའི་གནས་དང། ཆོས་མཚུངས་པ་ཉིད་ལམ་དུ་བྱེད་པས་ན་གསང་བའི་དེ་ཉིད་བཅུ་ཞེས་བཤད་པ་ཡིན་ལ། དེ་རྣམས་ཁོང་དུ་ཆུད་པ་ནི་རྡོ་རྗེ་ཐེག་པའི་ལམ་སྒྲ་ཇི་བཞིན་པར་སྟོན་པའི་སློབ་དཔོན་ཡིན་ནོ། དེ་ཡང་ནང་དང་ཕྱིའི་དེ་ཉིད་བཅུ་གསུངས་པ་བླ་མེད་དང་རྒྱུད་སྡེ་འོག་མའི་སློབ་དཔོན་གྱིས་ཤེས་དགོས་པ་ལ་སྦྱར་རོ། དེ་ལྟར་རྒྱུད་སྡེ་རྣམས་སུ་སློབ་དཔོན་གྱི་མཚན་ཉིད་མང་དུ་གསུངས་པའང་རེ་ཞིག་བརྒྱད་པོ་འདིར་འདུས་ཏེ། བསྐྱེད་རྫོགས་གསུམ་གྱི་དོན་ལ་མཁས་པས་གསང་བའི་མཛོད་གསུམ་དང་ལྡན་པ། ཕན་ནུས་ཟབ་མོའི་དབང་ཐོབ་པས་ཆུ་བོ་རྫོགས་པ། གསང་སྔགས་བབ་ཅོལ་དུ་མི་སྤྱོད་པས་གསང་བ་གཉེར་ཐུབ་པའམ། ཡང་ན་སྣོད་ལྡན་གྱི་གདུལ་བྱ་ཡལ་བར་མི་འདོར་བའི་གཉེན་དང་ལྡན་པ་རྒྱུད་ཀྱི་དངོས་པོ་བཅུ་ལ་མཁས་པས་སློབ་བུའི་ཤེས་རྒྱུད་འགྲོལ་ནུས་པ། དཀྱིལ་འཁོར་དང་དབང་གི་རིམ་པ་ཞི་རྒྱས་སོགས་ལས་ཚོགས་བསྒྲུབ་པའི་མཐའ་ལ་མ་རྨོངས་པ། སྙན་བརྒྱུད་ཀྱི་མན་ངག་འཆད་པའམ་ཉམས་མྱོང་དང་ལྡན་པས་མན་ངག་གི་གདེང་ཟིན་པ་སྟེ་མཛོད་གསུམ་སོ་སོར་བགྲངས་པས་བརྒྱད་དོ། དེའང་ལྟ་བའི་མཛོད་ཨ་ཏི། ཏིང་ངེ་འཛིན་གྱིས་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་ཡོ་གའོ། དེ་ལྟ་བུ་ནི་ལས་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས།། གཉེར་ལྡན་རྒྱུད་དང་ལས་ལ་མཁས།། མན་ངག་དྲོད་འཆང་བརྒྱད་འཆང་བ།། རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན།། ཅེས་སོ། མདོར་ན་ཕ་ཡུལ་དང་འབྲེལ་ཐག་ཆོད་པས་སྐྱེས་པའི་ཡུལ་ལ་ཐག་བསྲིངས་པ། འཁོར་བ་སྡུག་བསྔལ་དུ་ཤེས་པས་མི་ཆོས་རྒྱབ་ཏུ་བོར་བ། དགོས་མེད་རྒྱུད་ལ་སྐྱེས་པས་ཟས་ནོར་ལ་ཆགས་ཞེན་ཆུང་བ། རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པས་དགེ་སྡིག་ལ་བླང་དོར་བྱེད་པ། ཚེ་འདི་སྦུན་པར་བསྒྱུར་ནས་ཡུན་གྱི་དོན་ཆེན་སྒྲུབ་པ། ཐེག་ཆེན་དོན་དང་ལྡན་པས་འགྲོ་དོན་ཐབས་ལ་མཁས་པ་སྟེ། དགོངས་འདུས་ལས། དཔའ་བོ་མཐུ་ལྡན་རང་ཡུལ་སྤངས།།བདེན་སྨྲ་ཇི་སྐད་གསུངས་བཞིན་བྱེད།། རི་དྭགས་རྒྱལ་པོ་སེང་གེ་ལྟར།། བརྟགས་ཤིང་ཡོན་ཏན་བློ་ཆེ་བ།། སྡུག་བསྔལ་རྣམ་པས་ཐབས་ཀྱིས་སྐྱོབ།། ཅེས་སོ། དེའི་སྟེང་དུ་སྤྱིར་རིག་པའི་གནས་ལ་མཁས་ཤིང་ཤེས་བྱ་ལ་ཐོགས་པ་མེད་པ་དང། བྱེ་བྲག་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་རྟོགས་པ། ཁྱད་པར་ལྟ་སྤྱོད་ཕུལ་དུ་བྱུང་བས་ལོག་རྟོག་དང་ཐེག་དམན་གྱི་གྲུབ་མཐའ་ལས་གྲོལ་བ། ལུས་ངག་གི་རྒྱ་བར་ནས་འདོན་པས་ཆོས་ལ་ཕྱོགས་ལྷུང་ཆུང་ཞིང་གཟུ་ལུམ་མེད་པ། གདུལ་བྱའི་བློ་རིགས་བརྟགས་པས་བསྟན་པའི་ལམ་སྲོལ་དུ་འཇུག་པ། ཆོས་དང་ཆོས་མིན་ཕྱེ་བས་བདུད་དང་གོལ་ས་གཅོད་པ་ལ་མཁས་པ། བླ་མ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས་གྲུབ་ཐོབ་ཀྱི་རྒྱུད་པ་འཛིན་པ། བླ་མའི་ཐུགས་མཛོད་བྲུས་པས་སྙན་བརྒྱུད་ཀྱི་གདམ་པ་འངའ་བ། གོང་མའི་ཕྱག་བཞེས་མཐོང་བས་དོན་གཉིས་ཀྱི་སྒྲུབ་པ་ལ་མཁས་པ། རྟག་ཏུ་སྒྲུབ་པ་ལ་བརྩོན་པས་དངོས་གྲུབ་ཀྱི་དོན་ཐོབ་པ། གོང་མའི་བྱིན་རླབས་ཞུགས་པས་གཞན་སྣང་སྒྱུར་བར་ནུས་པ། སྣ་ཚོགས་ཐབས་ལ་མཁས་པས་འགྲོ་བ་ཐར་བར་འདྲེན་པ། རང་རྒྱུད་ཆོས་དང་འདྲེས་པ་དཀོན་མཆོག་གསུམ་ག་ཚང་བ། རྒྱལ་བའི་བྱིན་གྱིས་བརླབས་པས་མདོ་རྒྱུད་ཀྱི་བཀའ་བབས་པ། གསང་སྔགས་ཀྱི་སྐལ་བ་ཆེ་བའི་བཀའ་བབས་ཀྱི་དམ་ཚིག་གཙང་བ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ།། ལུང་གི་དགོངས་པ་ངེས་པར་རྟོགས།། ཟང་ཟིང་རྙེད་པ་དོན་མི་གཉེར།། དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང།། མན་ངག་ཆེ་ཞིང་ལམ་ལས་གྲོལ།། རིགས་ལ་མཁས་ཤིང་དྲོད་ཚད་ཤེས།། བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ།། བརྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས།། མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། གསང་སྔགས་བླ་མའི་མཚན་ཉིད་དོ།། ཞེས་སོ། དེ་ལྟར་ནའང་མཚན་ཉིད་ཀུན་ཚང་མ་རྙེད་ན་ཡོན་ཏན་ཤས་ཆེ་བ་གང་ལ་ཡོད་པ་དེར་བསྟེན་པར་བྱ་སྟེ། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས།། རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན།། གང་ཞིག་ཡོན་ཏན་ལྷག་པར་ཡང་ནི་ལེགས་དཔྱད་ནས།། བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། ཞེས་བཤད་པ་བཞིན་ནོ། འོན་ཏང་མེད་དུ་མི་རུང་བའི་ཡོན་ཏན་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པ། གང་འཆད་པའི་རྒྱུད་དང་དཀྱིལ་འཁོར་གྱི་ལས་ལ་མ་རྨོངས་པས་སློབ་མ་རྗེས་སུ་འཛིན་ནུས་པ་ཞིག་ནི་ངེས་པར་དགོས་པ་ཡིན་ནོ།།
གཉིས་པ་སློབ་མའི་མཚན་ཉིད་ནི། སྣོད་ཀྱི་སྐྱོན་བཞི་དང་བྲལ་ཞིང་ཡོན་ཏན་ལྔ་དང་ལྡན་པ་སྟེ། ཐོས་པའི་སྐྱོན་སྣོད་ཁ་སྦུབས་པ་ལྟ་བུ་དང་། བསམ་པའི་སྐྱོན་ཞབས་རྡོལ་དང་གཞོག་རལ་ལྟ་བུ། སྒོམ་པའི་སྐྱོན་སྣོད་དུག་ཅན་ལྟ་བུ་རྣམས་སྤང་བར་བྱ་བ་སྟེ། ལམ་རིམ་ལས། བཅུད་ཆེན་འཛགས་དང་འབོ་བ་དང།། མི་ཆགས་མི་རུང་བྱེད་པ་དང་།། ཞེས་སོ། ཡོན་ཏན་ལྔ་ནི་ངང་ཆུ་ཆུ་རྒྱུད་ལྟར་རིང་བ། ཚུལ་དགེ་སྦྱོང་ལྟར་ཞི་བ་པ། བསམ་པ་གསེར་ལྟར་བཟང་བ།། བློ་རི་རབ་ལྟར་བརྟན་པ།ལུས་དང་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ་སྟེ་ལྔ་དང། དེའི་སྟེང་དུ་ཟབ་མོའི་དོན་གོ་བའི་ཤེས་རབ་དང་། གཞན་དོན་ལ་སྤྲོ་བའི་སྙིང་རྗེ་དང་། བསྟན་པའི་དོན་འཛིན་ནུས་པའི་ནོགས་ཐུབ་པ་སྟེ་གསུམ་ལས་ཡོན་ཏན་བརྒྱད་དུ་བྱེད་པའང་ཡོད་དོ། འགྲེལ་པ་སྤར་ཁབ་ལས། ཤེས་རབ་དང་། སྙིང་རྗེ་དང། ནོགས་ཐུབ་པ་ནི་སྣོད་དང་ལྡན་པའོ། ཞེས་པ་དང་། གསང་སྙིང་ལས། སྣོད་ལྡན་ངང་ཚུལ་བཟང་ལ་བརྟན།། ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན།། ཞེས་སོ། མདོར་བསྡུ་ན། དད་པ་དང་། བརྩོན་འགྲུས་དང་། ཤེས་རབ་དང་། སྒོམ་པ་དང། སྒྲུབ་པ་དང་། དམ་ཚིག་ལ་ཡིད་རྟོན་པ་སོགས་ནི་མཆོག་སྒྲུབ་པའི་སྣོད་དུ་མེད་མི་རུང་བའི་ཡན་ལག་སྟེ། དགོངས་འདུས་ལས། སྒྲུབ་དང་སྒོམ་ལ་དགའ་བ་དང་།། རྟག་ཏུ་བླ་མ་ལ་གུས་ཤིང་།།དུས་གསུམ་བླ་མ་མཆོད་བྱེད་པ།། ཡོན་ཏན་དང་ལྡན་སློབ་མ་ཡིན།། ཞེས་དང།། མན་ངག་གསང་བ་ལས། དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད།། ཅེས་སོ།།
སྙིགས་མའི་དུས་འདིར་གསང་སྔགས་འཆོལ་ཉོག་ཏུ་མི་འགྲོ་བའི་ཆེད། གསང་སྔགས་སྟོན་པའི་རྡོ་རྗེ་སློབ་དཔོན་དང་། དམ་ཚིག་ཅན་གྱི་སློབ་མ་གཉིས་ཀར་མཚན་ཉིད་གང་དང་གང་ཚང་དགོས་པ་དད་ལྡན་རྣམས་ཀྱིས་ཤེས་དགོས་པ་དེ་ཧ་ཅང་གལ་ཆེར་མཐོང་ནས། ཨ་རིར་རྟེན་གཞི་བྱས་པའི་དཔལ་ཨཽ་ཌི་ཡཱ་ནའི་ཆོས་པར་ཁང་གིས་བསྐྲུན་པ། སློབ་དཔོན་པདྨས་མཛད་པའི་གསང་སྔགས་ནང་གི་ལམ་རིམ་གྱི་རྒྱ་ཆེར་འགྲེལ་པ་དགེ་རྩེ་མ་ཧཱ་པཎྚིཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་གསང་སྔགས་ལམ་གྱི་རིམ་པ་རྒྱ་ཆེར་འགྲེལ་སངས་རྒྱས་གཉིས་པའི་དགོངས་རྒྱན་ཤོག་ངོས་༡༧༧ ནས་༡༨༨ རུ་གསལ་བ་འདིར་བཏུས་འགོད་ཞུས་པ་ཡིན།