December 2019

༼ཁྱི་དང་མིའི་བསྟན་བཅོས།༽
/གཅན་རང་སད།
ཁྱི་ལ་ཁ་ཟས་སྦྱིན་པས་ཀྱང་།།
དྲུང་དུ་བཅར་ནས་གཉེན་དུ་འཛིན།།
མི་ལ་ཚེ་གང་ཕན་བཏགས་ཀྱང་།།
ནམ་ཞིག་བཀྱེད་ནས་དགྲ་རུ་ལྟ།།

ཁྱི་ཡིས་རང་གི་བདག་པོ་ལ།།
གློ་བ་མི་རིང་ཞབས་ཞུ་སྒྲུབ།།
མི་ཡིས་རང་གི་ཕ་མར་ཡང་།།
བཀུར་བསྟི་མི་བྱེད་སྒོ་རུ་འདོན།།

ཁྱི་ལ་རེ་ཞིག་འདྲིས་པས་ཀྱང་།།
ནམ་ཡང་མི་བརྗེད་གདོང་རིས་ཟིན།།
མི་ལ་ཡུན་རིང་འགྲོགས་ན་ཡང་།།
ཕྱུག་པོ་ཆགས་ཚེ་ངོ་མི་ཤེས།།

ཁྱི་ཡིས་མི་སྐད་མི་གོ་ཡང་།།
འགྲོགས་ཚེ་གློ་སྙིང་བྲང་གསུམ་གཏོད།།
མི་ནི་རང་སྐད་སྨྲ་མོད་ཀྱང་།།
འགྲོགས་ཀྱིན་སོ་སོའི་སྐྱོན་ལ་རྟོག།

ཁྱི་ཡིས་ཕན་བཏགས་ཆུང་ངུས་ཀྱང་།།
བྱས་པ་ཤེས་ཤིང་དྲིན་དུ་གཟོ།།
མི་ནི་ཚེ་གང་བསྐྱངས་ན་ཡང་།།
མཐའ་མར་དགྲ་རུ་གྱུར་བ་མང་།།

ཁྱི་ཡིས་གྲོད་ཁོག་འགྲངས་གྱུར་ན།།
དངུལ་ལོར་ཕྱགས་དར་ཕུང་བོར་ལྟ།།
མི་ལུས་གསེར་གྱིས་གཡོགས་གྱུར་ཀྱང་།།
ཧམ་པའི་མེ་ལྕེ་སྔར་ལས་ཚ།།

ཁྱི་ལ་ཁ་ཟས་ཐོབ་གྱུར་ན།།
གཞན་གྱི་སྲོག་ལ་གནོད་མི་བྱེད།།
མི་ནི་རང་དོན་གྱི་ནའི་སླད།།
གཞན་གནོད་འཁོར་ལོ་བསྐོར་ལ་ལྟོས།།

ཁྱི་ནི་ཕན་ཚུན་འཕྲད་གྱུར་ན།།
རྔ་གཡུག་སྐེ་བསྣོལ་དུངས་དུངས་བྱེད།།
མི་རྣམས་རང་འདྲར་འཕྲད་པའི་ཚེ།།
ཕྲག་དོག་མིག་ཟུར་ཡོན་པོར་ལྟ།།

ཁྱི་ལུས་དར་གྱིས་བཏུམས་གྱུར་ཀྱང་།།
དམའ་བའི་ས་ན་སྔར་ལྟར་འགྲོ།།
མི་ངན་དཔོན་དུ་བསྐོས་གྱུར་ན།།
མགོ་བོ་བར་སྣང་ཁམས་ལ་འདེགས།།

ཁྱི་ལ་གཅར་རྡུང་མ་བྱས་ན།།
སྡིགས་དམོད་ཙམ་ལ་ཅི་མི་སྙམ།།
མི་ལ་ཁ་ཡག་མ་བཤད་ན།།
རྣམ་འགྱུར་སྲང་མདའ་ལྟར་དུ་སྟོན།།

ཁྱི་ནི་གལ་ལ་ཐུག་ན་ཡང་།།
རང་གི་བདག་པོར་རྨུགས་པ་མིན།།
མི་ནི་རྒྱུ་ཡིས་བྲིད་པའི་ཚེ།།
རང་གི་བླ་མ་ཡིན་ཡང་འཚོང་།།

ཁྱི་ཡིས་འགན་འཁྲི་དང་བླངས་ནས།།
ཉིན་མཚན་ཀུན་ཏུ་རང་ཁྱིམ་སྲུང་།།
མི་ནི་རྙེད་དང་བཀུར་བསྟིའི་སླད།།
ཤ་ཉེ་ཕུ་ནུ་ཡིན་ཡང་གསོད།།

ཁྱི་ནི་ཚེ་གང་བཏགས་ན་ཡང་།།
རང་གི་ཆགས་པར་བཟོད་བསྲན་བྱེད།།
མི་ལ་བཟའ་ཟླ་བསྐོས་ཡོད་ཀྱང་།།
བག་མེད་བྱི་བོ་བྱེད་ལ་ལྟོས།།

ཁྱི་ནི་ཐལ་སྤུངས་འགྲམ་གནས་ཀྱང་།།
རང་གི་བདག་པོར་གློ་བ་ཉེ།།
མི་ནི་ཟུངས་ཁྲག་གིས་བསྐྱངས་ཀྱང་།།
དྲིན་ལན་ལོག་འཇལ་ག་ཙམ་བྱེད།།

ཁྱི་ལ་གདན་ཐོབ་དམའ་ན་ཡང་།།
འཁང་གཏམ་ལེ་བདའ་གཞར་ཡང་མེད།།
མི་རྣམས་གོ་གནས་ཕྲན་བུའི་ཆེད།།
ས་ལྡིང་གནམ་ལྡིང་ཅི་ཙམ་བྱེད།།

ཁྱི་ཡིས་ཟུག་སྐད་འབྱིན་པ་ནི།།
ཕལ་ཆེར་གྲགས་འགུལ་ཚོར་བས་ཡིན།།
མི་ཡི་ཁྲོད་ན་དོོན་མེད་དུ།།
ཀུ་ཅོ་འདོན་མཁན་ག་ཙམ་ཡོད།།

ཁྱི་ཞེས་སྨད་པའི་དཔེར་འཛིན་ཀྱང་།།
དེང་སང་ཁྱི་གོང་གནམ་ན་ཡོད།།
མི་ཆེན་དག་གི་ཁྲོད་ན་ཡང་།།
ཁྱི་ལ་མི་དོ་ཉུང་ཉུང་མིན།།

ཁྱི་ཡིས་དགྲ་བོ་མཐོང་བ་ན།།
ཐེ་ཚོམ་མེད་པར་འཇབ་རྒོལ་རྩོམ།།
མི་ཡིས་ཕ་གསོད་ལག་དམར་ལའང་།།
ཕན་བདེའི་སླད་དུ་བསྟི་སྟང་བྱེད།།

ཁྱི་ཡིས་གཉུག་མའི་མཛའ་བོ་ལས།།
ཀུན་ལ་དགའ་མདོག་སྟོན་པ་མིན།།
མི་རྣམས་གྲོགས་རྙིང་ཡལ་བོར་ནས།།
གསར་ཞེན་གཡམ་རྒྱུགས་ཆེ་ལ་ལྟོས།།

ཁྱི་ཡིས་རྫི་རླུང་ལ་ཉན་ནས།།
དགྲ་དང་གཉེན་གྱི་དབྱེ་བ་ཤེས།།
མི་ནི་ཁ་གཏད་ལ་གནས་ཀྱང་།།
དགྲ་གྲོགས་རྣམ་གཞག་འཆོལ་བ་མང་།།

ཁྱི་ཡིས་དྲང་པོའི་རྣམ་རིག་གིས།།
ཉེས་ཅན་དུག་རྫས་ཟང་མར་སྟོན།།
མི་ཡིས་འཁྱོག་པའི་བློ་སྣ་ཡིས།།
ནག་ཚོང་ཐབས་ལམ་ཅི་རིགས་འཚོལ།།

ཁྱི་རྒན་ཤི་བའི་ཡ་སོར་ཡང་།།
དག་སྣང་ཡོད་ན་གསེར་འོད་འཚེར།།
མི་ལུས་རིན་ཆེན་གྲགས་ཆེ་ཡང་།།
སྙིང་བོ་མ་ལོན་ཐལ་གོང་ཉིད།།

ཁྱི་ཡི་རྣམ་པར་སྤྲུལ་བ་ཡི།།
བྱང་ཆུབ་སེམས་དཔའ་རེས་འགར་འབྱུང་།།
མི་ཡི་ཤ་ཚུགས་ལ་གནས་པའི།།
དུད་འགྲོའི་བློ་ཅན་བགྲང་ལས་འདས།།

ཁྱི་སྨྱོན་རང་རྐན་ཕུག་པའི་ཁྲག།
རུས་པའི་བཅུད་དུ་སྒོམ་ནས་གཞིབ།།
མི་ཡིས་གཞན་གྱི་ཤ་གསར་བ།།
ཟས་ཀྱི་མཆོག་ཏུ་རློམ་ནས་ཟ།།

ཁྱི་ཡིས་སྐབས་འགར་མི་མོ་ལ།།
སྤྱོད་ཀྱང་ཅི་ཁག་དུད་འགྲོ་ཉིད།།
མི་ཡི་ནང་ན་ཤེས་བཞིན་དུ།།
འདོད་ལོག་སྤྱོད་པ་གྲངས་མི་ཟིན།།

ཁྱི་དང་བྱི་ལ་འཛིང་བ་ནི།།
རྒྱུ་འབྲས་མིན་པའི་ཐོབ་ཐང་རྩོད།།
མི་ཡིས་རྩྭ་ཆུའི་བདག་འཛིན་སླད།།
རིགས་མཐུན་ཅི་ཙམ་ཁྲག་ལ་བསྒྲེས།།

ཁྱི་ཡིས་རང་ཤོང་སྤྱིལ་བུ་རུ།།
གཞན་དག་ཡན་པོར་གཏོང་བ་མིན།།
མི་ཡིས་བཅོས་མའི་འཛུམ་དཀར་གྱིས།།
ཕ་རོལ་འགུགས་པའི་སྦྱོར་བ་རྩོམ།།

ཁྱི་ཡིས་རང་གི་ཁ་ཟས་ཆེད།།
སྤྱང་མོ་ཡིན་ཀྱང་དམར་འཛིང་བྱེད།།
མི་ནང་ཅ་ནེ་འཕྲོག་ན་ཡང་།།
གཉའ་སྒུར་ཞུམ་ཞུམ་བྱེད་མཁན་མང་།།

ཁྱི་ཡིས་བཟའ་བཏུང་རྩོལ་བས་སྒྲུབ།།
མི་ཡིས་ཁེ་ཕན་གཡོ་ཡིས་གཉེར།།
མི་རྣམས་ཁྱི་ལས་ལྷག་པ་ཡི།།
རྒྱུ་མཚན་ཆེན་པོ་ངས་མ་མཐོང་།།

ཁྱི་དང་མི་ཡི་བསྟན་བཅོས་འདི།།
ཁྱི་ལས་མི་ལ་མཁོ་གལ་ཆེ།།
ཁྱི་ར་མགོན་པོ་རྡོ་རྗེ་ཡི།།
ཁྱི་མོ་བཞིན་དུ་དུལ་བར་ཤོག།

༢༠༡༣ :༡༢:༨ ཉིན།ཁྲིན་ཏུའུ།

Leave a Reply

Your email address will not be published. Required fields are marked *