February 2020

དྷཱིཿ མཐོ་རིས་ཡོན་ཏན་བདུན་ལྡན་སྲིད་ཀྱི་གཡང་།། འཕགས་པའི་ནོར་བདུན་ལྡན་པ་ཆོས་ཀྱི་གཡང་།། ཁ་སྦྱོར་ཡན་ལག་བདུན་ལྡན་འབྲས་བུའི་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། བསླབ་གསུམ་ལྡན་པ་རི་ཁྲོད་པ་ཡི་གཡང་།། བཤད་སྒྲུབ་ལས་གསུམ་དར་བ་དགོན་སྡེའི་གཡང་།། བཙན་ཕྱུག་འཕན་གསུམ་དར་བ་ཡུལ་གྲོང་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། མཁས་བཙུན་བཟང་གསུམ་གྲུབ་བརྙེས་བླ་མའི་གཡང་།། ཤེས་བརྩོན་དག་སྣང་ཆེ་བ་སློབ་མའི་གཡང་།། དད་གཏོང་འབྱོར་བ་རྒྱས་པ་སྦྱིན་བདག་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། དཔྱད་གསུམ་རྣམ་པར་དག་པ་ལུང་གི་གཡང་།། དགག་སྤོང་སྒྲུབ་པ་སྐྱོན་བྲལ་རིགས་པའི་གཡང་།། ཟབ་རྒྱས་བདེ་བླག་འདོམས་པ་མན་ངག་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། ཉེས་སྤྱོད་རྒྱང་དུ་བསྐྲད་པ་སོ་ཐར་གཡང་།། འགྲོ་ལ་བདག་བས་བརྩེ་བ་བྱང་སེམས་གཡང་།། སྣང་སྲིད་དག་མཉམ་ཤར་བ་གསང་སྔགས་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། བསྙེན་སྒྲུབ་ལས་གསུམ་མཐར་འཁྱོལ་བསྐྱེད་རིམ་གཡང་།། བདེ་གསལ་མི་རྟོག་ཉམས་འཕེལ་རྫོགས་རིམ་གཡང་།། སྣང་བཞིའི་རྟགས་ཚད་སྨིན་པ་རྫོགས་ཆེན་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། ཁོང་ཡངས་བློ་གསལ་འཁོར་བརྩེ་གཙོ་བོའི་གཡང་།། དགེ་བཅུའི་ཁྲིམས་ལ་གནས་པ་མངའ་འབངས་གཡང་།། ཉམས་དགའ་འབྲས་སྨིན་འཚེ་བྲལ་ཡུལ་གྱི་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། ནད་མུག་འཁྲུག་རྩོད་ཞི་བ་དུས་ཀྱི་གཡང་།། བཙའ་སད་སེར་གསུམ་བྲལ་བ་ཞིང་གི་གཡང་།། དགྲ་ཀུན་གཅན་གཟན་ནད་མེད་ཕྱུགས་ཀྱི་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། རྟ་ཟོག་ར་ལུག་འཕེལ་བ་སྒོ་ཡི་གཡང་།། ཟས་ནོར་རིན་ཆེན་དཔངས་མཐོ་བང་མཛོད་གཡང་།། ཕ་མ་བུ་ཚ་གཡོག་མང་ཁྱིམ་གྱི་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། ཡང་འཇམ་མདོག་བཟང་བདེ་སྐྱིད་གོས་ཀྱི་གཡང་།། རོ་བཅུད་མཆོག་ལྡན་ཡིད་འོང་ཟས་ཀྱི་གཡང་།། ཀུན་སྨོན་རིན་ཆེན་འདོད་སྟེར་རྒྱན་གྱི་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། ནད་མེད་དབྱིབས་ལེགས་མདོག་མཛེས་ལང་ཚོའི་གཡང་།། སྟོབས་ཆེ་རྩལ་བདེ་ངལ་མེད་སྒྱུ་རྩལ་གཡང་།། སྨྲ་མཁས་ངག་སྙན་དཔའ་མཛངས་ངག་ཡིད་གཡང་།། དེ་གསུམ་མཉམ་དུ་འཛོམས་པའི་གཡང་ཁུག་ཅིག། མདོར་ན་བརྟན་གཡོ་སྲིད་ཞིའི་ཕྱྭ་གཡང་ཀུན།། ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་རྣམ་དག་མཐུས།། འདིར་ཁུག་འདིར་འདུས་འཕེལ་རྒྱས་ནུབ་མེད་པར།། བཀྲ་ཤིས་དགེ་མཚན་སྣང་བས་ཁྱབ་གྱུར་ཅིག། ཅེས་བརྗོད་པས་ཕྱྭ་གཡང་ཁུགས་པའི་དགེ་མཚན་མངོན་དུ་འགྱུར་ངེས་སོ། ཞེས་ངག་དབང་བློ་གྲོས་མཚུངས་མེད་པའི་ཡིད་ངོར་ཤར་བ་ཡི་གེར་སྤེལ་བ་དགེའོ།། །།

Leave a Reply

Your email address will not be published. Required fields are marked *